ཀྲུང་གོ་བོད་ཀྱི་དྲ་བ།

སེ་ར་ཐེག་ཆེན་གླིང་ལ་ཕྱིན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཏེར་ལུང་དཔལ་ལྡན།   སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབུས་ལྷ་ལྡན་དུ་འབྱོར་བའི་ཉིན་གཉིས་པ་སྟེ2010ལོའི་ཧོར་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཞོགས་པར་ཇོ་མཇལ་བྱས་ཚར་རྗེས། སེ་ར་བབས་པ་ལྟ་བུའི་སེ་རའི་ཕྱོགས་སུ་ང་དང་མ་སྤུན་རྟ་མགྲིན་སྐྱིད་གཉིས་ལྷན་དུ་བསྐྱོད།གངས་ཅན་གྱི་ལྗོངས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་ནི། མི་དབང་གཙུག་ན་མཛེས་པའི་ཏི་ཤྲི་གཉིས་ཀྱི་ནང་ཚན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ས་ཕག་ལོའི(1419)སྟོན་དུས་སུ།རྗེ་བདག་ཉིད་ཆེན་པོ་སེ་ར་ཆོས་སྡིངས་སུ་སྤྱན་དྲངས་ནས་བསྙེན་བཀུར་ཚད་མེད་པས་མཆོད་ཅིང་དེའི་ཚེ་བླ་མའི་ཞལ་བཀོད་ལྟར་ཕྱག་བཏབ། ཆོས་རྗེ་འདི་ཉིད་སྐུ་གཞོན་དུས་ནས་འཇམ་མགོན་བླ་མའི་ཞབས་ལ་གཏུགས་ནས་གསན་བསམ་རྒྱ་ཆེར་མཛད་པས་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། འཇམ་མགོན་བླ་མ་ཏཱ་མིང་ཡུང་ལོ་རྒྱལ་པོས་དབུ་བླར་ཐེངས་གཉིས་སུ་གདན་འདྲེན་ཞུས་ཀྱང་དགོས་པ་ལས་དགག་བྱ་ཆེ་བར་དགོངས་ནས་མ་ཕེབས་པར་སྐུ་ཚབ་ཏུ་ཆོས་རྗེ་འདི་ཉིད་མངགས། འདི་ཉིད་ཕེབས་ནས་མཆོད་ཡོན་གྱི་འབྲེལ་བ་བཞག་ཅིང་དབང་ལུང་གནང་ཞིང་གྲུབ་པའི་རྟགས་ངོ་མཚར་བ་མང་དུ་བསྟན་པས་རྒྱལ་བློན་རྣམས་དད་པའི་ས་ལ་བཀོད། རྒྱ་ནག་རི་བོ་རྩེ་ལྔར་དགོན་པ་ཆེ་ཆུང་དྲུག་བཏབ་པ་དང་། གོང་མའི་ལྡུམ་ར་དང་ཁད་ཉེ་སར་ཧྥ་ཡོན་ཟི(法源寺)ཟེར་བའི་དགོན་པ་བཏབ།

གོང་མ་ཡུང་ལོ་མཆོག་ནས་ཐམས་ཅད་མཁྱེན་པ་བློ་གྲོས་ཆེན་པོ། ཀུན་གྱི་སྐྱོབ་པ་བྱམས་པ་ཆེན་པོ། ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བར་སྦྱོར་བ། ཀུན་གྱི་གཙུག་ཏུ་དབང་བསྐུར་བ། ནུབ་ཕྱོགས་ཀྱི་རྒྱལ་བའི་སྲས་པོ། སྐྱིད་པའི་རྒྱལ་སྲིད་མི་འགྱུར་བརྟན་པའི་བླ་མ་ཆེན་པོ། ཏཱ་ཀོའུ་ཤྲི་བྱམས་ཆེན་ཆོས་རྗེ་ཞེས་མཚན་བསྟོད་དང་སྦྲགས་དབུ་ཞྭ་ནག་པོའི་འཇའ་ས་སོགས་ཕུལ་ནས་མཁས་དགུའི་གཙུག་རྒྱན་དུ་མངའ་གསོལ། གོང་མས་ཕུལ་བའི་ཚིག་འདི་དག་བདག་གི་དགེ་རྒན་བདེ་གཤེགས་ཚང་རྗེ་བཙུན་འཇམ་དབྱངས་འཕྲིན་ལས་ཀྱི་ཞལ་ནས་ཡང་ཡང་ཐོས་པ་ད་ལྟ་ད་དུང་རྣ་ལམ་དུ་ལྷང་ལྷང་གྲགས་འོངས། ཆོས་སྲིད་གཉིས་ཀྱི་འབྲེལ་བའི་ཐོག་ལ་མཛད་རྗེས་བླ་མེད་བཞག་སྟེ་དགུང་ལོ་གྱ་གཉིས་པ་ལ་པེ་ཅིན་ནས་བོད་ལ་ཕེབས་པའི་ལམ་བར་ཏེ་སྤྱི་ལོ1435ལོར་མཛོ་མོ་མཁར་དུ་སྐུ་གཤེགས། རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་འབྲས་དང་།། ཤིང་རྟ་ཆེ་གཉིས་བཞེད་པའི་གཞུང་ལུགས་ལ།། ཐོས་བསམ་ཡང་རྩེར་སོན་པའི་ཆོས་ཀྱི་གྲྭ།། སེ་ར་ཐེག་ཆེན་གླིང་ཞེས་གྲགས་པ་དཀར། ཞེས་པ་ལྟར་དགོན་པ་འདིར་འཆད་ཉན་འཕེལ་ནས་དགེ་འདུན་འདུ་ཆེ་བའི་དུས་སུ་ལྔ་སྟོང་ལྔ་བརྒྱ་ཟེར་ཡང་ལོ་རྒྱུས་རྒྱུ་ཆ་ཁག་ལ་གཞིགས་ན་དེ་ལས་བརྒལ་ཡོད་པ་ཚོད་དཔག་བྱེད་ཐུབ། མཆོད་མཇལ་ཉིན་གུང་ལ་ཁེལ་བས་ཆོས་རར་རིགས་པ་སྨྲ་བ་མང་པོས་སྔ་རྒོལ་ཕྱི་རྒོལ་གྱིས་ཅི་ཞིག་གཏན་ལ་མ་ཕབ་པ་ལྟ་བུས་གནམ་ས་ཡང་འགས་སྙམ་གྱིས་ལུང་རིགས་ཀྱི་ཐོག་མདའ་འཕེན་གྱིན་མཆིས། སྤྱིར་བཏང་རང་ཉིད་ཀྱིས་ཆོས་རར་སྨོན་པ་ཞིག་གཞན་གང་ལ་ཡང་སྨོན་པ་འཆོར་མ་མྱོང་བའི་ཚོར་སྣང་དེས་ཡང་བསྐྱར་ལུས་སེམས་གཉིས་ཀ་རིག་པའི་དབྱིངས་སུ་བཏེགས། སེ་ར་ལ་མ་ཤོང་བའི་སེ་རའི་མཁས་དབང་སྟག་སེང་འཐབ་པ་ལྟ་བུ་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཆོས་ར་འདི་ནས་འོང་བར་བསམ་ན་ལྷག་ཏུ་ཆོས་ར་འདི་དང་འབྲལ་མི་ཕོད་པ་ལྟ་བུར་སྣང་། ཐོག་མར་གྲྭ་ཚང་བཞི་བཙུགས་ནས་འཆད་ཉན་སྤེལ་བ་ཡིན་འདུག་ལ། ཕྱིས་སུ་རྒྱ་གྲྭ་ཚང་དང་འབྲོམ་གྲྭ་ཚང་གཉིས་སྟོད་སྨད་གཉིས་སུ་འདྲིལ། སྔགས་པ་གྲྭ་ཚང་ནི་དུས་ཕྱིས་རྒྱལ་པོ་ལྷ་བཟང་གི་སྐབས་སུ་བྱུང་བ་ཞིག་སྟེ། 1705ལོར་ལྷ་བཟང་གིས་སྡེ་སྲིད་བཀྲོངས་པའི་སྡིག་བཤགས་སུ་ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བརྒྱད་ཅན། སྔགས་པ་གྲྭ་ཚང་ཚོགས་ཆེན་འདུ་ཁང་རྙིང་པའི་ནང་དུ་བཙུགས་པ་སོགས་ཕུར་ལྕོག་ངག་དབང་བྱམས་པའི་གསུང་ལས་འབྱུང་ངོ་།། སྡིག་བཤགས་སུ་བཞེངས་པའི་བཤད་སྒྲོས་ནི་ཕུར་ལྕོག་པའི་གསུང་མ་ཡིན་ནོ།། འདི་ནི་ལྷ་བཟང་ཁང་གི་སྐུ་རིམ་གྲྭ་ཚང་ཡིན་པར་བཤད།

གནས་བརྟན་ལྷ་ཁང་དུ་རྟེན་གཙོ་ཐུབ་དབང་གཙོ་འཁོར་གསུམ་བཞུགས། གནས་བཅུ་ལྷ་ཁང་དུ་ཐུབ་པ་བདུད་འདུལ་གཙོ་བོར་བྱས་པའི་འཕགས་པ་གནས་བརྟན་བཅུ་དྲུག དགེ་བསྙེན། ཧྭ་ཤང་རྒྱལ་ཆེན་བཞི་དང་བཅས་པ་འདི་ནི། བྱམས་ཆེན་ཆོས་རྗེས་རྒྱ་ནག་ཏཱ་མིང་གི་ཏི་ཤྲིར་ཕེབས་སྐབས་རྒྱ་ནག་ལས་གདན་དྲངས་པ་ཙན་དན་དཀར་པོ་ལས་བཞེངས་པའི་གནས་བརྟན་རྣམས་ནང་བཞུགས་སུ་མཛད་ནས་སྤྲུལ་སྐུ་སླེའུ་ཆུང་བས་བཞེངས་པ་ཡིན་ཚུལ་གསལ། དགེ་ལུགས་པའི་སྦྱིན་བདག་གཙོ་བོ་སྣེའུ་རྫོང་བ་ཡུལ་བཏོན་སྐབས། ཀརྨ་སྒར་བས་གསེར་གསོལ་ལ་སྙད་བཏགས་ནས། ནང་རྟེན་ཙན་དན་གྱི་སྐུ་རྣམས་བཏོན་ནས་འཁྱེར་རྩིས་ཀྱིས་ཐོག་མར་མ་ཕམ་པའི་ཐུགས་ཀར་གྲི་བཙུགས་པས་ངེད་རྣམས་འདིར་བཞག་ན་འགྲོ་དོན་ཆེ་ཞེས་གསུང་བྱོན་ཚུལ་སྣང་། མགོན་ཁང་དུ། ཞ་ལུ་ལྕོག་ཆུང་ལེགས་པ་རྒྱལ་མཚན་གྱི་ཕྱག་བཟོ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་ཡེ་ཤེས་པ་དངོས་སུ་བཞུགས་པ་རྔམ་བརྗིད་ཅན་དེ་ཉིད་གཙོས་ཆོས་སྲུང་དུ་མའི་སྐུ་བརྙན་བཞུགས། འདུ་ཁང་ཆེན་མོའི་ལྷ་ཁང་འཆི་མེད་དཔལ་སྟེར་དུ། དགེ་སློང་མ་དཔལ་མོའི་ཐུགས་དམ་གྱི་རྟེན་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་བརྙན། གསེར་ཟངས་ཀྱི་སྐུ་བརྙན་བྱོན་ལེགས་བྱིན་ཅན་མང་པོ། སྡེ་སྲིད་ཟངས་རི་བས་ཕུལ་བའི་བཀའ་འགྱུར་གསེར་ལས་བཞེངས་པ། བྱམས་ཆེན་ཞལ་རས་ལྷ་ཁང་དུ་དངུལ་སྲང་སྟོང་ཕྲག་གཅིག་གིས་གྲུབ་པའི་བྱམས་པའི་སྐུ་བརྙན། བྲག་རྒྱབ་ནས་གདན་དྲངས་པའི་ཚེ་དཔག་མེད་གསུང་འབྱོན། ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་ཐུབ་དབང་གི་ཞལ་ཐང་ངོ་མཚར་ཅན་སོགས་བཞུགས། བདག་གིས་སིལ་སྒོར་དག་སྐུ་མདུན་ལ་རེ་རེ་ཕུལ་ཞིང་ཨ་མྱེས་དྲིན་ཅན་པོའི་རུས་ཐོད་ཀྱང་རེག་ཙམ་རེག་ཙམ་བྱས་ཏེ་བྱིན་རླབས་ཞུས་ཏེ་ཕྱི་མ་ཆོས་ལྡན་གྱི་ཞིང་དུ་སྐྱེས་པའི་སྨོན་ལམ་བཏབ། འདུ་ཁང་སྦུག་དྲི་གཙང་ཁང་དུ། གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གྱི་སྐུ་ཐོག་ཚད་གཉིས་བརྒལ་བ་སོགས་རྟེན་སྣ་མང་པོ། གཙང་ཁང་ནུབ་མར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་གདུང་རྟེན་གསེར་ཟངས་ལས་གྲུབ་པའི་མྱང་འདས་མཆོད་རྟེན་སོགས་བཞུགས། བཀའ་འགྱུར་ལྷ་ཁང་དུ། བྱམས་ཆེན་ཆོས་རྗེ་ལ་གོང་མ་ཏཱ་མིང་རྒྱལ་པོས་ཕུལ་བའི་པདྨ་རཱ་གའི་བཀའ་འགྱུར་ངོ་མཚར་ཅན། ཏ་ལའི་ལོ་མར་གསེར་འབའ་ཞིག་ལས་ལཉྪའི་ཡི་གེས་བྲིས་པའི་བརྒྱད་སྟོང་པ། ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེར་ཕུལ་བའི་གནས་བཅུའི་གོས་ཐང་ཆེ་བ། རྒྱལ་ཞབས་རིན་པོ་ཆེས་གནང་བའི་བཀའ་འགྱུར། བསྟན་འགྱུར་བྲིས་མ་ཚར་གཅིག མི་དབང་ཕོ་ལྷ་བའི་བསྟན་འགྱུར་པར་མ་གཅིག འབུམ་ལ་སོགས་པ་མང་དུ་བཞུགས་པར་བདག་ལ་དཀོན་གཉེར་ཨ་ཁུ་ལྷག་བསམ་ཅན་དེས་གསུངས་པ་རེ་རེ་བཞིན་ཞིབ་ཏུ་ཉན་དུས་རང་ཉིད་མ་ཤི་བར་རྟེན་འགངས་ཆེན་འདི་དག་ལ་མཇལ་རྒྱུ་བྱུང་བ་ནི་ཨེ་མ་ངོ་མཚར་ཆེ་བསམ་པ་བྱུང་། སེར་བྱེས་མཁས་མང་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་བ་ལ་མཇལ་བས་གདོང་ལ་ནག་པོ་ཞུགས་པ་དགོང་ཁའི་བར་དུ་བསྐྱུར་ནས་བྱིན་རླབས་ཞུས། སེར་གཙུག་དཔེ་ཁང་དུ་རང་ལ་མེད་ཐབས་མེད་པའི་དཔེ་ཆ་འགའ་ཡང་བླུ་བའི་སྐལ་བཟང་ཤར། དེ་ལྟར་འཇིག་རྟེན་ན་རྙེད་དཀའ་བའི་རྟེན་གསུམ་འགངས་ཆེ་བ་འདི་དག་ལ་བཅོས་མིན་གྱི་བྱིན་རླབས་རེ་ཞུ་བཞིན་ཞེ་སྐྱོ་བའི་མཇལ་སྐོར་འདིའི་ཕྱིར་ལམ་རིང་མོར། ཚོགས་མ་བསགས་པའི་བླུན་རྨོངས་ང་ལྟ་བུས་མཁས་གྲུབ་འབུམ་སྡེའི་རོལ་མཚོ་ཆེན་པོ་འདི་ཉིད་ཀྱི་དགེ་བའི་བཤེས་གཉེན་ཕྱོགས་གླང་ཡབ་སྲས་དང་ཀླུ་སྒྲུབ་ཡབ་སྲས་ལྟ་བུའི་མཁས་དབང་གསེར་གྱི་རི་བོ་ཚར་དུ་དངར་བ་དག་གི་མཚན་ཙམ་བགྲང་དགོས་ཀྱང་དཀའ་བའི་གནས་སུ་སླེབས་འགྲོ། ལམ་བར་དུ་ཕྱིར་མིག་གིས་དགོན་པ་ཡོངས་ལ་མཇལ་ཁ་ཞུ་དུས་རྒྱབ་རི་རྒྱལ་མཚན་གྱི་དབྱིབས་འདྲ་ཟེར་བའང་ལྷ་ངོ་མི་ངོ་འཕྲོད་པར་གྱུར། འདི་ནས་འཁྲུངས་པའི་མཁས་གྲུབ་མང་པོའི་བཀའ་རྩོམ་བྲག་རི་བཞིན་བརྩིགས་ནས་ཡོད་པ་དག་འཛམ་གླིང་བོད་རིག་པའི་མཚན་སྙན་གྱི་བ་དན་དཀར་པོ་ལྷབ་ལྷབ་ཏུ་བསྐྱོད་པའི་རྩེ་མོ་དང་ཕུལ་དང་གྱ་ནོམ་པ་ཡིན་པ་སུ་ཡིས་བསྙོན་ཨང་། སེ་ར་རི་ཁྲོད་ཀྱིས་བསྐོར། དགའ་ལྡན་རང་བྱོན་གྱིས་བསྐོར། འབྲས་སྤུངས་ཆོས་སྐྱོང་གིས་བསྐོར་ཟེར་བའི་ངག་སྒྲོས་ལྟར། སེ་རའི་ཉེ་འཁོར་དུ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་བཞུགས་གནས་ཁྱད་པར་ཅན་སེ་ར་ཆོས་སྡིངས། རྒྱལ་བོ་ལྷ་བཟང་གིས་བཞེངས་པའི་རི་ཁྲོད་བཀྲ་ཤིས་ཆོས་གླིང་། ཕ་བོང་ཁས་བཏབ་པའི་རྟག་བརྟན་རི་ཁྲོད། རྗེ་ཙོང་ཁ་པས་དྲང་ངེས་ལེགས་བཤད་སྙིང་བོ་ལྗགས་རྩོམ་མཛད་སའི་ར་ཁ་བྲག གོང་མ་ཡུང་ལོས་མངགས་པའི་མི་སྣ་རྗེ་རིན་པོ་ཆེར་མཇལ་ས་ཡང་རི་ཁྲོད་འདི་ཡིན་པར་གྲགས། ཕུར་ལྕོག་རི་ཁྲོད། རྗེ་སྒྲུབ་ཁང་བས་ཕྱག་བཏབ་པའི་མཁར་རྡོ་རི་ཁྲོད་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་ཚེ་དང་སྒྲུབ་པ་སྙོམས་སའི་རི་ཁྲོད་དབེན་པའི་གནས་ཀྱང་མཐའ་ཡས་སོ། །

ལྷ་སའི་ཕྱོགས་བཞི་ལ་རྒྱང་ལྟ་རེ་བྱེད་དུས་སྐྱ་ཐིང་ཐིང་གི་རི་ཚོམས་ཀྱིས་མཐོ་སྒང་ནི་ཆུ་བོ་ཐམས་ཅད་ཀྱི་མགོ་ཁུངས་སུ་བསྙད་པ་ལའང་ཡིད་མི་ཆེས་པ་ལྟ་བུར་གྱུར། ཞིབ་ཏུ་བསམ་དུས་ཡུལ་དབུས་ཀྱི་ཤར་ཕྱོགས་ན་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་དང་། ལྷོ་ཕྱོགས་སུ་ཡར་ཀླུང་གཙང་བོ། ནུབ་ཕྱོགས་སུ་གླང་ཆེན་ཁ་འབབ་དང་། སེང་གེ་ཁ་འབབ། གཞན་ཡང་ཨེ་ཤ་ཡའི་གླིང་དུ་གྲགས་ཆེ་བའི་འབྲི་ཆུ་དང་། མེ་ཀོང་གཙང་པོ། སར་ཝུན་གཙང་བོ། ཡི་ལོ་ཝ་ཏི་གཙང་བོ། ཆུ་བོ་གངྒཱ་། རྒྱ་གར་གཙང་བོ་སོགས་ཀྱི་ཆུ་མགོ་ཡང་བོད་ཡིན། གཞན་ཡང་མཚོ་དང་མཚེའུའི་ཕ་ཁྱིམ་ཡང་བོད་ཡིན་མོད། བོད་བྱང་ཕྱོགས་ཁུལ་དུ་སྐམ་ཤས་ཆེ་བས་ནང་འབབ་མཚོ་དང་མཚེའུ་རྣམས་བྲི་ཤུགས་ཆེ་བ་ཡོད་ལ།མཚོ་དང་མཚེའུ་ཕལ་མོ་ཆེ་བ་ཚྭ་ཅན་དུ་གྱུར་དོན་ཡང་དེ་ལ་ཐུག་ཡོད་པར་བཤད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ནི་སྐམ་ཤས་ཆེ་ཞིང་ཉི་འོད་རབ་ཏུ་ཚ་བའི་ས་ཁུལ་འདི་ནས་ཡུན་རིང་བསྡད་ཅིང་འཁྱམ་པའི་རྐྱེན་གྱིས་གདོང་བ་སྨུག་ནག་ཏུ་གྱུར། ཉི་མ་དང་བར་ཐག་ཉེ་བའི་མི་རིགས་ཤིག་དང་། ཉི་མའི་རིགས་ཀྱིས་བསྐྱངས་པའི་བདེན་དཔང་ཀྱང་ངོ་གདོང་སྨུག་ནག་དེས་གསལ་རྗེན་དུ་སྟོན་པ་མ་ཡིན་ནམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།