སྟོང་སྐོར་དུ་སོང་ནས་ཇ་རྟའི་ཚོང་འདུའི་ངོ་མཚར་ལ་རོལ་མྱོང་བྱས་པ།

ཐང་བོད་གནའ་ལམ་སྟེང་གི་འབབ་ཚིགས་གཙོ་བོ་སྟེ་གནའ་མཁར་སྟོང་སྐོར།

གནའ་མཁར་སྟོང་སྐོར་ནི་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ40ཡིས་ཆོད་པའི་མཚམས་སུ་ཡོད་ལ། ཟི་ལིང་ནས་མཚོ་སྔོན་པོར་འགྲོ་བའི་ལམ་དུ་རྒྱུན་པར་སྟོང་སྐོར་ཞེས་པའི་གནའ་གྲོང་ཆུང་ཆུང་འདིར་འཕྲད་པ་ཡིན། སྟོང་སྐོར་ཞེས་པ་བོད་སྐད་ནས་སོག་སྐད་དུ“སྟོང་འཁོར”ཞེས་པར་སྒྲ་འགྱུར་ལ། དོན་གྱིས“དུང་དཀར”ཞེས་པའི་མིང་ཡིན་ཟེར། ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གནས་འདིར་གཅིག་ཏུ་འབྲེལ་བ་དང་། སོ་ནམ་རིག་གནས་དང་ཕྱུགས་ལས་རིག་གནས་གནས་འདིར་འདྲེས་ཏེ་འདུ་འཛི་ཆེ་བའི་གནའ་མཁར་སྟོང་སྐོར་ལ་སྔ་མོ་ནས་མཐོ་སྒང་གི“པེ་ཅིང་ཆུང་བ”ཞེས་པའི་མཚན་སྙན་ཐོབ་ཡོད། གནའ་མཁར་སྟོང་སྐོར་དུ་འགྲོ་དུས། ཐོག་མར་མིག་ལམ་དུ་མངོན་པ་ནི་མིང་ཆིང་གནའ་སྲང་གི་ལྷོ་ཕྱོགས་འཛུལ་སྒོའི་མེ་ལྷའི་ལྷ་ཁང་རེད། དེ་ནི་གནའ་མཁར་སྟོང་སྐོར་གྱི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་པས་ས་གནས་མང་ཚོགས་ཀྱིས་མེ་ལྷའི་ལྷ་ཁང་ལ“ཙོང་ཆུ་སྟོད་རྒྱུད་ཀྱི་ཐོག་ཁང་དང་པོ”ཞེས་འབོད།

གནའ་མཁར་སྟོང་སྐོར་གྱི་ནུབ་སྒོ་སྟེ་ཀོང་ཧེ་སྒོ་ནས་མཁར་ནང་དུ་སོང་ཚེ། སྲང་ལམ་རྙིང་པ་ཡོངས་སུ་མཐོང་ཐུབ། གནའ་མཁར་གྱི་གྲུབ་ཆ་གཙོ་བོ་དང་ཙོང་ཆུ་དམངས་སྲོལ་གྱིས་ཕྱུག་པའི་མིང་ཆིང་སྲང་རྙིང་ལ་མཚོན་ན། ཡུལ་ལྷ་ཁང་དང་ཀོན་ཏི་མཚན་བྱང་སྒོ་ཆེན། འཇམ་དབྱངས་ལྷ་ཁང་། སྟོང་སྐོར་ཚོམས་ཤག་སོགས་གནའ་བོའི་བཟོ་སྐྲུན་མང་པོ་ཞིག་གཞི་གཅིག་ཏུ་སྦྲེལ་ཡོད། འཕྲེད་གཞུང་བསྣོལ་མར་སྦྲེལ་བའི་སྣུམ་ཞིང་རིང་བའི་སྲང་ལམ་དང་གྲུབ་ཚུལ་ཐུན་མོང་མ་ཡིན་པའི་སྡོད་ཁང་། བརྗིད་ཉམས་ཆེ་བའི་དགོན་པ་ལྷ་ཁང་། སྲུང་སྐྱོབ་ལེགས་པོ་བྱས་ཡོད་པའི“ཞའེ་ཚང”གི་ཚོང་ཁང་སོགས་བཟོ་སྐྲུན་ཡོད་ཚད་མིང་ཆིང་སྐབས་ཀྱི་དཔེ་མཚོན་རང་བཞིན་གྱི་ཚོན་མདོག་སྣ་བདུན་གྱིས་སྤྲས་པའི་ཚོན་རིས་རྣམ་པས་ཁེངས་ཡོད།

གནའ་མཁར་སྟོང་སྐོར་དུ་ད་དུང་ཕྱི་གླིང་གི་ཚོང་ཁང་ཞིག་ཡོད་དེ། དབྱིན་ཇི་བས་བསྒྲུབས་པའི་རིན་ཇི་ཚོང་ཁང་རེད། དེ་ནི་ཕྱི་གླིང་གི་ཚོང་བས་སྟོང་སྐོར་དུ་ཚོང་གཉེར་བྱས་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡིན་པ་གདོན་མི་ཟ། སྟོང་སྐོར་མཁར་ནི་ལོ་རྒྱུས་སྟེང་ཐང་བོད་གནའ་ལམ་གྱི་རྟ་ཟམ་གལ་ཆེན་དང་འབབ་ཚིགས་གཙོ་བོ་ཞིག་ཡིན་ལ། སྐབས་དེར་མིང་དུ་གྲགས་པའི་ཇ་རྟའི་ཚོང་རྫས་བརྗེ་རེས་བྱེད་ས་ཞིག་ཀྱང་ཡིན། གནས་འདི་རུ་གཙོ་བོ་ཇ་ཚབ་བྱེད་ཡིན་པའི་ཞིང་ཞོར་ཐོན་རྫས་དང་རྟ་ཚབ་བྱེད་ཡིན་པའི་ཕྱུགས་ལས་ཐོན་རྫས་བརྗེ་རེས་བྱེད་ཀྱིན་ཡོད། འདས་སོང་གི་གནའ་མཁར་ཚོང་ཁང་གི་གྲངས་མང་བ་དང་ཚོང་མགྲོན་མང་བ། ཉོ་ཚོང་དར་ཆེ་བ་དེའི་སོ་ནམ་རིག་གནས་དང་ཕྱུགས་ལས་རིག་གནས་མཉམ་འདྲེས་ཀྱི་ཐུན་མིན་སྣང་ཚུལ་མངོན་ཡོད་ལ། གནའ་བོའི་ནུབ་བྱང་ས་ཁུལ་གྱི་ཆེས་ཆེ་བའི་ཉོ་ཚོང་ཁྲོམ་རའི་འཕེལ་རྒྱས་ཀྱང་ཟིན་བྲིས་སུ་བཀོད་ཡོད།

“གནའ་མཁར་སྟོང་སྐོར་ལ་སླེབས་པ་ནི་མཚོ་སྔོན་པོར་ཡུལ་སྐོར་འགྲོ་སྐབས་ཀྱི་ཞར་ཞོར་གྱི་ཡོང་འབབ་མི་དམན་པ་ཞིག་ཡིན། ཡུལ་སྐོར་སྣེ་ཤན་པས་བཤད་པ་ལྟར་ན། གནས་འདི་ནི་གནའ་སྔ་མོ་ནས་བཟུང་ཚོང་ཟོག་ཉོ་ཚོང་གི་གྲོང་རྡལ་གཙོ་བོ་ཞིག་ཡིན་པས། ང་ཚོ་སོ་ཕག་སྔོན་མོ་དང་རྫ་གཡམ་སྐྱ་བོ། ཀ་བ་དམར་པོའི་ཁྱམས་རིང་གི་སྲང་རྙིང་དུ་བགྲོད་དུས། གནའ་མཁར་གྱི་ཁྱད་ཆོས་ངང་ངམ་ཤུགས་ཀྱིས་མངོན་པའི་ལོ་རྒྱུས་ཀྱིས་རབ་ཏུ་བཟི་བར་བྱེད། གནས་འདིའི་སོ་ཕག་རེ་རེ་དང་རྫ་གཡམ་རེ་རེ། སྒོ་རེ་རེ་དང་སྒེའུ་ཁུང་རེ་རེ་ཡིས་ང་ལ་དུས་དང་བར་སྟོང་བརྒལ་བའི་འདས་སོང་གི་འདུ་འཛི་དང་འོད་སྟོང་འབར་བའི་གནའ་གྲོང་དེའི་་་་་་་་་་་”ཡུལ་སྐོར་པ་ཏོན་ཡུས་ཀྱིས་གནས་དེ་ཡི་ལྟ་ན་སྡུག་པའི་ཕྱིའི་བཀོད་པ་ལ་བསྟོད་བསྔགས་ཚད་མེད་བྱས།

གནའ་མཁར་དེའི་ནང་དུ་བགྲོད་དུས་ད་དུང་མྱོང་བ་ཆེན་པོ་ཞིག་སྟེར་ཐུབ་པ་ནི་སྐྱུར་ཁུ་རེད། གནའ་མཁར་དེའི་སྲང་ལམ་ཆེ་ཆུང་ཀུན་ཏུ་ཙོང་ཆུའི་སྐྱུར་རྙིང་ཕྱིར་འཚོང་བྱེད་པ་དང་།སྐྱུར་ཁུའི་དྲི་བསུང་ཕྱོགས་བཞིར་ཁྱབ་པས་ཁྱོད་ཀྱི་སྣ་ཤེས་དང་ལྕེ་ཤེས་རྣོན་པོ་ལ་འགོག་ཐབས་མེད་པའི་ལྟོ་འདུན་དང་འགྲམ་ཆུ་ལྡང་བའི་ཚོར་བ་ཞིག་སྟེར་ཐུབ། ཚོང་ཁང་ཕྱི་རོལ་དུ་ཟངས་ཀྱི་བཟོས་པའི་འདྲ་སྐུ་ཞིག་ཡོད་ལ། དེས་ཙོང་ཆུ་སྐྱུར་རྙིང་གི་རྒྱུན་རིང་བའི་ལོ་རྒྱུས་དང་སྤུས་དག་གི་བསྙལ་བཟོའི་བཟོ་རྩལ་མངོན་ཡོད། འདྲ་སྐུ་ལ་བལྟ་བའི་ཡུལ་སྐོར་པ་ཀྲུའུ་ཞང་མེན་གྱིས་བཤད་རྒྱུར། “སྐྱུར་ཁུ་འདིའི་དྲི་མ་ཧ་ཅང་ཞིམ་པས་མྱུར་བ་མྱུར་དུ་མཐེབ་ཐུག་དཀར་ཡོལ་གང་ཧུབ་ཀྱིས་འཐུང་འདོད”ཟེར།

མཁར་སྒོ་འོག་ཏུ་མགོ་བོ་ཡར་བཏེགས་ནས་ཐོག་ཁང་ལ་བལྟ་དུས།མཐོན་པོར་འཕྱོ་བའི་བྱ་འདབས་ཀྱིས་རང་གི་སྤྱིར་བཏང་མིན་པའི་ལོ་ཟླའི་ཁྲོད་ཀྱི་ཀྱག་ཀྱོག་གི་ལམ་བུ་དེ་བརྗོད་པ་དང་འདྲ་ལ། སྐབས་དེའི་བསྐལ་བཟང་རྫོགས་ལྡན་གྱི་འོད་སྟོང་འབར་བའི་འདས་སོང་གི་ལོ་རྒྱུས་ཀྱང་ཕྱིར་མངོན་ཡོད།

རྒྱ་བཟའ་ཀོང་ཇོའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད——རི་བོ་ཉི་ཟླ།

རི་བོ་ཉི་ཟླ་ནི་སྟོང་སྐོར་རྫོང་གི་ལྷོ་ནུབ་ཀྱི་སྤྱི་ལེ40ཡི་མཚམས་དང་མཚོ་སྔོན་པོའི་ཤར་ངོས་སུ་ཡོད་ལ། མདོ་ལ་རིང་མོའི་རི་རྒྱུད་ཁྲོད་རྒྱུན་བསྲིངས་ཏེ་ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་། རྒྱ་བོད་རིག་གནས་ཀྱི་དབྱེ་མཚམས་སུ་གྱུར་ཞིང་། མཚོ་བོད་མཐོ་སྒང་དུ་བསྐྱོད་པའི་བརྒྱུད་ལམ་གཅིག་པུར་གྱུར་བའི་ས་གནས་ཤིག་ཀྱང་ཡིན་སྲིད། ཐང་རྒྱལ་རབས་ཀྱི་སྔོན་དུ། རི་བོ་ཉི་ཟླ་ལ་རི་བོ་དམར་པོ་ཞེས་འབོད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་རི་བོ་མཐོན་པོར་རྒྱང་ལྟ་བྱེད་དུས“ས་རྡོ་ཐམས་ཅད་དམར་པོ་དང་རྩྭ་རྩི་ཤིང་གཅིག་ཀྱང་མེད་པས”མིང་དེ་ལྟར་ཐོགས་པ་རེད། མཚོ་ངོས་ལས་མཐོ་ཚད་ལ་སྨི3200ལས་མེད་པའི་རི་ཆུང་འདི་རི་ཚོགས་ཁྲི་སྟོང་དགུང་ལ་ཟུག་པའི་མཚོ་བོད་མཐོ་སྒང་ལ་མཚོན་ན་དངོས་གནས་གླེང་རིན་མེད་པ་ཞིག་རེད། རྒྱ་བཟའ་ཀོང་ཇོ་མཚོ་སྔོན་བརྒྱུད་དེ་ས་ཐག་རིང་བའི་བོད་ལྗོངས་སུ་གནས་ལ་འགྲོ་བའི་བར་དུ། ས་གནས་འདི་རྒྱ་བོད་མི་རིགས་བར་གྱི་མཛའ་མཐུན་གྱི་དཔང་བོར་གྱུར་ཡོད། རྒྱ་བཟའ་ཀོང་ཇོ་ནུབ་ཕྱོགས་ཀྱི་བོད་དུ་བསྐྱོད་པའི་སྐབས་དེར་ཐང་རྒྱལ་པོས་ཁོ་མོ་ལ་རིན་ཆེན་མེ་ལོང་གི་རྫོངས་སྐལ་ཞིག་གནང་སྟེ། མེ་ལོང་ནང་དུ་ཕ་ཡུལ་དང་ཕ་མ་གཉེན་ཉེ་སོགས་མཐོང་ཐུབ་ཅེས་བཤད་པའི་ངག་རྒྱུན་ཞིག་ད་བར་དུ་བཤད་ཀྱིན་ཡོད། ཀོང་ཇོ་གནས་དེར་སླེབས་དུས། རི་བོ་དེའི་ཤར་ནུབ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་མཐོང་ཚེ། ཕ་ཡུལ་དྲན་པའི་འདུན་པ་དབང་མེད་དུ་སྐྱེས་ཏེ་མེ་ལོང་བླངས་ནས་བལྟ་དུས་མེ་ལོང་ནང་དུ་ཁྲང་ཨན་མཁར་གྱི་ཡིད་དབང་འཕྲོག་པའི་ལྗོངས་ཉམས་ཤར་བ་དང་། ཀོང་ཇོར་དགའ་སྐྱོ་འདྲེས་མའི་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་ཞིང་། ཐུགས་མཉམ་མ་བཞག་པར་མེ་ལོང་ལག་ནས་ཤོར་ཏེ་ས་ལ་བསྒྱེལ་བས་གས་ཆག་གཉིས་སུ་བཏང་། གས་གཉིས་པོ་དེ་ཏག་ཏག་རི་འབུར་གཉིས་པོའི་ཕྱོགས་སོ་སོར་ལྷུང་བ་རེད། ཤར་ཕྱོགས་ཀྱི་གས་ཆག་ཤོར་བའི་མེ་ལོང་ཕྱེད་ཀའི་ནང་དུ་ཉི་མ་ནུབ་ཁའི་འོད་འཕྲོ་ཤར་བ་དང། ནུབ་ཕྱོགས་ཀྱི་གས་ཆག་ཤོར་བའི་མེ་ལོང་ཕྱེད་ཀའི་ནང་དུ་ཐོག་མར་ཤར་བའི་ཟླ་འོད་འཕྲོ་བས་རི་བོ་ཉི་ཟླ་ཞེས་པའི་མིང་དེ་ལྟར་ཐོགས་པ་རེད།

རི་བོ་ཉི་ཟླ་ལ་ངོ་མཚར་བའི་ལོ་རྒྱུས་ལས་གཞན།ད་དུང་རང་རྒྱལ་གྱི་རང་བྱུང་ས་ཁམས་སྟེང་གི་དབྱེ་མཚམས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་ཕྱིར་སྐྱོད་ས་ཁོངས་དང་ནང་སྐྱོད་ས་ཁོངས། དུས་རླུང་ས་ཁུལ་དང་དུས་རླུང་མ་ཡིན་པའི་ས་ཁུལ། ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་དབྱེ་མཚམས་ཤིག་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཞིང་ལས་ས་ཁུལ་དང་ཕྱུགས་ལས་ས་ཁུལ་གྱི་དབྱེ་མཚམས་ཤིག་ཀྱང་ཡིན། རི་བོ་ཉི་ཟླའི་ཤར་ཕྱོགས་ནི་མཚོ་སྔོན་གྱི་ཞིང་ལས་ས་ཁུལ་དང་། ནུབ་ཕྱོགས་ནི་མུ་མཐའ་མེད་པའི་རྩྭ་ཐང་ཡིན་པས། མཛེས་ཤིང་ལྟ་ན་སྡུག་པའི་ལྗོངས་ཉམས་ཤིག་ཤར་ཡོད། རི་བོའི་ཕྱོགས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བས་དེ་ལྟ་བུ་ཞིག་རྒྱལ་ནང་དུ་དངོས་གནས་མཐོང་དཀའ་བ་ཞིག་རེད།

སྔོ་ཞིང་བསངས་པའི་ནམ་མཁའ་དང་མུ་མཐའ་མེད་པའི་རྩྭ་ཐང་གིས་མི་ལ་སྤྲོ་སྣང་ཆེན་པོ་སྟེར་ཐུབ། ཁྱུ་དང་ཁྱུ་བྱས་ནས་རྒྱུ་བའི་ནོར་ལུག་དང་སྐར་ཚོགས་ས་ལ་འཕྲོས་པ་ལྟ་བུའི་འབྲོག་པའི་སྦྲ་ནག་ཏུ་དུད་སྤྲིན་ལང་ལོང་འཕྱུར་བ་མཐོང་ཚེ། མཚོ་སྔོན་པོར་དངོས་སུ་མ་ཐོན་རུང་གནས་དེར་རེ་སྒུག་གིས་ཁེངས་སྲིད། བོད་གླུ་སྙན་ཞིང་འཇེབས་ལ་ཚོན་མདོག་སྣ་ལྔའི་མ་ཎི་རྡོ་གསེང་དུ་ལྕུག་ཕྲན་མང་པོ་བཙུགས་ཡོད། མཐོན་པོར་རླུང་གིས་བསྐྱོད་པའི་དར་ལྩོག་གིས་བྲོ་གར་འཁྲབ་པ་ཇི་བཞིན་གནས་པ་འདི་ནི་གནས་འདིར་མི་རབས་ནས་མི་རབས་སུ་འཚོ་སྡོད་བྱེད་པའི་བོད་མི་དད་ལྡན་གྱི་སྨོན་འདུན་ཡིན་པ་གསལ་པོར་རྟོགས་ཐུབ། མཚོ་བོད་མཐོ་སྒང་གི་གསེར་ཏོག་ལྟ་བུར་གྲགས་པའི་རི་བོ་ཉི་ཟླའི་རྩེ་ནས་རྒྱང་ལྟ་ཞིག་བྱས་ན། རི་འདབས་ཀྱི་མཉེན་ཞིང་འཇམ་པའི་རྩྭ་ཐང་ཆུ་རིས་ཇི་བཞིན་དགུང་ལ་འཕྱོ་བ་དང་།ཤར་སྣེའི་ཡིད་དུ་འོང་བའི་ཙོང་ཆུའི་འགྲམ་གཉིས་ཀྱི་ས་རྒྱུ་གཤིན་པོ། ནུབ་བྱང་གི་ཟིལ་རླབས་དགུང་དུ་འཕྱོ་བའི་མཚོ་སྔོན་པོ། ལྷོ་ནུབ་ཀྱི་མུ་འབྲེལ་ཕྲེང་བསྒྲིགས་ཀྱི་རི་རྒྱུད། བགྲང་གིས་མི་ལང་བའི་རྟ་ནོར་ལུག་གསུམ་ནི་ཚོན་མདོག་སྣ་ལྔའི་མུ་ཏིག་རྡོག་པོ་ཞིག་དང་འདྲ་བར་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བཞིན་འདུག །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།