ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་མོ་ཀིརྡི་དགོན་གྱི་མཐོང་སྣང་། ཁག་བཞི་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དཀོན་མཆོག་རབ་བརྟན།   སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་བརྒྱུད་ནང་བསྟན་གྱི་གཟི་མདངས་མ་ཡལ་བའི་ཆོས་སྡེ་ཆེན་པོ་འདི་ལ་ལོ་ངོ་སུམ་བརྒྱར་ཉེ་བའི་རིག་གནས་ཀྱི་ལོ་རྒྱུས་ལྡན་ཞིང་།  ད་ལྟ་དགེ་འདུན་སྟོང་ཕྲག་ལྷག་བརྒལ་བའི་ཤེས་རིག་གི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།  གདན་ས་འདི་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་ལྔ་ལས་རི་བོ་དགེ་ལྡན་པའི་གྲུབ་མཐའ་འཛིན་ཅིང་། ༧རོང་ཆེན་བསྟན་པའི་སྒྲོན་མེ་༧ཡབ་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་ཡིན་ལ།  དུས་བཞི་མུ་སྦྲེལ་གྱིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་གཅིག་ཏུ་སྦྱོར་བས་མིང་དོན་གཉིས་ལྡན་གྱི་ཆོས་སྡེ་ཆེན་པོ་ཞིག་ཏུ་གྱུར་ཡོད།  གདན་ས་འདིར་ལྟ་སྒོམ་སྤྱོད་གསུམ་གྱི་ཁུངས་དག་ཅིང་ངོས་གཙང་ལ།  བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན་དབྱར་མཚོ་ལྟར་ཡར་རྒྱས་ཡར་དར་གྱི་ངང་དུ་གནས་པས།མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོ་ནས་གདན་ས་འདིར་སློབ་གཉེར་ལ་ཡོང་མཁན་ཡང་གྲངས་འབོར་ངེས་ཅན་ལོན་ཡོད།  གཞན་ད་དུང་། འབུད་རྡུང་དཀྲོལ་གསུམ་དང་། ཐིག་རྡུལ་མཚོན། ཐང་གའི་སྒྱུ་རྩལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཤིང་པར་བརྒྱག་པ་སོགས་རིག་གནས་ཀྱི་སྣ་མང་ཞིང་ཕྱག་ལེན་གྱི་བརྒྱུད་རིང་བ་ཞིག་ཏུ་ཡོད་པས་སྐྱེ་བོ་སུའི་ཀྱང་ཡིད་བརྟན་དབང་མེད་དུ་འཕྲོག་པ་ཞིག་ཡིན།  སྡེ་འདིའི་དགེ་འདུན་ཚོགས་ནི་ཞི་དུལ་བག་ཡོད་དང་འདོད་ཆུང་ཆོག་ཤེས་ཀྱི་ངང་ཚུལ་ཉམས་དགའ་ཞིང་།  ཐོས་བསམ་སྒོམ་གསུམ་གྱིས་མི་ཚེ་ཆོས་དང་འདྲེས་པའི་དམ་པའི་རྣམ་ཐར་གཙང་མ་ལྷུར་ལེན་པ་ཤ་སྟག་ཏུ་ཡོད་དོ།། 


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།