ཀྲུང་གོ་བོད་ཀྱི་དྲ་བ།

སྐས་ཐར་གནས་མཆོག་རྡོ་རྗེ་རྫོང་ཆེན་གྱི་གནས་ཡིག་ཉུང་བསྡུས་བཞུགས་སོ།།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གདོང་རིགས།   སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

དེ་ཡང་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཟལ་མོ་སྒང་གི་ས་ཡི་ཐིག་ལེ །དཔལ་ཡུལ་རྫོང་འཆི་མེད་མཚོ་འཁྲུངས་རྒྱལ་པོས་བྱིན་གྱིས་བརླབས་མྱོང་བའི་འབའ་རོང་ཡུལ་ཤོག་སྐས་ཐར་སྡེ་བའི་ཁོངས་སུ་གཏོགས་པའི་གནས་མཆོག་རྫོང་ཆེན་ནི། ཕྱི་ཡི་བཀོད་པ་ནི་རང་བྱུང་གི་བྲག་རི་བརྗིད་ཅིང་དཔང་མཐོ་བ།དབྱིབས་མི་འདྲ་བ་དུ་མ་དང་། མདོག་དཀར་པོ་དང་ནག་པོ་དམར་པོ་སོགས་ལས་གྲུབ་པ། བྲག་ཕུག་ཆེ་ཆུང་སྣ་ཚོགས་པས་གང་བ། ཐང་ཤིང་གི་ཚང་ཚིང་འཁྲིགས་པ། ཤུག་པ་དང་བ་ལུ་སོགས་སྤོས་རིགས་སྣ་ཚོགས་ལས་དྲི་ཞིམ་འཐུལ་བ་དང་།སྟག་མའི་མེ་ཏོག་དང་བ་ལུའི་མེ་ཏོག་མཛེས་ཤིང་ཡིད་དུ་འོང་བ་བཞད་པ།ལྕང་མ་དང་ལྕུག་མའི་ཕུང་པོ་གཡོ་བ།འཁྱུག་ལྡེམ་ཅན་གྱི་འཁྲི་ཤིང་དང་།སྦལ་པ་ཉ་སྲིན་སོགས་ཀྱིས་མཛེས་པའི་གར་ངོམ་པ།སྐྱེ་འགྲོའི་ནད་སེལ་བའི་སྨན་རིགས་ལྡུམ་བུ་དུ་མ་དང་།ཐང་དཀར་རྒོད་པོ་སོགས་བྱ་རིགས་མི་འདྲ་བས་ལྡིང་བསྐོར་བྱེད་པ།བྱེའུ་འཇོལ་མོ་སོགས་ཀྱིས་སྙན་པའི་གྲེ་འགྱུར་ངོམ་པ།རི་དྭགས་ཤ་བ་དང་རྣ་བ།གླ་བ་སོགས་བག་ཡངས་སུ་རྒྱུ་ཞིང་འཚེ་མེད་དུ་རྩྭ་ཆུ་ལ་རོལ་བ།གཅན་གཟན་སྟག་གཟིགས་དོམ་དྲེད་སོགས་དང་།འཕར་སྤྱང་ཝ་མོ་སོགས་དལ་བུར་རྒྱུ་བ། ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་ལྷུང་ལྷུང་འབབ་པ།བསིལ་ཞིང་དྲི་ངད་ལྡང་བའི་རླུང་གཡུག་བ་དང་།མཁའ་དབུགས་གཙང་ཞིང་དྭངས་པ།གནས་ན་འདུ་འཛི་མེད་པས་བག་ཕེབས་པར་ཅི་བདེར་གནས་ཆོག་པས་རྣམ་རྟོག་ཉུང་བ།འཁོར་བ་ལ་སྙིང་བོ་མེད་པ་ཤེས་པའི་བློ་ངང་གིས་སྐྱེས་བ།ཞི་གནས་དང་ཏིང་ངེ་འཛིན་རང་བཞིན་གྱིས་འཁྲུངས་པ།གྲོགས་བྱ་བྱེའུ་རི་དྭགས་སོགས་ཀྱིས་རྣམ་གཡེང་གི་ཆགས་སྡང་མི་བསྐྱེད་པར་དགེ་སྦྱོར་ངང་གིས་འཕེལ་བའི་གནས་ཡིན་ནོ།།

རྫོང་ཆེན་ནོར་བུ་གཟི་འབར་ཕྱི་ནང་གསང་གསོལ་དངོས་གྲུབ་འདོད་འཇོ་ལས། བཀོད་པ་ཁྱད་འཕགས་གནས་ཆེན་པོ་དང་། ཞེས་པ་ལྟར་རོ།།

༢.jpg

ནང་གི་བཀོད་པ་ནི།

རྩ་གསུམ་བྱིན་རླབས་འདུ་བའི་རྫོང་། ཞེས་པ་དང་།

ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེས།

སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་དང་།།

ཁྱད་པར་སློབ་དཔོན་བེེ་རོ་ཙ་ན་ཡིས།།

ཇི་ལྟར་བཀའ་བསྒོས་གཉེར་བྱང་གཏད་པ་བཞིན།

ཐ་ཚིག་གཉེན་པོ་ཡོངས་སུ་དྲན་པར་མཛད།།ཅེས་པ་དང་།

ཀུན་བཟང་བསྟན་འཛིན་གྱིས།

ཀྱཻ།སངས་རྒྱས་ཀུན་དངོས་པདྨ་མ་ཐོད་ཕྲེང་གི།།

སྤྱན་སྔར་ཁས་བླང་རྡོ་རྗེའི་ཐ་ཚིག་ཅན།།

སྲིད་པའི་ལྷ་རབ་དགེ་བསྙེན་ཡོངས་ཀྱི་རྗེ།།

དཔའ་བོ་དགྲ་བླ་ནོར་བུ་གཟི་འབར་རྩལ།།

བཙུན་མོ་བཀའ་བློན་དྲེགས་པ་དམག་སྡེར་བཅས།།ཞེས་གསུངས་པ་ལྟར། སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བའི་གནས་ཁྱད་པར་ཅན་ཡིན་ཏེ། དྲི་མེད་ཨ་བན་རིན་པོ་ཆེས་རྟེན་འབྲེལ་ཉེན་སེལ་གྱི་བསྒྲུབ་པ་ཞིག་བཙུགས་ནས་གདུལ་བྱ་གང་མང་ཞིག་ལ་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཆོས་ཀྱི་འཁོར་ལོ་གང་མང་བསྐོར་ནས་བསྟན་འགྲོའི་དོན་མཛད་པའི་ལོ་རྒྱུས་མང་དུ་འདུག ད་ལྟ་ཡང་སྒྲུབ་ཁང་དང་སྒྲུབ་ཕུག་རྙིང་ཤུལ་མང་པོ་ཡོད་ཅིང་གནས་འདབས་ན་བེེ་རོའི་གཞུགས་གནས་དང་གླིང་རྗེ་གེ་སར་གྱི་ཆིབས་པའི་ཞབས་རྗེས་དང་རང་བྱོན་གྲངས་ལས་འདས་པ་བཞུགས།

༣.jpg

མགོ་ལིའི་རིག་འཛིན་དབང་ཕྱུག་སྐུ་ཚེ་གང་བོར་གནས་རི་རྫོང་ཆེན་ནང་དུ་བསྒྲུབ་པ་ཉམས་ལེན་ལ་གཞོལ་ནས་མཐར་རྫོང་ཆེན་དུ་སྐུ་ཞི་བར་གཤེགས། སྐུ་ཡི་བོངས་ཚོད་ཆེན་པོ་ཞིག་ཡིན་ཡང་སྐུ་གཤེགས་རྗེས་སྐུ་ལུས་ཧ་ཅང་ཆུང་བར་གྱུར་ཅིང་ཁྲི་གང་ལས་མ་ལྷག་པར་གསུངས་ཤིང་དགོང་ཞགས་བཞི་བཅུ་ཞེ་དགུའི་དབར་སྐུ་ལུས་རྗེན་པར་བཞག་ཀྱང་དྲི་བཟང་གིས་ཁྱབ་པ་སོགས་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་ངོ་།།

༤.jpg

དྲུང་ཡིག་ཨ་ཐར་སྤྲུལ་སྐུ་ཡང་གནས་དེར་བཞུགས།

ཁོང་གིས་བསྒྲུབ་པ་ཉམས་ལེན་དང་སྐུ་ཚེ་ལ་རྫོགས་ཚིག་འབྲི་ས་ནི་གནས་མཆོག་རྫོང་ཆེན་ཡིན་ཅིང་ཁོང་ནི་ཡུལ་དེར་ན་སྐྱེས་བུ་མཆོག་གྱུར་ཅིག་ཡིན་པར་གྲགས། ད་ལྟའི་དུས་འདིར་སྐྱེས་བུ་དེ་རིགས་ལ་ཕྱིར་བལྟས་རེ་བྱེད་དུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་ཀྱི་སྤྲུལ་པ་ཡིན་པའི་ངེས་ཤེས་མཆོག་ཏུ་འདྲོངས་བའོ།།

 དེ་བཞིན་བླ་མ་བསམ་མགོན་དང་ཚེ་དབང་སོགས་སྐྱེས་ཆེན་གསེར་རི་འདྲ་བ་དག་གིས་སྒྲུབ་པ་ཉམས་ལེན་བྱེད་སའི་གནས་ཁྱད་པར་ཅན་དུ་གྱུར། དེ་ཚོ་ཡིས་སྐར་ཆ་གཅིག་ལ་ཡང་རྣམ་གཡེང་མེད་པར་མི་རྟག་པར་བསྒོམས་ནས་བཞུགས་རབས་སོགས་ཀྱི་ལོ་རྒྱུས་ངོ་མཚར་བ་ཡོད་པར་གྲགས་ཏེ། ཇ་ཚ་མོ་ཕོར་གང་གྲང་བའི་ཡུན་ལ་མི་རྟག་པ་སོགས་ལ་མཉམ་པར་བཞུགས་པས་སོ།།དེ་མཚུངས་སུ་ཡ་རུང་རིག་འཛིན་གྱིས་གནས་དེར་བསྒྲུབ་པ་དང་ཉམས་ལེན་ལ་བརྩོན་ཚུལ་སོགས་ཀྱི་ལོ་རྒྱུས་ཧ་ཅང་མང་པོ་ཡོད།

༥.jpg

ཕྱིས་སུ་བླ་མ་ཨ་ཁྱུག་རིན་པོ་ཆེ་སྐུ་དངོས་སུ་བྱོན་ནས་བཀའ་བརྒྱུད་ཀྱི་གནས་ཡིན་གསུངས་ཤིང་གནས་སྒོ་ཕྱེས་པས་རྟ་མགྲིན་དང་རྡོ་རྗེ་ཕག་མོ་ཚེ་དཔག་མེད་དུང་དཀར་འབྲུ་གསུམ་ཕྱག་རྗེས་ཞབས་རྗེས་སོགས་རང་བྱོན་ངོ་མཚར་བ་དུ་མ་བྱུང་། ཕྱིས་རབ་རྒྱན་མེ་ཁྱིའི་ལོ་སླར་ཡང་གནས་སྒོ་འབྱེད་དགོས་གསུངས་པ་ལྟར་བསང་དང་རི་འཁྲུས་སོགས་མཛད་པས་ནམ་མཁའ་ལ་འཇའ་ཤར་ཞིང་གླིང་བུ་དང་དྲིལ་བུའི་སྒྲ་གྲགས་པ་སོགས་བྱུང་། གནས་ངོས་སུ་༧རྒྱལ་དབང་རིན་པོ་ཆེ་དང་། བླ་མ་ཨ་ཁྱུག སེ་ར་ཡང་སྤྲུལ། དཔལ་ལྡན་ལྷ་མོ། དུང་དཀར། འབྲུ་གསུམ་ཞབས་ཕྱག་གི་རྗེས་སོགས་རང་བྱོན་མང་པོ་གསར་དུ་དོད་དོ། །

༦.jpg

གསང་བ་ལྟར་ན།

མཁན་པོ་སྐལ་བཟང་ཕུན་ཚོགས་ཀྱིས་མཛད་པའི་རྫོང་ཆེན་གྱི་གནས་ཡིག་བྲག་ཕུག་རྒན་པོའི་འཆལ་གཏམ་གར་ཤར་མ་ལས་གསུངས་པ་ལྟར་ན།གསང་བ་གནས་རང་སྣང་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ། རྒྱ་གར་ཡང་མ་ཆད་ཕྱོགས་གང་དུའང་མ་ལྷུང་བའི་གནས། ཞེས་པ་དང་།ཀུན་བཟང་བསྟན་འཛིན་གྱིས། ཕྱི་ལྟར་རྔ་རབ་འཇིགས་རྔ་ཡབ་རྡོ་རྗེའི་རྫོང་།། ནང་ལྟར་ཟངས་མདོག་དཔལ་རི་པདྨ་འོད།། གསང་བ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ།། ཞེས་གསུངས་ལྟར་རོ།།

༧.jpg

གནས་སྐོར་གྱི་ཕན་ཡོན་ནི།

འབྲུག་ལོ་ནམ་ཤར་ལ་གནས་བབ་པ་ཡིན་ཏེ། གནས་གསུམ་གྱི་དཔའ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྲིན་བཞིན་དུ་གནས་འདིར་འདུས་ཤིང་།སྒྲུབ་པ་པོའི་རྒྱུད་བྱིན་གྱིས་རླབས་ཤིང་ཉམས་རྟགས་ཀྱི་ཡོན་ཏན་རྒྱས་པ་དང་།རིག་འཛིན་གྱི་གྲལ་དུ་སྐྱེ་བ།གནས་འབྲེལ་བཞག་པས་ཕན་ཡོན་ཆེ་ཞིང་།གནས་ཤུག་བདུག་པས་མི་གཙང་བའི་གྲིབ་སེལ་བ་དང་།གནས་བསྐོར་བྱས་པས་ཕན་ཡོན་དཔག་ཏུ་མེད་པ་ཡིན་ཏེ།མཐའ་བསྐོར་བྱས་པས་སིདྷི་དུང་བཅུ་གསུམ་གྱི་ཕན་ཡོན་དང་།བར་བསྐོར་བྱས་པས་སིདྷི་དུང་བཅོ་བརྒྱད་ཀྱི་ཕན་ཡོན་ཡོད་པ་ཡིན་ནོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།