ཀྲུང་གོ་བོད་ཀྱི་དྲ་བ།

ཀོ་སྦྲའི་མཚོ་དམར་ལ་སྤྲོ་འཆམ་དུ་བསྐྱོད་པའི་རེག་ཟིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།(མཚོ་ལྷོ)   སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་བཅུའི་ཡར་སྔོན་གྱི་སྟོན་དུས་ཤིག་ལ་དགེ་གྲོགས་སྐོར་ཞིག་དང་ལྷན་དུ་འཕྲུལ་རྟར་བཞོན་ནས་ཀོ་སྦྲའི་མཚོ་དམར་ལ་ལན་ཅིག་སོང་མྱོང་། དེ་དུས་གོང་རིམ་པས་གཙིགས་མཐོང་མཛད་དེ་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་མེད་རྐྱེན་འགྲིམ་འགྲུལ་གཞུང་ལམ་ཞིག་ལྟ་ཅི། རྐང་ལམ་བདེ་མོ་ཞིག་ཀྱང་མེད་པས་སྤྲོ་འཆམ་ཡིད་ཚིམ་པ་ཞིག་མཇལ་སྐལ་དུ་མ་སྨིན་ལ།གནས་དེའི་མཛེས་སྡུག་བུ་མོའི་བྱད་བཞིན་ག་འདྲ་ཡིན་པ་བག་ཆགས་གསལ་པོ་ཞིག་ཤོད་རྒྱུ་མེད་རྐྱེན། ད་ཆ་མིག་ཟུང་བཙུམ་སྟེ་ཕྱིར་འདང་ཞིག་བརྒྱབ་ནའང་རྡོག་རྡོག་ཅིག་དྲན་ངོར་འཆར་རྒྱུ་མི་འདུག

ཕྱིས་སུ་གོང་རིམ་པའི་ཡུལ་སྐོར་ཅུས་ཀྱིས་ཡུལ་སྐོར་རིག་གནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད་ཀོ་སྦྲའི་མཚོ་དམར་རིམ་བཞིན་ཡུལ་སྐོར་ལྗོངས་རྒྱུའི་གནས་ལ་གཏན་འཁེལ་བྱས་ཏེ་རི་སྒང་ངོས་སུ་འཕྲེད་གསེགས་སུ་སྣུམ་ལམ་དང་ལམ་སྐྱོར། ཟམ་པ་རིང་ཐུང་། ལྡིང་ཁང་དང་ཤིང་སྐས་སོགས་གང་ལ་གང་འཚམ་གྱིས་ཡུལ་སྐོར་འཛུགས་སྐྲུན་བྱ་བ་བསྒྲུབས་དང་སྒྲུབ་མུས་སུ་མཆིས། སྟབས་ལེགས་པ་ཞིག་ལ་ཐེངས་འདིའི་དབྱར་གནང་གི་དུས་ཚོད་བཟང་པོ་བེད་སྤྱད་དེ་བཟའ་མི་གང་བོ་ཀོ་སྦྲའི་མཚོ་དམར་ལ་ཡང་བསྐྱར་མཇལ་བའི་སྐལ་བ་ལྡན།

དབྱར་ཟླ་དྲུག་པའི་འབྱམས་ཀླས་པའི་རྩྭ་ཐང་ནི་དཀར་དམར་མེ་ཏོག་གི་ཕྲ་བཏབ་པ་ལྟར་ཡིད་ངོར་མཛེས་སྡུག་གི་ཐ་སྙད་ཅིག་ངང་གིས་འཁོར་ཡོང་ལ། རྒྱང་རིང་ནས་བལྟས་ཚེ་རི་མོ་མཁས་ཅན་གྱི་པིར་རྩེ་ལས་འཁྲུངས་པ་བཞིན་འཇོ་སྒེག་ཡིད་དུ་འོང་བ་རང་བྱུང་དུ་གྲུབ། རླངས་འཁོར་གྱིས་མདུན་ཕྱོགས་ཀྱི་ལམ་ཕྲན་དེད་དེ་འགྲམ་གཉིས་ཀྱི་སྐྱེ་དངོས་དག་མིག་གིས་མི་ཟིན་པར་མྱུར་བར་ཕྱི་ཕྱོགས་སུ་བསྐྱུར་ཞིང་། རླངས་འཁོར་དུ་སྡོད་པའི་བྱིས་པ་ཚོས་ཨི་ཁུང་ལྟ་བུའི་སྒེའུ་ཁུང་ལས་ངོ་མཚར་རམ་ཡ་མཚན་གྱི་དགའ་བ་ནོན་མ་ཐུབ་པར་མཛུབ་མོ་རྒྱང་རིང་ལ་བསྲིངས་ཏེ།ཐག་རིང་གི་སྦྲ་གུར་དང་སྐར་ཚོགས་ས་ལ་འཕོས་འདྲའི་གཡང་དཀར་ལུག་ཁྱུ་དང་། ཁུང་ཁར་མིག་གཡེང་བྱེད་པའི་སྒོམ་ཆེན་འཕྱི་བ། གྲེ་འགྱུར་འདྲ་མིན་སྒྲོག་པའི་བྱེའུ་ཆུང་སྣ་ཚོགས་ཐོས་བྱེད་རྣ་དང་འདྲེན་བྱེད་མིག་གི་ལོངས་སྤྱོད་དུ་འདྲེན་ཅི་ཐུབ་བྱེད། ང་ཚོ་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ཁིས་ཉག་ག་སྒྲོག་གུ་རྟོལ་རྟོལ། ལམ་རིང་ཐུང་ཤོག་སྐྱ་ལྟེབ་ལྟེབ་བྱས་མཐར་གཞི་ནས་ཀོ་སྦྲའི་མཚོ་དམར་གྱི་ཉག་ཁར་སླེབས་པའི་ཚེ། ཀོ་སྦྲའི་མཚོ་དམར་ནི་ལུང་ཆུང་དེའི་མཐིལ་ངོས་སུ་སྟོན་པ་ཐུགས་རྗེ་ཅན་པོ་གང་ཉིད་ཀྱི་ལག་མཐིལ་ནས་མཁའ་མཉམ་འཕགས་པ་ཨི་ཁུང་ལ་བལྟས་པ་བཞིན། ཆུ་འཁྱིལ་ལྟ་བུར་མིག་གི་མཐོང་ལམ་དུ་ཅུང་ཆུང་བའི་རྣམ་པ་ཤར་མོད། ང་ཚོ་ལ་རྟིང་ནས་ཕར་འཁྱོག་ཚུར་འཁྱོག་གི་དཀྱོགས་ལམ་རིམ་པ་མང་པོ་ཞིག་བརྒྱུད་མཐར་ད་གཟོད་མཚོ་འདབས་སུ་ཐོན་པ་ན། ཚང་ཚིང་ནགས་ཚལ་གྱི་དབུས་སུ་མཚོ་རྣ་ལུང་དང་ཀོ་སྦྲའི་མཚོ་དམར་གཉིས་ཟུང་དུ་འབྲེལ་ཏེ་འཇོང་དབྱིབས་ཀྱི་རྣམ་པར་ལྟེམས་མེར་འཁྱིལ་བ་མཛེས་ཤིང་ལྟ་ན་སྡུག་པར་མངོན། བདུད་ཤུལ་ཕ་རྟིང་གསུམ་གྱི་བླ་མཚོ་ཀོ་སྦྲའི་མཚོ་དམར་ནི་ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ60མཚམས་ཀྱི་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་བདུད་ཤུལ་སྡེ་བའི་ཁོངས་སུ་ཡོད་ཅིང་། ཀོ་སྦྲའི་སྲིབ་ངོས་སུ་དངུལ་ལྔ་བཅུ་མ་རྣ་ཅན་ཞིག་གི་དབྱིབས་ཀྱི་རྣམ་པར་ཆགས་ཡོད།

ཉེ་བའི་ལོ་འགའི་སྔོན་དུ་ཀོ་སྦྲའི་མཚོ་དམར་བདུད་ཤུལ་དགོན་པས་བདག་དམ་མཛད་དེ་དོན་མེད་དུ་གནས་གང་སར་གད་སྙིགས་འཕེན་མི་རུང་བ་དང་། ཉེ་འགྲམ་གྱི་རྩྭ་ས་གང་སར་གནས་བཅའ་མི་རུང་བ། ལྷག་པར་སྤྲོ་འཆམ་ཡུལ་སྐོར་ལ་སླེབས་པའི་འགྲུལ་པ་སུ་ཞིག་གིས་ཀྱང་དམར་ཟས་ཀྱི་རིགས་མཚོ་ཁའི་ཐག་ཉེ་སར་ཁྱེར་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཤིང་། མཚོ་གཏེར་འབུལ་དུས་ཀྱང་གྲངས་ཀར་ཚད་བཀག་འཛིན་བཞིན་གདའ། དེ་བས་ཀོ་སྦྲའི་མཚོ་དམར་ནི་ཁྱིམ་ལ་བདག་པོ་བྱུང་བ་ལྟར།ཡར་སྔོན་གྱི་རྣམ་པ་ལས་ལྡབ་འགྱུར་གྱིས་ཇེ་བཟང་ཇེ་ལེགས་སུ་སོང་སྟེ་གསོན་པ་དང་ཤུག་པ། གླང་མ། སྐྱེར་བ། ཉ་ཕྲུག སུ་རུ། བྲ་མ། གླ་ཚེར་སོགས་དང་གཞན་ད་རུང་མིང་མི་ཐོགས་པའི་ལྗོན་ཤིང་སྣ་ཚོགས་ཀོ་སྦྲའི་མཚོ་དམར་གྱི་གོང་སྟོད་ན་ལྗང་ཏིག་ཏིག་ཏུ་ཚང་ཚིང་རྫོབ་མཐུག་པོར་དཀྲིགས་ཤིང་། འོལ་བ་དང་ནགས་བྱིའུ། ཁུ་བྱུག འཇོལ་མོ། བྱེའུ་ཅོ་ཀ དེ་ཕོ་སོགས་བྱ་རིགས་ཀུན་གྱིས་ནགས་ཁྲོད་དུ་རང་བྱུང་གསུང་སྐད་ཅི་རིགས་སྒྲོག་སྟེ་ཕན་ཚུན་བདའ་འདེད་དང་མཚོ་དམར་གྱི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་མཆིས། གོ་ཐོས་སུ་ད་དུང་འཕྱི་བ་དང་ཨ་བྲ། རི་བོང་། ཝ་མོ། གཡི་སོགས་གཅན་གཟན་རི་དྭགས་ཀྱང་ཡོད་སྐད། ཀོ་སྦྲའི་མཚོ་དམར་ནི་མཚོ་ཤར་ཞུན་ཧྭ་རྫོང་གི་སྟོང་རི་ལྷ་མཚོའི་ཆགས་དབྱིབས་དང་མཚོ་གཤིས་ཀྱི་རྣམ་པ་འདྲ་མཚུངས་སུ་མངོན་པས།རྨ་ཆུ་དང་མཚོ་སྔོན་པོ་ཇི་བཞིན་ཉ་རིགས་ཆེ་ཆུང་སྣ་ཚོགས་མཐོང་དཀོན་མོད། མཚོ་ནང་གི་ཕྱོགས་ཕྱོགས་སུ་འདམ་བུ་ཀྲོང་ངེར་སྐྱེས་ལ། ན་རྩྭ་སྐྱེས་ནས་ཆུ་ཁར་གཡེང་བས་སྨད་ཕྱོགས་མཚེའུ་ནང་དུ་ཆུ་པདྨ་སྐྱེས་པའི་བཟོ་ལའང་ཅོ་འདྲི་བར་བགྱིད། སྟབས་འགྲིག་པ་ཞིག་ལ་ཉིན་དེར་ངང་ངུར་ཆ་གཅིག་མཚོ་ངོགས་སུ་གང་དགའ་གང་སྐྱིད་དུ་རྐྱལ་རྩལ་ངོམ་བཞིན་གདའ། ཀོ་སྦྲའི་མཚོ་དམར་གྱི་ཉེ་འཁོར་ཡོད་ཚད་ལྕགས་དྲས་བསྐོར་བས་རྩྭ་རྩི་ཤིང་ཐམས་ཅད་ཕྱུགས་ཟོག་གི་གནོད་པས་མ་ཐེབས་སྟབས།རྩྭ་ཕྲན་དག་ནི་སྟུག་པོར་སྐྱེས་པས་ང་ཚོ་ཡུལ་སྐོར་པ་རྣམས་རྩྭ་གསེང་དུ་བགྲོད་པའི་ཚེ་པུས་མོའི་ལྷུ་ཚིགས་ཀྱི་མཚམས་སུ་ཐོན། ད་དུང་རམ་དཀར་རྩྭ་མཆོག་དང་མཉམ་པོར་སྐྱེས་པའི་རི་སྐྱེས་ཀྱི་མེ་ཏོག་མོན་དཀར། དངུལ་ཏིག མཁན་པ། གསེར་མགོ ཟགས་ཏིག སྐྱེར་མའི་མེ་ཏོག ལུ་གུའི་མེ་ཏོག ཁུར་མོང་མེ་ཏོག ཙ་ཀོའི་མེ་ཏོག བ་ལུ་དཀར་པོ་སོགས་ཚོན་སྣ་ལྔ་ལྡན་གྱི་མེ་ཏོག་བྱུར་བུར་སྤུངས་པ་ཉི་འོད་ཕོག་ཚེ་འོད་མདངས་ལམ་ལམ་འཚེར་བས་དབེན་འཇགས་ཁུ་སིམ་གྱི་གནས་འདི་ནི་མཐོ་རིས་ལྷ་ཡུལ་ཁམས་མི་ཡུལ་དུ་འཕོས་འདྲའི་སྣང་བ་ཅིག་ཅར་དུ་སྟེར། ཡིན་ན་ཡང་། ས་ཆ་འདི་ལ་གསལ་ཆ་བྲལ་བའི་མི་ཆ་མེད་རྒྱུས་མེད་ཅིག་གིས་རི་མགོ་སྐྱ་ཐིང་ཐིང་དུ་སྣང་བའི་ཡུལ་ལུང་འདིར་འདི་འདྲའི་རི་ཆུ་ནགས་གསུམ་འཛོམས་པའི་ལྗང་མདོག་གི་གནས་མཆོག་ཅིག་ཡོད་ཅེས་བཤད་ན་རློམ་དཀའ་བའི་གནས་སུ་འཁུམས་སོ། སྡེ་བ་དེ་གའི་མང་ཚོགས་ཚོས་བཤད་སྲོལ་ལྟར་ན་དུས་ཚིགས་བཞི་བོའི་འགྱུར་ལྡོག་དང་བསྟུན་ཏེ་ཀོ་སྦྲའི་མཚོ་དམར་གྱི་མཛེས་ལྗོངས་ཀྱི་ཁ་དོག་ཀྱང་དེར་བསྟུན་སྒོས་འགྱུར་བ་འབྱུང་ལ། ལྷག་པར་དབྱར་གྱི་དུས་སུ་ཡོད་ཚད་ལྗང་ཏིག་ཏིག་དང་ཁྲ་ལམ་མེར་མངོན་པ་དང་། སྟོན་མཇུག་ཏུ་སྐྱེར་བ་དང་གླ་ཚེར་གྱི་ལོ་མའི་ཁ་དོག་བརྗེས་པ་དང་བསྟུན་ནས་སེར་པོ་གསེར་མདོག་དང་དམར་སྨུག་གཟན་གོས་ཀྱི་མདོག་ལྟ་བུ་མངོན་པས།ཀོ་སྦྲའི་མཚོ་དམར་གྱི་ཡུལ་ལྗོངས་དེ་བས་ཀྱང་ལྟ་ན་སྡུག་པར་མངོན་འོངས་ཟེར། དབྱར་ཟླ་དྲུག་པའི་ཙད་ནག་ཀླད་ནས་བསྐོར་ནའང་བྲག་རི་དང་རྡོ་ཟེགས་ཀྱིས་ཤན་པའི་ལུང་བའི་ཕུ་རུ་ཤག་ཤག་ཏུ་འབབ་པའི་ཆུ་ཕྲན་ལ་ཆབ་རོམ་སྲབ་བུ་ཞིག་ཆགས་ཡོད་ལ། ཁྱེད་ཀྱིས་སྙིམ་པ་གཟེད་ནས་ཧུབ་གང་འཐུང་ཚེ་སོའི་རྐང་གཟེར་བར་མ་ཟད་བྱང་ཁོག་ཧྲིལ་པོ་འཁྱག་སིབ་སིབ་ཀྱི་གྲང་སྣང་སྟེར། འཁྲིས་སུ་ཚང་ཚིང་སྐྱེས་པའི་ནགས་ཚལ་གྱི་ཅུང་མཐོ་སའི་བྲག་རྩར་མཚམས་ཁང་ཤིག་ཕུབ་ཡོད་ཅིང་། གོ་ཐོས་ལྟར་ན་བདུད་ཤུལ་དགོན་པའི་དགེ་སློང་རེ་གཉིས་གནས་འདིར་བརྟོལ་ཏེ་ཁ་ཏོན་དགེ་སྦྱོར་བསགས་ནས་ཡུན་རིང་དུ་མཚམས་ལ་བསྡད་མྱོང་སྐད།

ང་ཚོས་ཐོག་མར་ཅ་ལག་ཚང་མ་སྤང་ཁུད་དུ་བཞག་རྗེས་མཚོ་ཁར་ཆས་ཏེ་མཆོད་རྟེན་དབྱིབས་སུ་བཞེངས་པའི་བསང་ཁུང་དུ་ལྷ་བསང་བཏང་ཞིང་སྐྱབས་འཇུག་ཞུས་ཏེ་ཉེ་འགྲམ་གྱི་དར་རྡང་ནས་མདོ་གདུགས་སྒྲོལ་གསུམ་སོགས་ཕྲ་ཚོན་སྣ་ལྔའི་དར་ལྕོག་འཐེན་པ་ན། རླུང་བུ་འཇམ་པོ་ཞིག་ཤིག་ཤིག་ཏུ་གཡུགས་ནས་ང་ཚོ་ཕེབས་པར་དགའ་བསུ་ཞུ་བའི་ཟོལ་གྱིས་དར་ལྕེ་ལྷབ་ལྷུབ་ཏུ་བསྒུལ་བྱུང་། དེ་གའི་སྒྲིག་སྲོལ་ལྟར་མཚོ་གཏེར་ཡང་ཉུང་ཙམ་ཕུལ་རྗེས་མཚོ་མཐའི་རྐང་ལམ་གྱ་གྱུ་བརྒྱུད་དེ་ཀོ་སྦྲའི་མཚོ་དམར་ལ་སྐོར་བ་བརྒྱབ་པ་ཡིན། ནགས་ཚལ་ཧ་ཅང་སྟུག་པས་བགྲོད་དཀའ་མོད། ང་ཚོས་མགོ་བསྒུར་ཞིང་ལག་ཟུང་གིས་ཡལ་ག་འཛིང་བ་ཕར་འདེད་ཚུར་འཐེན་སྒོས་སྐོར་བ་རྒྱག་ཞོར་ནགས་གསེང་གི་རྩྭ་ཕྲན་གྱི་གསེབ་ཏུ་ཡོད་པའི་འབྲི་སིལ་འཐུས་ཤིང་ཀོ་སྦྲའི་མཚོ་དམར་གྱི་ཡུལ་གྱི་བཀོད་པ་རེ་རེ་དྲན་རྟེན་གྱི་དོད་དུ་པར་ལ་བརྡབས།

ང་ཚོ་ནགས་གསེང་བརྒྱུད་དེ་འགྲོ་སྐབས་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་རྒྱ་ཡིག་གིས(龙王池)ཞེས་པའི་ཡིག་འབྲུ་གསུམ་བྲིས་ཡོད་ལ། དེ་ནི་མིང་གོའི་སྐབས་སུ་རྫོང་དཔོན་ཞིག་གིས་བྲིས་པར་བཤད། སྐབས་དེར་ཁྲི་ཀའི་ཡུལ་ལ་ཐན་པ་ཆེན་པོ་བྱུང་བས་ཁྲེ་ཙེ་ཞོལ་མའི་ལྷ་པ་སྐོར་ཞིག་གནས་དེར་འཛོམས་ཏེ་མཆོད་འབུལ་བསྙེན་བཀུར་རྒྱ་ཆེན་པོ་མཛད་དེ་ཆར་ཕབ་སྲོལ་ཡོད་ཅིང་། ཆར་ཆུ་དུས་སུ་མ་བབས་ཚེ་དུས་ད་ཆའང་ཁྲེ་ཙེ་ཞོལ་མའི་ལྷ་པ་རེ་འགའ་ཀོ་སྦྲའི་མཚོ་དམར་ཁར་སོང་ནས་སྐྱབས་འཇུག་མཆོད་འབུལ་བྱས་ཏེ་ཆར་ཕབ་སྲོལ་ཡོད་པ་རེད།

སྐོར་བ་བརྒྱབ་ཚར་རྗེས་ང་ཚོས་རང་རང་སར་བཟའ་བྱ་དང་བཏུང་བྱ་གྲ་སྒྲིག་ཨང་གསར་བྱས་རྗེས་སྤང་གོས་འདྲ་བའི་ཁུད་དུ་འགྱིག་གདན་ཞིག་བཏིང་སྟེ་ཁམས་གཡེང་བྱེད་ཞོར་དྲོས་ཇར་རོལ་བ་ཡིན་ལ། གནས་དེ་གའི་གྲེ་འགྱུར་ཅི་དགར་སྒྲོག་པའི་བྱ་བྱེའུ་དང་དར་དིར་གླུ་དབྱངས་ལེན་མཁན་སྦྲང་མའི་ཚོགས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།