ལྷ་མོ་ཀིརྡི་དགོན་གྱི་མཐོང་སྣང་། ཁག་གཉིས་པ།

 གདན་ས་འདིའི་ཡུལ་ལྗོངས་ནི་སྒྱུ་མའི་སྣང་བརྙན་ལྟར་དུས་བཞིའི་རྐང་འགྲོས་དང་བསྟུན་ཏེ་མཛེས་སྡུག་གི་རྣམ་པ་རེས་སུ་འཁོར་བས། རྒྱལ་ཕྱི་ནང་གི་སྐྱེ་བོ་ཁྲི་ཕྲག་མང་པོའི་འགྲུལ་བཞུད་ཀྱི་ལྟེ་གནས་ཆེན་པོ་ཞིག་ཏུ་གྱུར་ཡོད།  དེ་ཡང་དཔྱིར་ཀའི་དུས་སུ་ཕྱོགས་མཚམས་ཀུན་ཏུ་ལྗང་མྱུག་རྒྱས་ཤིང་།  གཙང་ཆུ་སྔོན་མོས་དར་དཀར་གྱི་ལྭ་བ་ཕུད་དེ་རྒྱང་བཞུད་ཀྱི་གྲུ་དབྱངས་ཆད་མེད་དུ་ལེན་ཞིང་།  ཆར་ཟིམ་དང་བསིལ་རླུང་བསྡེབས་པའི་ནགས་ཚལ་དང་རི་ཀླུང་ཀུན་ཏུ་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་འབྱིན་ལ། རི་དྭགས་དང་གཅན་གཟན་མང་པོ་ཡང་ཚེ་སྲོག་གསར་བའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་པར་བྱེད།  དགོན་པའི་གླིང་མཐའ་དང་ལྷ་ཁང་རེ་རེའི་བསྐོར་ལམ་ན་དད་ལྡན་ཕྱག་བསྐོར་ལ་བརྩོན་པ་ནི་ནམ་ཡང་རྒྱུན་ཆད་པ་མེད།  

དབྱར་ཁའི་དུས་སུ་རྩི་ཤིང་སྣ་ཚོགས་ལ་འདབ་ལག་རྒྱས་ཤིང་།  ཕྱོགས་མཚམས་ཀུན་ཏུ་མེ་ཏོག་གི་དྲི་བསུང་ཁྲོད་ཕྱེ་ལེབ་དང་བུང་བས་ལྡིང་བསྐོར་བརྒྱག་ལ།  སྐབས་འགར་ཁུ་བྱུག་གི་སྐད་སྙན་གསལ་ཐང་ཐང་དུ་ཐོས་སུ་ཡོད་ལ། སྐབས་དེར་མི་རྣམས་ལ་བདེ་སྐྱིད་ཀྱི་ཚོར་བ་གཞན་ཞིག་ཀྱང་སྐྱེ་བཞིན་འདུག   འབྲུག་དཀར་གཙང་ཆུ་དང་ལྷ་མོའི་གནས་མདུན་དུ་སྤྲོ་གསེང་ལ་རོལ་བའི་མཇལ་བ་དང་ལྟ་བསྐོར་བ་གྲངས་ལས་འདས་ལ།  ནགས་ཚལ་ཅན་གྱི་རི་ལྗོངས་དང་།  གཡང་གཟར་བའི་བྲག་རི་སོགས་བལྟས་ན་ཉམས་དགའ་བའི་མཛེས་སྡུག་གི་ཁྱད་པར་ཤིན་ཏུ་མང་།  ལྷག་པར་དུ་གནས་འདིར་ས་མཐོའི་མཁའ་དབུགས་གཙང་ཞིང་ལྷིང་འཇགས་ཡིན་པས་ལྗོངས་འདིར་སླེབས་ཚེ་ཁྱོད་ལ་རང་བཞིན་གྱིས་ཞི་བདེ་དང་ལྷོད་ཡངས་ཀྱི་སེམས་ཁམས་ཤིག་ངང་གིས་འབྱུང་ངོ་།། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།