ཀྲུང་གོ་བོད་ཀྱི་དྲ་བ།

དབུས་བསྐྱོད་ཟིན་ཐོ་ཁག་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིགས་ཀྱི་བུ།   སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབུས་བསྐྱོད་ཟིན་ཐོ་ཁག་དང་པོ། 


མཆོད་དོ་འདུད་དོ་བདག་གི་མེས་པོ་མཆོད། །

བསྔགས་སོ་བསྟོད་དོ་དམ་པའི་རྣམ་ཐར་བསྔགས། །

དགའ་འོ་སྤྲོ་འོ་དབུས་ཡུལ་བསྙེགས་པར་དགའ། །

དུངས་སོ་སྨོན་ནོ་རང་རེའི་ཡུལ་འདིར་དུངས། །

ཚེ་སྔོན་ལས་ཀྱི་སྨོན་ལམ་འབྲེལ་བའི་མཐུས། །

སྐྱེས་ཆེན་དམ་པའི་ཞབས་སེན་བཀོད་པའི་གནས། །

དབུས་གཙང་རིག་པ་འབྱུང་བའི་གནས་མཆོག་ལ། །

ལན་ཅིག་བསྐོར་བའི་མཐོང་ཐོས་མྱོང་བ་ཀུན། །

མ་གསང་དྲང་པོའི་ལམ་ནས་ཅུང་ཟད་སྤྲོ། །

ཞེས་བྱ་བའི་སྔོན་འགྲོའི་ཚིགས་སུ་བཅད་པ་འགའི་མདུན་བསུས་ཏེ། ཐེངས་འདིའི་ལྷ་ལྡན་ཞིང་གི་རྒྱུ་འགྲུལ་ཞེས་པའི་རྟོག་དཔྱོད་སློབ་སྦྱོང་ཁྲོད་དུ་ཐོབ་པའི་མཐོང་ཐོས་མྱོང་གསུམ་ཞིག་གྲོགས་རྣམ་དཔྱོད་དང་ལྡན་པ་རྣམས་ལ་བརྗོད་པར་བྱའོ།།

དེ་ཡང་ང་རང་ཆུང་ངུའི་དུས་ནས་དབུས་གཙང་དག་པའི་ཞིང་ལ་ཐེངས་གཅིག་ཕྱིན་ན་བསམ་པའི་རེ་འདུན་ཞིག་སེམས་ལ་རྒྱུན་མར་གནས་ཡོད་ནའང་།མི་ལོ་ཉི་ཤུ་ལྷག་གི་ནར་སོན་གྱི་ལོ་ཟླའི་ནང་དུ་སློབ་གཉེར་དང་བྱ་བའི་དབང་གིས་འདོད་པ་དོན་ཐོག་ཏུ་མ་སྨིན་པར་འདུག་དགོས་བྱུང་། ད་ལོའི་སྤྱི་ཟླ་དགུ་པའི་ནང་། ང་ཚོ་གཅིག་བདུན་ལོའི་ཞིབ་འཇུག་འཛིན་གྲྭའི་སློབ་གྲོགས་ཚང་མའི་རེ་འདུན་དང་སློབ་གླིང་གིས་ཆོག་མཆན་ཐོབ་པ་བརྒྱུད། དབུས་གཙང་དག་པའི་ཞིང་ལ་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཐོབ་སྟེ་འདོད་པ་དོན་ཐོག་ཏུ་སྨིན།

ལམ་ལ་མ་ཆས་པའི་ཡར་སྔོན་དུ། ང་ཚོས་ཐེངས་འདིའི་འགྲུལ་བཞུད་ཀྱི་ལམ་ཐིག་གཏན་འཁེལ་དང་ལམ་བགྲོད་དཔང་ཡིག་སོགས་གྲ་སྒྲིག་བྱས་ཤིང་། དགེ་རྒན་དམ་པ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་རྟོག་དཔྱོད་ལ་ལྷ་ལྡན་ཞིང་གི་རྒྱུ་འགྲུལ་ཞེས་པའི་མིང་བྱང་བསྩལ་པ་སོགས་འགྲོ་ལུགས་ཐམས་ཅད་ལྷག་ལུས་མེད་པར་བསྒྲུབས་རྗེས། སྤྱི་ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ངེད་དགེ་སློབ་བརྒྱད་གནའ་མཁར་ཟི་ལིང་ནས་གནམ་གྲུར་བསྡད་དེ་ཆུ་ཚོད་གཉིས་ཙམ་སོང་རྗེས་ལྷ་སའི་གོང་དཀར་གནམ་གྲུའི་འབབ་ཐང་ལ་ཐོན། གནམ་གྲུའི་ཐང་དུ་ཐེངས་འདིའི་རྒྱུ་འགྲུལ་གྱི་རླངས་འཁོར་ཁ་ལོ་པ་ཡིན་པའི་ཨ་ཁུ་ཟླ་གྲགས་ལགས་ཀྱིས་ང་ཚོ་སྤྲོ་སེམས་ལྡན་པའི་ངང་བསུ་བ་བྱས་ཤིང་། དེ་རུ་མཉམ་པར་ཞིག་བསྐྱོན་རྗེས་ཐེངས་འདིའི་རྒྱུ་འགྲུལ་གྱི་ས་ཚིགས་ཐོག་མ་དཔལ་ལྡན་གསང་ཕུ་དགོན(桑普寺)ལ་འཕྲལ་མར་མཇལ་བ་ཡིན།

timg88KNG0SI.jpg

གསང་ཕུ་དགོན་ནི་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་གི(堆龙德庆县)ཁོངས་སུ་གནས་གནས་ཤིང་། ལྷ་ས་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ལྷག་ཡོད་པའི་གསང་ཕུ་གྲོང་ཚོའི་ཕུ་རུ་ཆགས་ཡོད། དགོན་འདི་ནི་བཀའ་གདམས་མེས་པོ་ཇོ་བོའི་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་རྔོག་ལེགས་པའི་ཤེས་རབ་སྟེ། བསྟན་པ་ཕྱི་དར་སྐབས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཙཱ་པ་རིན་ཆེན་བཟང་པོ་སོགས་མི་ཉེར་གཅིག་ཁ་ཆེའི་ཡུལ་དུ་སློབ་གཉེར་ལ་མངགས་པའི་ཁྲོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་རབ་བྱུང་དང་པོའི་ས་མོ་གླང་གི་ལོ་སྟེ་སྤྱི་ལོ་ཆིག་སྟོང་བརྒྱ་མེད་དོན་གསུམ་ལོར་ཕྱག་བཏབ། མཚན་རྒྱས་པར་དཔལ་ལྡན་གསང་ཕུ་ནེའུ་ཐོག་ཞེས་གྲགས།

གསང་ཕུ་ཞེས་པའི་མིང་གི་ཐོགས་དོན་ནི་ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་སྐབས་རྔོག་ལེགས་པའི་ཤེས་རབ་ལ་ལུང་པ་ཡ་གའི་ཕུ་ག་ནི་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པད་མ་འདབ་བརྒྱད། གཡས་སུ་དུང་དཀར་གཡས་འཁྱིལ། རྒྱབ་རི་རྗེ་བཙུན་བྱམས་པ་མགོན་པོ་དང་འཇམ་པའི་དབྱངས་ཀྱིས་དྲང་ངེས་རྩོད་པ་ལ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དཔང་པོར་བཞུགས་འདྲའི་རྟགས་རྟེན་འབྲེལ་ཕུན་སུམ་ཚོགས་པས་གཙུག་ལག་ཁང་ཞིག་བཏབ་ན་འཆད་ཉན་རྒྱས་པར་གསུང་སྩལ་པས། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་རྗེ་ལ་དོན་དེ་རེ་ཞིག་གསང་བར་མཛོད་ཅེས་བསྐུལ་པས་གསུང་ཕུ་རུ་ཐོགས་པར་གྲགས། ནེའུ་ཐོག་ཅེས་པ་ནི་རྔོག་ལེགས་པའི་ཤེས་རབ་ཀྱིས་རྒྱུན་སྤྱོད་ཅ་ལག་བྱ་ནེའུ་ལེ་ཡིས་འཁུར་ནས་ད་ལྟའི་གཙུག་ལག་ཁང་ཆགས་སའི་གནས་དེར་འཕངས་པས་ནེའུ་ཐོག་ཏུ་གྲགས་པར་བཤད།

11.jpg

དེའི་སྟབས་ཀྱིས་ད་ལྟ་ཤར་རི་ལ་ནོར་བུ་རི་དང་། རྒྱབ་རི་ལ་སྒྲོལ་མ་རི། ནུབ་རི་ལ་ཐུབ་པ་རི། ལྷོ་རི་ལ་རྒྱ་མོ་རི་ཞེས་གྲགས་ཤིང་། དེ་ལྟ་བུའི་ཕྱོགས་གསུམ་རི་ཡིས་བསྐོར་ཞིང་། གཡས་གཡོན་ཆུ་ཕྲན་འབབ་པ། སྤང་གཞོང་རྩྭ་ཆུ་འཛོམས་པའི་གནས་ཉམས་དགའ་བ་དེ་འདྲའི་པང་དུ་ཆགས་ཡོད། ཕྱིས་སུ་ཁོང་གི་དབོན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་ཆ་བ་ཆོས་ཀྱི་སེང་གེ་སོགས་གདན་ས་པ་རིམ་པར་བརྒྱུད་ནས་དར་རྒྱས་ཆེན་པོར་ཕྱིན་ཏེ། དགེ་ལུགས་པའི་སེ་འབྲས་དགེ་གསུམ་མ་བཏབ་གོང་གི་དབུས་ཀྱི་བཀའ་གདམས་པའི་གདན་ས་དྲུག་གི་ཡ་གྱལ་དུ་གྱུར་ཅིང་། ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གི་ཚད་མའི་འཆད་ཉན་ཤིན་ཏུ་དར་དེ་བོད་ཀྱི་དཔལ་ནཱ་ལེནྡྲ་ལྟ་བུར་ཆགས། ཀརྨ་དུས་གསུམ་མཁྱེན་པ་དང་། ཕག་གྲུ་རྡོ་རྗེ་རྒྱལ་པོ།  བླ་མ་ཞང་བརྩོན་འགྲུས་གྲགས་པ། ས་སྐྱའི་སློབ་དཔོན་བསོད་ནམས་རྩེ་མོ། རྒྱ་མཆིང་རུ་བ།  རྟོགས་ལྡན་གྲགས་པ་སེང་གེ གཡག་སྡེ་པཎ་ཆེན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། གཉལ་ཕུ་བ་བསོད་ནམས་བཟང་པོ། རྒྱལ་ཚབ་དར་མ་རིན་ཆེན།  རྗེ་ཙོང་ཁ་པ།  རོང་སྟོན་ཤཱཀྱ་རྒྱལ་མཚན།  བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།  འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། རྗེ་ཤེས་རབ་སེང་གེ གུང་རུ་རྒྱལ་མཚན་བཟང་པོ། རྒྱལ་བ་དགེ་འདུན་གྲུབ། བ་སོ་ཆོས་ཀྱི་རྒྱལ་མཚན།  གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་ལེགས་པ་ཆོས་འབྱོར། པཎ་ཆེན་བསོད་ནམས་ཕྱོགས་གླང་། ལྷ་ཐོག་བློ་བཟང་བསྟན་འཛིན།  ཀློང་རྡོལ་ངག་བཟང་བློ་བཟང་སོགས་སྐྱེས་ཆེན་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནའ་དགོན་གྲགས་ཅན་ཞིག་རེད།  དགོན་དེའི་གདན་ས་པ་བརྒྱད་པ་དང་དགུ་བའི་སྐབས་སུ་གླིང་སྟོད་སྨད་གཉིས་སུ་གྱེས་ཏེ། གླིང་སྟོད་འཇམ་སེང་བས་བཟུང་ཞིང་། གླིང་སྨད་གཉལ་པ་དད་པ་བཟང་པོ་ནས་བཟུང་སྟེ། ཚོགས་ཆེན་གཅིག་དང་གྲྭ་ཚང་བཅུ་བྱུང་།  གླིང་སྟོད་ལ་གྲྭ་ཚང་ལྔ་ཏེ། སོ་སོ་ནི་ཉི་མ་ཐང་གྲྭ་ཚང་། ཁུ་སྤེ་གྲྭ་ཚང་། རྣམ་རབ་དྭགས་པོ་གྲྭ་ཚང་། རྣམ་རྒྱལ་གསེར་ཁང་གྲྭ་ཚང་། སྦེ་སེར་གྲྭ་ཚང་བཅས་ཡིན། གླིང་སྨད་ལ། ཁྲེང་སྒོ་ཞི་བ་གྲྭ་ཚང་། དགའ་ལྡན་ཉང་རོང་གྲྭ་ཚང་། རྭ་སྟོད་གྲྭ་ཚང་། རྭ་སྨད་གྲྭ་ཚང་། གནས་སྒོ་གླང་ཐང་གྲྭ་ཚང་བཅས་ཉི་ཁུ་དྭགས་གསེར་སྦེ་དང་ཞི་ཉང་སྟོད་སྨད་སྒོ་བཅས་སུ་གྲགས། ཕྱིས་སུ་གྲྭ་ཚང་མང་ཤོས་ཤིག་ཉམས་དམས་སུ་གྱུར་ཞིང་རྭ་སྟོད་གྲྭ་ཚང་སྙེ་ཐང་བདེ་བ་ཅན་དུ་སྤར་ཅིང་། རྭ་སྨད་གྲྭ་ཚང་ལྷོ་ཁ་གོང་དཀར་རྫོང་ཁོངས་སུ་སྤར། ཉང་རོང་གྲྭ་ཚང་དགའ་ལྡན་དུ་སྤོས་ཏེ་དགའ་ལྡན་ཤར་རྩེ་དང་གཅིག་ཏུ་བསྒྲིལ་བ་སོགས་དགོན་པ་གཞན་གྱི་ཁོངས་གཏོགས་སུ་བཅར་བའི་འཕོ་འགྱུར་སྣ་ཚོགས་ཤིག་བརྒྱུད་འདུག ཕྱག་ལེན་ཀྱང་སྔོན་ཇོ་བོ་བཀའ་གདམས་པའི་ལུགས་ཡིན་ནའང་། ཕྱིས་སུ་གླིང་སྟོད་གླིང་སྨད་གཉིས་སུ་གྱེས་པ་ནས་བཟུང་གྲྭ་ཚང་བཅུ་བོ་དེ་ལས་གྲྭ་ཚང་བཞི་ཡིས་དགེ་ལུགས་པའི་ཕྱག་སྲོལ་དང་གྲྭ་ཚང་དྲུག་གིས་ས་སྐྱ་བའི་ཕྱག་སྲོལ་གནང་སྟེ་ས་དགེ་མཉམ་གཉེར་ཡོད་པ་ཞིག་ཏུ་ཆགས། དེ་ལྟ་བུའི་རིག་པའི་གཟི་བྱིན་གྱི་ཚན་རླབས་ཕྱོགས་བཅུར་རྒྱས་མྱོང་བའི་དགོན་པ་གྲགས་ཅན་དེ་ཕྱིས་སུ་རིག་གནས་ཀྱི་གོད་ཆག་དང་རྐྱེན་འགྱུར་དུ་མའི་དབང་གིས་ཉམས་དམས་སུ་ཕྱིན་ཏེ་འདས་པའི་མཚར་སྡུག་གི་ལོ་རྒྱུས་དག་ཀྱང་ད་ལྟ་གྱང་རོ་དང་ཞིག་རལ་ཁྲོད་དུ་འཐིམས་པ་ལ་བསམ་ཚེ་རང་དབང་མེད་པར་ཕངས་སེམས་དང་གདུང་ཡུས་མང་པོ་ཞིག་ཀྱང་ཤོར།

微信图片_20190927152659.jpg

ད་ལྟ་སྔོན་དགོན་དེའི་ཐུབ་པ་ལྷ་ཁང་གི་ཤུལ་དུ་གསར་དུ་བཞེངས་པའི་ཐོག་ཁང་སུམ་བརྩེགས་ར་བ་དང་བཅས་པའི་འདུ་ཁང་ཞིག་དང་རྭ་སྨད་གྲྭ་ཚང་གི་འདུ་ཁང་བསྐྱར་དུ་བཞེངས་པ་ཞིག རྔོག་ལེགས་པའི་ཤེས་རབ་ཀྱིས་དགོན་པ་ཕྱག་བཏབ་གནང་རྗེས་བཞེངས་པར་གྲགས་པའི་མཆོད་རྟེན་དཀར་པོ་ཞིག་བཅས་ཡོད། འདུ་ཁང་ར་བ་ཅན་དེའི་འོག་ཁང་གི་རྟེན་གཙོ་བོ་ནི་དུས་གསུམ་སངས་རྒྱས་དང་སློབ་དཔོན་པདྨའི་འཇིམ་སྐུ  གསེར་ཟངས་ལས་གྲུབ་པའི་ཇོ་བོ་དང་རྒྱལ་བ་བྱམས་པ་མགོན་པོ། སངས་རྒྱས་སྨན་བླ་བཅས་བཞུགས་ཡོད་ལ། དབུས་ཀྱི་ས་སྐྱ་གོང་མའི་བཞུགས་ཁྲིའི་མདུན་དུ་མི་ཚད་གཅིག་ལས་ལྷག་པའི་རྒྱ་གར་ནས་གདན་དྲངས་པར་གྲགས་པའི་རྡོ་རྗེ་གདན་གྱི་མཆོད་རྟེན་དང་། གཙང་ཁང་ནང་རྔོག་ལེགས་པའི་ཤེས་རབ་ཀྱིས་གདན་དྲངས་པར་གྲགས་པའི་དགོན་དེའི་ཆོས་སྐྱོང་བསེ་ཁྲབ་ཅན་ལ་སོགས་པ་བཞུགས།

ཉིས་ཐོག་སྒྲོལ་མ་ལྷ་ཁང་ནང་རྒྱལ་དབང་གི་བཞུགས་ཁྲི་དང་། ཇོ་རྔོག་འབྲོམ་གསུམ། རྗེ་བློ་བཟང་གྲགས་པ། སྒྲོལ་མའི་འཇིམ་སྐུ་སོགས་བཞུགས། སུམ་ཐོག་བླ་མ་ལྷ་ཁང་དུ་ཇོ་རྔོག་འབྲོམ་གསུམ་དང་རྔོག་བློ་ལྡན་ཤེས་རབ། སེང་ཆེན་བརྒྱད་སོགས་ཀྱི་འཇིམ་སྐུ་དང་ས་སྐྱ་གོང་མ་རྣམ་ལྔའི་ཟངས་སྐུ་སོགས་བཞུགས། དེའི་ཉེ་འདབས་སུ་བསྐྱར་བཞེངས་གནང་བའི་རྭ་སྨད་གྲྭ་ཚང་གི་འདུ་ཁང་ནང་གི་རྟེན་གཙོ་བོ་ལ་རྒྱལ་བ་རྡོ་རྗེ་འཆང་། སྤྱན་རས་གཟིགས། སློབ་དཔོན་པདྨ། སྒྲོལ་དཀར། འཇམ་དབྱངས། བཀའ་འགྱུར་དཔར་མ། བཙན་ཁང་དུ་མགོན་པོ་གུར་དང་དཔལ་ལྡན་ལྷ་མོ་སོགས་བཞུགས། དེ་ལྟ་བུའི་སྔོན་བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་འཆད་ཉན་ཆེ་ཆེར་དར་ཞིང་རིག་པའི་བསྟི་གནས་སུ་གྱུར་པའི་གནས་མཆོག་དཔལ་གསང་ཕུ་ནེའུ་ཐོག་ལ་མཇལ་རྗེས། ལྷ་ལྡན་དག་པའི་ཞིང་ཁམས་ཏེ། བོད་མི་ཁྲི་ཕྲག་གི་དད་པའི་ཞིང་ཁམས་སུ་གྱུར་བའི་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད།

གནས་ཡི་མཆོག་གྱུར་དཔལ་ལྡན་གསང་ཕུ་དང་། །

མཁས་པའི་ཁྱུ་མཆོག་རྔོག་ལོ་རྣམ་གཉིས་སོགས། །

སྔོན་བྱོན་དམ་པ་གསེར་རིའི་ཕྲེང་བའི་ཞབས། །

འགོད་པར་མི་ངལ་དཔལ་ལྡན་གསང་བའི་གནས། །

                                   ༢༠༡༨  ༡༠  ༡༩


           དབུས་བསྐྱོད་ཟིན་ཐོ་ཁག་གཉིས་པ།


ང་ཚོ་དཔལ་ལྡན་གསང་ཕུ་དགོན་ནས་ལམ་ལ་ཆས་ཏེ་སྐྱིད་ཆུའི་འགྲམ་ངོགས་བརྒྱུད་དེ་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་ཆས། དགུང་ཁའི་ས་སྲོད་ཀྱི་ཉི་འོད་ལམ་ལམ་འཕྲོ་བའི་ཀློང་ནས་སྐྱིད་ཆུ་རིང་མོ་དེའང་ཁ་ཁུ་སིམ་མེར་ང་ཚོ་ཡོང་སའི་གནམ་གྲུ་ཐང་གི་ཕྱོགས་སུ་རྒྱུ་བཞིན་འདུག སྐྱིད་ཆུ་ནི་སྐྱིད་ཤོད་ལུང་པ་ནས་འབབ་པའི་ཆ་ནས་སྐྱིད་ཆུ་ཞེས་ཐོགས་པར་སྣང་ལ། སྐྱིད་ཆུ་རིང་མོ་དེ་མཐོང་སྐབས་མཁས་དབང་དགེ་ཆོས་ལགས་ཀྱི་སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོར། །ཞག་གསུམ་འཛོམས་པ་འགྲོགས་པའི་མཐའ་མ། །མི་རིངས་འཕྲད་པའི་ཁ་ཆད་བྱས་པ། །རྨི་ལམ་ནང་ནས་ངང་གིས་མཇལ་བྱུང་། །ཞེས་པའི་ཚིགས་བཅད་དེའང་ཡིད་ཀྱི་ག་ཤེད་ཅིག་ནས་ལྡིངས་འོངས་ཏེ་སེམས་ཀྱི་གཏིང་རིམ་ཞིག་ལ་སྐྱོ་སྣང་ཕྲན་ཤས་ཀྱང་བྱུང་། ལྷ་ས་ལ་མ་ཐོན་པའི་ལམ་ཁར་ད་དུང་ལམ་བགྲོད་དཔང་ཡིག་སོགས་ལ་ཞིབ་བཤེར་ཡང་བྱེད་དགོས་འདུག གསང་ཕུ་ནས་ལྷ་ས་ལ་སྤྱི་ལེ་ཉི་ཤུ་ལྷག་མ་གཏོགས་མེད་ནའང་སྣང་བ་ཞིག་ལ་དུས་ཚོད་གཅིག་ལྷག་ཙམ་ལ་འགྲོ་དགོས་བྱུང་། ཕྱིས་སུ་ཤེས་པ་ཞིག་ནི་དབུས་གཙང་ཕྱོགས་འདིར་ལམ་སྣ་ཀྱག་ཀྱོག་མང་པོའི་སྟབས་ཀྱིས་སྤྱི་ལེ་གཉིས་གསུམ་དེའང་ང་ཚོའི་ས་ཆ་དང་བསྡུར་ན་སྤྱི་ལེ་བཅུ་ཙམ་ཞིག་ཡོད་སྙམ་སྐྱེས། དེ་ལྟར་ང་ཚོ་ས་སྲོད་ཀྱི་ཉི་འོད་དང་བསྡོངས་ནས་སྟོད་ཉི་མ་ལྷ་ས་ལ་སླེབས། ང་ཚོའི་མེས་པོའི་རིང་ནས་ཞབས་ཐང་གིས་བསྙེག་པའི་སྟོད་ཉི་མ་ལྷ་ས་ལ་ཐོན། རྒྱང་རིང་ནས་མཐོང་ལམ་དུ་སྐད་ཅིག་གིས་ལྡིང་འོངས་པ་ནི་ལྷ་ཡི་ཞིང་ཁམས་ས་ལ་འཕོས་པ་ལྟ་བུའི་ལྷ་ལྡན་གྲོང་ཁྱེར་གྱི་དབུས་ན་རྔམ་བརྗིད་ཀྱིས་འགྱིངས་པའི་དམར་པོའི་རིའི་སྟེང་གི་མཚན་གྱི་སྙན་པ་སྲིད་གསུམ་འཛིན་མའི་ཁྱོན་ན་བར་མེད་དུ་རྡུང་ཞིང་། སྐབས་གསུམ་དབང་བོའི་རྣམ་པར་རྒྱལ་བའི་ཁང་བཟང་ལ་ཡང་ཅོ་འདྲི་བའི་མི་རིགས་བཟོ་རྩལ་གྱི་ཁྱད་ཆོས་མངོན་པར་བསྡུས་པའི་རྩེ་ཕོ་བྲང་པོ་ཏ་ལ་རེད། པོ་ཏ་ལ་མཐོང་མ་ཐག་ངའི་སེམས་སུ་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་མང་པོ་ཞིག་ལྷོག་ལྷོག་ཏུ་བརྡོལ་ཏེ་ཡུན་ཙམ་ཞིག་ལ་མགྲིན་པའང་བརྣངས་པར་གྱུར། དེ་ལྟར་རྔམ་ཞིང་བརྗིད་པའི་ཕོ་བྲང་གི་གཟི་ཉམས་ལ་ལྟ་བཞིན་ང་ཚོ་མི་ཚོགས་ཀྱི་འདུ་འགོད་ལོང་ལོང་རྩོམ་པའི་ལྷ་སའི་བར་སྐོར་དུ་སླེབས། དེར་ཐོན་དུས་མཚན་སྨག་ཀྱང་རུབ་འདུག་པས་རླངས་འཁོར་ཁ་ལོ་པའི་ངོ་ཤེས་ཡིན་པའི་བར་སྐོར་གྱི་མགྲོན་ཁང་ཞིག་ཏུ་བསྡད། 

微信图片_20190927180841.jpg

 བར་སྐོར་ཞེས་པ་འདི་ནི་རྒྱལ་དབང་ལྔ་པའི་སྐབས་སུ་གཞུང་ཕྱོགས་མི་སྣ་དང་ལྷ་འབངས་སྡོད་སའི་ས་ཁུལ་ཞིག་སྟེ། པོ་ཏ་ལ་དང་ར་ས་གཙུག་ལག་ཁང་གི་བར་དུ་གྲོང་ཚོ་སྐོར་ཏེ་གནས་པས་ན་བར་སྐོར་དུ་གྲགས་པ་ཞིག་གམ། ཡང་ན་ལྷ་སའི་གཙུག་ལག་ཁང་གི་མཇལ་སྐོར་ལ་གླིང་སྐོར། བར་སྐོར། ནང་སྐོར་བཅས་གསུམ་ཡོད་པ་ལས་བར་སྐོར་ཡིན་པའི་ཆ་ནས་མིང་དེ་ལྟར་ཐོགས་པར་བཤད་ཀྱང་འགལ་བ་ཆེར་མེད་པར་སེམས། གང་ལྟར་ཀྱང་ད་ལྟ་ར་ས་གཙུག་ལག་ཁང་ཡོད་སའི་མཐའ་སྐོར་གྱི་ཁྲོམ་ཆེན་པོ་འདི་ལ་བར་སྐོར་དུ་གྲགས།

timg40NSA91U.jpg

ཕྱི་ཉིན་ཏེ་སྤྱི་ཟླ་དགུ་པའི་ཚེས་ཉེར་གཉིས།ཧོར་རྩིས་ཀྱི་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ང་ཚོ་སྔ་མོ་ནས་མལ་ལས་ལངས་ཏེ་ལྷ་ལྡན་གཙུག་ལག་ཁང་ལ་མཇལ་དུ་སོང་བ་ཡིན། གཙུག་ལག་ཁང་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་བཞེངས་ཤིང་། ད་ཕན་བར་ལོ་ངོ་ཆིག་སྟོང་བཞི་བརྒྱའི་ལོ་རྒྱུས་ལྡན། ཐོག་མར་བལ་བཟོའི་ཐུགས་རྟེན་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་ས་ཡིན་ནའང་། ཕྱིས་སུ་དུས་འགྱུར་སོགས་རྐྱེན་དུ་མའི་དབང་གིས། ཇོ་བོ་ཕན་ཚུན་གནས་ཡུལ་བརྗེ་དགོས་པ་བྱུང་སྟེ། རྒྱ་བཟས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་བཞུགས་ཁང་དུ་གྱུར། གཙུག་ལག་ཁང་འདིའི་མིང་གཞན་ལ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ། དགའ་བཞི་འཕྲུལ་གྱི་ལྷ་ཁང་ཡང་ཟེར། ཡོངས་གྲགས་སུ་ཇོ་ཁང་དུ་གྲགས་པ་དེ་ཉིད་རེད། ལྷ་ས་ཞེས་པའང་ཐོག་མའི་དུས་ན་གནས་འདི་རུ་གོ་ལ། གནས་འདི་རུ་སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་དངོས་སུ་རབ་གནས་གནང་བར་གྲགས་པའི་བྱིན་སྐུ་ཇོ་བོ་ཤཱཀྱ་མུ་ནེ་དང་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་སོགས་ལྷ་ཚོགས་མང་པོ་བཞུགས་པས་ན་སྔོན་ནས་ད་ལྟའི་བར་དུ་མཆོད་མཇལ་གྱི་སྒྲོན་མེ་མ་འཇགས་པར་གནས་ཡོད། སྔོན་གྱི་དུས་ན་སྐྱེས་ཆེན་ཕལ་མོ་ཆེ་ཡིས་གནས་མཇལ་གྱི་ཐོག་མའང་འདི་ནས་མགོ་རྩོམ་གྱིན་པའི་གནས་ཚུལ་རང་རེའི་ལོ་རྒྱུས་མང་པོར་གསལ། ར་ས་ཞེས་པ་ནི་སྔོན་འདིར་འོ་ཐང་གི་མཚོ་ཡོད་པ་ལ་སྲོང་བཙན་སྐབས་ར་ལ་ས་བཀལ་ཏེ་མཚོ་བསྲུབས་ནས་གཙུག་ལག་ཁང་འདི་བཞེངས་པའི་སྟབས་ཀྱིས་ར་ས་ཞེས་ཐོགས་པར་བཞེད་ལ།  རྒྱའི་སྐད་དུ་ལོ་ཞིས་(逻些)ཞེས་པའང་སྒྲ་འདི་ཟུར་ཆགས་པར་འདོད། ཡིན་ནའང་འོ་ཐང་གི་མཚོ་ཞེས་པ་འདི་ལས་འོ་ཐང་ཞེས་པའི་ཐ་སྙད་ཞིག་ཀྱང་འབྱུང་བས་སྔོན་གྱི་དུས་སུ་གནས་འདིར་འོ་ཐང་དུའང་འབོད་པ་འདྲ། ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན་པར་གྲགས་པའི་ཀ་ཆེམས་ཀ་འཁོལ་མ་ཡང་གཙུག་ལག་ཁང་འདིའི་ཀ་བའི་འོག་ནས་བཏོན་པར་གྲགས། ད་ལྟའི་གཙུག་ལག་ཁང་འདིར་ཐོག་བརྩེགས་གསུམ་ཡོད་ལ། འོག་ཁང་། བར་ཁང་། སྟེང་ཁང་བཅས་བརྩེགས་རིམ་གསུམ་གྱི་ནང་དུ་དུས་རབས་སོ་སོར་བཞེངས་པའི་ཐུགས་རྟེན་གྲངས་མེད་པ་བཞུགས་ཤིང་། སྟེང་ཐོག་ཏུ་བུད་ན་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ཕལ་མོ་ཆེ་མཐོང་ཐུབ། མཇལ་པ་མང་པོ་འཚངས་ཁ་ཤིག་ཤིག་བྱེད་པའི་ཁྲོད་ནས་ང་ཚོ་ཡང་ཆུ་ཚོད་གཉིས་ཙམ་ཞིག་ལ་མཇལ་དགོས་བྱུང་། ཐུགས་དམ་གྱི་རྟེན་གཙོ་དང་ལྡེབས་རིས་རྙིང་པ། ནང་གི་བཟོ་བཀོད་ཕལ་མོ་ཆེ་ཞིག་སྔོན་གྱི་རྣམ་པ་ཁོ་ནར་མཆིས་པས་རང་དབང་མེད་པར་རང་རེའི་དམ་པ་རྣམས་ཀྱི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རངས་སྐྱེས་པ་ཞིག་ཀྱང་རེད། འོན་ཀྱང་མི་གཙང་བའི་སྒོར་མོ་མང་པོ་ལྷ་རྟེན་སྐུ་གསུམ་གྱི་ངོས་དང་རྩིག་ལྡེབས་སུ་ཅི་དགར་སྟོར་བ་ནི་མཐོང་སྣང་ལ་ཤིན་ཏུ་མི་མཛེས་པར་མ་ཟད། རྟེན་གྱི་སྲུང་སྐྱོབ་ཕྱོགས་ལའང་གནོད་ཚེབས་ཆེ་བ་ཞིག་ཏུ་མཐོང་ན་ཡང་། དེ་འདྲའི་ཕྱོགས་ལ་སུས་ཀྱང་མཉམ་འཇོག་བྱེད་ཀྱིན་མི་འདུག་པས་ཞེ་ཁྲལ་ཅུང་ཙམ་ཡང་བྱུང་།  དེ་ལྟར་ང་ཚོས་མཇལ་སྐོར་གྱི་ནང་སྐོར་རིམ་པ་ཡོངས་སུ་ཚར་ཏེ་སྒོར་བུད།

微信图片_20190927180850.jpg

གཙུག་ལག་ཁང་འདིའི་ཕྱོགས་བཞི་རུ་རུ་དར་ཆེན་པོ་ལྔ་བཙུགས་ཡོད་ལ། གཙུག་ལག་ཁང་གི་མདུན་གྱི་ཐང་ཆེན་གྱི་གཡས་གཡོན་དུ་རྒྱལ་དབང་ལྔ་བའི་སྐབས་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལམ་བསོད་ནམས་རབ་བརྟན་དུ་གྲགས་པས་མོང་གོལ་གུ་ཤྲི་བསྟན་འཛིན་གྱིས་ཕྱོགས་དགྲ་བཏུལ་བའི་རྟེན་འབྲེལ་དུ་བཙུགས་པའི་ཇུས་ཡག་དར་ཆེན་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གྱིས་ལྷ་སའི་སྨོན་ལམ་ཆེན་མོ་བསྐྱར་གསོ་གནང་སྐབས་བཙུགས་པའི་བཀྲ་ཤིས་དར་ཆེན། དེ་ནས་བར་སྐོར་གཡས་ཀྱི་བྱང་ཆུབ་བྱོན་ལམ་བརྒྱུད་དེ་སོང་ན་དགའ་ལྡན་ཚེ་དབང་དཔལ་བཟང་གིས་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་ངོ་ལོག་ཞི་འཇགས་སུ་བཏང་བའི་དཔའ་རྟགས་སུ་བཙུགས་པའི་དགའ་ལྡན་དར་ཆེན། བར་སྐོར་ཤར་ཟུར་གྱི་མ་སྐྱེས་ཨ་མའི་ཇ་ཁང་ཡོད་ས་དེའི་མདུན་དུ་རྗེ་ཙོང་ཁ་བ་ཆེན་པོས་ལྷ་སའི་སྨོན་ལམ་ཆེན་པོའི་སྐབས་བཙུགས་པའི་ཤར་སྐྱ་རེངས་དར་ཆེན། བར་སྐོར་ལྷོ་ཟུར་རམ་གཙུག་ལག་ཁང་གི་གཡོན་འགྲམ་གྱི་གསུང་ཆོས་ར་བའི་མདུན་དུ་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་བཙུགས་པའི་བསྐལ་བཟང་དར་ཆེན་སོགས་ཡོད། ལྷ་སའི་ས་འདིར་ས་ལག་མཐིལ་ཙམ་ཡིན་ཡང་སྔོན་གྱི་ལོ་རྒྱུས་སུ་མ་གྲགས་པ་ཤིན་ཏུ་ཉུང་མོད། རྒྱུས་མེད་པ་ཞིག་ཡིན་ཚེ་འདི་ཙམ་ཡང་མིག་གི་མཐོང་ལམ་ནས་ཤོར་བ་མང་། 

微信图片_20190927180923.jpg

གཞན་ཡང་གཙུག་ལག་ཁང་གི་མདུན་གྱི་རྒྱ་ལྕང་གི་འཁྲིས་སུ་རྒྱ་བོད་མཐུན་སྒྲིལ་རྡོ་རིང་ཡོད་ལ། ཡོངས་གྲགས་ལ་ལྷ་སའི་རྡོ་རིང་ཟེར་ཞིང་། རྡོ་རིང་དེ་ནི་བོད་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་བོད་རྒྱ་གཡུལ་འཐབ་འདུམས་པའི་རྟགས་མཚན་དུ་བཙུགས་པ་ཞིག་རེད། རྒྱ་ལྕང་དེ་ནི་རྒྱལ་བཟའ་ཀོང་ཇོས་བཙུགས་པར་བཤད་མོད། དུས་ཡུན་ལོ་ངོ་ཆིག་སྟོང་ལྷག་ཕྱིན་པར་བསམ་ཚེ་རྣར་མི་འགྲོ་བ་ཞིག་རེད། བར་སྐོར་ཁྲོམ་ཚོགས་ཀྱི་ཚོང་ཁང་བགྲང་དུ་མེད་པའི་ནང་དུ་ཕྱོགས་བཞིའི་མགྲོན་པོ་དག་འགུག་པའི་བོད་རྒྱ་ཧོར་གསུམ་གྱི་ཚོང་ཟོང་བགྲང་དུ་མེད་པ་འདུག་མོད། འོན་ཀྱང་ཚོང་ཟོང་གཅིག་ལའང་རིན་གོང་འདྲ་མིན་ཅི་རིགས་འདུག་པས། དངོས་གོང་མི་ཆོད་པ་ཞིག་ཡིན་ན་དེའང་ཅུང་ཙམ་གཟབ་དགོས་པ་ཞིག་ཏུ་མཐོང་། གཞན་ཡང་གནས་འདིའི་ཉེ་འགྲམ་སོགས་སུ་བོད་སྡོད་ཨམ་བན་གྱི་ལས་ཤག་དང་མཁས་དབང་དགེ་ཆོས་ཀྱི་དྲན་གསོ་ཁང་སོགས་ཀྱང་ཡོད་མོད། མང་པོ་ཞིག་ཚང་མའི་མཐོང་ལམ་དུ་འགྱུར་སླ་བ་དང་རེ་རེ་བཞིན་སྨྲ་བའི་ཁོམ་ལོང་ཡང་མི་འདུག་པས་དེ་ཙམ་གྱིས་འཐུས་པར་བྱས།

timgZAQIZNNJ.jpg

དེ་ནས་ང་ཚོ་ཡུལ་གྱི་གཙུག་རྒྱན་དང་ནོར་གྱི་བང་མཛོད། ཆོས་སྲིད་ཀྱི་བསྟི་གནས་སུ་གྱུར་པའི་རི་བོ་གྲུ་འཛིན་གྱི་སྟེང་དུ་བཞེངས་པའི་རྩེ་ཕོ་བྲང་པོ་ཏ་ལར་མཇལ་དུ་སོང་། པོ་ཏ་ལའི་ཐང་ཆེན་དུ་ཞོལ་རྡོ་རིང་ཕྱི་མ་ཡོད་ལ། དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བློན་ཆེན་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་གཟེངས་རྟགས་སུ་བཀོད་པའི་རྡོ་རིང་ཞིག་རེད། དེའང་ད་སྐབས་ར་སྐོར་ཆུང་ཆུང་ཞིག་གི་ནང་དུ་འདུག་ཅིང་ཉིན་དེར་སྒོའང་རྒྱབ་འདུག་པས་ཞལ་མཇལ་མ་བྱུང་། དེ་ནས་ང་ཚོ་པོ་ཏ་ལའི་འོག་གི་ཞོལ་བཙོན་ཁང་དང་ཁྲིམས་གཅོད་ཁང་སོགས་ལ་མཇལ་རྗེས། པོ་ཏ་ལར་མཇལ་བའི་ཐེམ་སྐས་ལ་ཞུགས་པ་ཡིན། ཐེམ་སྐས་ཡོད་པའི་སྣེ་མདོ་དེར་ད་དུང་ཞོལ་རྡོ་རིང་ནང་མ་ཞེས་པའི་ཡི་གེ་མེད་པའི་རྡོ་རིང་ཞིག་ཀྱང་འདུག དེ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་བཞེངས་རྗེས་བཙུགས་པ་ཞིག་ཡིན་པར་བཤད། ཐེམ་སྐས་དེར་ཞུགས་ནས་ཡར་སོང་ན་བར་སྐབས་ཤིག་ནས་ལམ་དེ་ཕྱོགས་གཉིས་སུ་འཐེན་འདུག ནུབ་ཏུ་འཐེན་པ་དེ་ལ་བྱང་ཆུབ་ཐར་ལམ་ཟེར་ལ། ད་སྐབས་འགྲུལ་པ་འགྲོ་རུ་འཇུག་གིན་མེད། ཤར་ཕྱོགས་སུ་འཐེན་པ་དེ་ལ་ཕུན་ཚོགས་འདུ་ལམ་ཟེར་ཞིང་། དེར་བརྒྱུད་ནས་སོང་ན་བདེ་གཡང་ཤར་ཞེས་པའི་པོ་ཏ་ལའི་ནང་གི་ཐང་ཆུང་ཞིག་ལ་སླེབས་ཐུབ། དེ་ནི་སྔོན་ཆད་རྒྱལ་བློན་འཁོར་བཅས་ཀྱིས་རྩེད་མོ་དང་བྲོ་གར་གཟིགས་པའི་སྡིངས་ཆ་ལྟ་བུ་ཞིག་ཡིན་བཟོ་འདུག དེ་ནས་ཡར་སྐས་རྐང་སུམ་གཤར་ཅན་ཞིག་བརྒྱུད་ནས་སོང་ན་ད་གཟོད་ཕོ་བྲང་གི་ནང་རྟེན་སོ་སོར་རིམ་བཞིན་དུ་མཇལ་ཐུབ། ཕོ་བྲང་ནང་དུ་རྒྱལ་དབང་ལྔ་པ་སོགས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གཟིམས་ཁང་དང་ཆོས་ཁང་། སྐུ་གདུང་། ལྡེབས་རིས། ཆོས་སྲིད་ཀྱི་ཕྱག་ལས་གནང་སའི་ཚོམས་ཆེན་ཤར་ནུབ་སོགས་རྟེན་བྱིན་ཅན་གྱི་ཁང་མིག་བགྲང་ལས་འདས་པ་འདུག དཔེར་མཚོན་ཙམ་དྲངས་ན། གཟིམས་ཆུང་ཉི་འོད་འཁྱིལ་བ། བཀའ་གདམ་འཁྱིལ་བ། ངོ་མཚར་འཁྱིལ་བ། འདོད་དགུ་འཁྱིལ་བ། བདེ་ལྡན་འཁྱིལ་བ། ཕུན་ཚོགས་རྣམ་རྒྱལ། ས་གསུམ་རྣམ་རྒྱལ། སྨན་ལྷ་ཁང་། བླ་མ་ལྷ་ཁང་། ལི་མ་ལྷ་ཁང་། ལམ་རིམ་ལྷ་ཁང་། རིག་འཛིན་ལྷ་ཁང་། འཁྲུངས་རབས་ལྷ་ཁང་། ཚོམས་ཆེན་ཤར་དང་ནུབ་ཀྱི་སྲིད་ཞིའི་ཕུན་ཚོགས། འཕགས་པ་ལྷ་ཁང་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྤྱན་དྲངས་པའི་འཕགས་པ་ལོ་ཀེ་ཤྭོ་ར། ཏཱ་ལའི་བླ་མ་ལྔ་པའི་གསེར་སྡོང་འཛམ་གླིང་རྒྱན་གཅིག སྐུ་ཕྲེང་བཅུ་གསུམ་པའི་གསེར་གདུང་དགེ་ལེགས་འདོ་འཇོ། རྒྱལ་དབང་བདུན་པའི་གསེར་སྡོང་བཀྲ་ཤིས་འོད་འབར། ལྷ་བླ་མ་ཡེ་ཤེས་འོད་ཀྱི་གདུང་རྟེན་སོགས་རྟེན་དང་བརྟེན་པ་བགྲང་ལས་འདས་པ་མཆིས། སྐས་རྐང་དང་ཁང་མིག་བགྲང་ལས་འདས་པའི་བཟོ་བཀོད་ཁོ་ནས་ཀྱང་ཧ་ལས་པར་བྱེད། 

微信图片_20190927180928.jpg

དེ་ཡང་ཕོ་བྲང་པོ་ཏཱ་ལ་འདིའི་ལོ་རྒྱུས་རགས་རིམ་ཞིག་ཞུས་ན། གནས་འདིར་ཐོག་མར་ལྷ་ཐོ་ཐོ་རིའི་སྒྲུབ་ཕུག་ཙམ་ལས་མེད་པར་གསུངས་ལ། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་གནས་འདིར་སྤོས་ཏེ་ཕོ་བྲང་ཁྲི་རྩེ་དམར་པོ་བཞེངས་ཤིང་། ཕྱིས་སུ་རྒྱུ་རྐྱེན་དུ་མས་དབང་གིས་ཉམས་ཆགས་སུ་སོང་སྟེ་ཆོས་རྒྱལ་སྒྲུབ་ཕུག་དང་འཕགས་པ་ལྷ་ཁང་གཉིས་མ་གཏོགས་མ་ལྷག་སྐད། ད་བར་ང་ཚོའི་མཐོང་ལམ་དུ་མངོན་པའི་ཕོ་བྲང་དཀར་དམར་འདི་ནི་རྒྱལ་དབང་ལྔ་པའི་སྐབས་སུ་བཞེངས་པར་གྲགས་ལ། དེ་ཡང་ཕོ་བྲང་དཀར་པོ་ནི་རྒྱལ་དབང་ལྔ་པའི་བཀའ་གསུང་ལྟར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་བཞེངས་པར་གྲགས་ཤིང་། ཕོ་བྲང་དམར་པོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པར་གྲགས། མཐོ་ཚད་ལ་ཁང་བརྩེགས་བཅུ་གསུམ་དང་ཁང་མིག་ཆིག་སྟོང་ཡོད་ལ། དེ་ནས་དུས་རབས་རིམ་བྱུང་གི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཞིག་གསོ་དང་རྒྱ་བསྐྱེད་ལ་བརྟེན་ནས་ད་ལྟའི་རྣམ་པ་འདི་གྲུབ་པ་རེད། པོ་ཏ་ལའི་བཟོ་བཀོད་ནི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་མཚོན་བྱེད་ཡིན་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་པོ་ཏ་ལའི་དཀར་ཆག་ཏུ་གསལ་བས་ཞིབ་ཏུ་ནི་དེར་གཟིགས་པར་བྱ། པོ་ཏ་ལའི་གཡས་ཀྱི་ལྕགས་པོ་རིར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལྷ་ཁང་དང་། དེའི་མདུན་རོལ་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་དབྱར་བཞུགས་གནང་སའི་ནོར་བུ་གླིང་ཀ་སོགས་ཡོད། པོ་ཏཱ་ལའི་གཡས་རྒྱབ་ནས་ཇ་ཡུན་ཙམ་གྱི་ས་ན་རྗེ་རིན་པོ་ཆེའི་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་བཏབ་པའི་འབྲས་སྤུངས་དགོན་པ་དང་། པོ་ཏཱ་ལའི་གཡོན་རྒྱབ་དང་ཐག་མི་རིང་བའི་ས་ན་རྗེ་རིན་པོ་ཆེའི་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་བཏབ་པའི་སེ་ར་ཐེག་ཆེན་གླིང་འདུག སེ་ར་ཐེག་ཆེན་གླིང་གི་གཡས་ཀྱི་ལུང་པའི་ནང་སློབ་དཔོན་ཐོན་མིས་ཡེ་གེ་གསར་བཏོད་གནང་སའི་སྐུ་མཁར་མ་རུའམ་ཕ་བོང་ཁ་ཡོད་ལ། སེ་ར་ཐེག་ཆེན་གླིང་གི་ལྟག་རྒྱབ་ཏུ་ར་ཁ་བྲག་སོགས་དགོན་ལྷ་ཁང་ཆེ་ཆུང་མང་པོར་མཇལ་རྒྱུ་འདུག དེ་ཡང་ལྷ་ས་ནི་ཀྲུང་གོའི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་གནས་ལ། སྔོན་གྱི་དུས་ན་བོད་ཀྱི་སྲིད་འབྱོར་རིག་གནས་ཀྱི་ལྟེ་བ་དང་ས་ཚིགས་ཀྱི་ལྟེ་བ་ཡིན་པས་བོད་ཅེས་པའང་དེང་སྐབས་མཁས་པ་ཁ་ཅིག་གིས་དབུས་ཀྱི་དོན་ཡིན་པར་བཞེད་པ་ལའང་རྒྱུ་མཚན་ངེས་ཅན་ལྡན་པར་སེམས། ལྷ་ས་ཞེས་པ་ནི་སྐབས་མང་པོ་ཞིག་ལ་ལྷ་ལྡན་གཙུག་ལག་ཁང་ཡོད་སའི་གནས་འདིར་གོ་ཞིང་། སྒྲ་ཡངས་འཇུག་ཏུ་བྱས་ན་པོ་ཏ་ལ་དང་བཅས་པའི་ལྷ་བཙན་པོའི་སྲིད་འཛིན་གྱི་ལྟེ་བར་གྱུར་པའི་ལྷ་ས་གྲོང་ཁྱེར་ཡོངས་ལའང་གོ་བ་ཡིན། གང་ལྟར་ལྷ་ས་འདི་བོད་ཀྱི་ས་ཚིགས་ཀྱི་ལྟེ་བར་གྱུར་པ་ནི་བསྙོན་དུ་མེད་པ་ཞིག་རེད། དེའི་དོན་གྱིས་ང་ཚོའི་ཡབ་མེས་རྣམ་པ་ནས་དུས་དེང་སང་གི་བར་དུ་ལྷ་ས་ལ་ཞབས་ཐང་གིས་གནས་བགྲོད་བྱེད་པའི་མཇལ་བ་ནི་གྲངས་ཀྱིས་མི་ལོན། དེ་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ཨ་སི་ལམ་མི་དག་གིས་ཨེ་ཤ་ཡ་དབུས་རྒྱུད་ཀྱི་མེ་ཀྱཱ་དང་ཇེ་རུ་ས་ལམ་བསྙེགས་པ་ལྟ་བུ་ཞིག་རེད་ཅེས་བཤད་ཀྱང་ཆོག ང་ཚོ་ཡང་རང་གི་མེས་པོ་ལྟར་དུ་ཐེངས་འདིར་ཡབ་མེས་དམ་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་འདིར་མཇལ་ཐུབ་པ་ལ་སྔོན་གྱི་དུས་སུ་སྐལ་བ་དང་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་ཡོད་པ་ནི་གོར་མ་ཆག

timgUZVON49A.jpg

ལྷ་སའི་ས་ཁུལ་འདི་གནའ་ནས་བཟུང་བོད་རིགས་མང་པོ་འཚོ་སྡོད་བྱས་པའི་ས་ཡི་ལྟེ་བ་ཞིག་ཡིན་པར་མ་ཟད། ཁྱད་པར་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་གི་ལྟེ་བ་གནས་འདི་རུ་སྤར་བ་ནས་བཟུང་། ལྷ་སའི་ས་ཁུལ་འདི་རིམ་བཞིན་ཆོས་སྲིད་གཉིས་ཀའི་ལྟེ་གནས་སུ་གྱུར་ཅིང་། ཕྱིས་སུ་ས་ཕག་རིན་གཙང་དང་། ནང་སྒོས་སུ་དགའ་ལྡན་ཕོ་བྲང་གིས་ཀྱང་ཆོས་སྲིད་གཉིས་ཀྱི་ལྟེ་བ་གནས་འདི་རུ་བྱས་པ་ལ་བརྟེན་ནས་བོད་མིའི་སེམས་ཁོང་དུ་ཆོས་ཀྱི་ཞིང་ཁམས་དང་སྲིད་ཀྱི་ལྟེ་བ། མེས་པོའི་ཕ་ས་ལྟ་བུར་གྱུར་ཅིང་། དུས་དེ་ནས་བཟུང་ས་ཕྱོགས་གང་དུ་གནས་འཆའ་པའི་བོད་པ་ཞིག་ཡིན་ཕྱིན་ལྷ་ས་ལ་ཐེངས་ཤིག་འགྲོ་འདོད་ཀྱི་བསམ་པ་ཞིག་རྒྱུད་ལ་ལྟེམ་མེར་གནས་ཡོད། ལྷ་སའི་ལུང་པ་འདི་ལ་སྐྱིད་ཤོད་ཟེར་ལ། དེ་རུ་འབབ་པའི་ཆུ་བོ་ལ་སྐྱིད་ཆུ་རུ་གྲགས་ཤིང་། འགའ་ཞིག་གིས་ལྷ་སའི་གཙང་པོའང་ཟེར། སྔོན་གྱི་ལོ་རྒྱུས་རྙིང་པ་རེ་འགའི་ནང་དུ་དབུ་རུ་སྐྱིད་ཤོད་ཀྱི་ས་ཆ་འདི་རྒྱལ་ཕྲན་བཅུ་གཉིས་སྐབས་སུ་ཐོག་མར་རུས་སྐྱི་ཡིན་པའི་ཚོ་ཤོག་ཆེན་པོ་ཞིག་གིས་བདག་གིར་བཟུང་མྱོང་བར་བཤད་ལ། ཤོད་ནི་དམའ་སའམ་ལུང་མཐིལ་གྱི་དོན་སྟེ། སྐྱིད་ཆུའམ་ལྷ་སའི་གཙང་པོ་འདིའི་སྟོད་སྨད་བར་གསུམ་ཕལ་ཆེར་ལུང་ཤོད་ཅིག་ཏུ་ཡོད་སྟབས་མིང་ཡང་དེ་ལྟར་ཐོགས་པར་སེམས། སྤྱིར་མདོ་དབུས་མཐོ་སྒང་འདི་ས་ངོས་ཀྱི་ཆ་སྙོམས་མཐོ་ཚད་སྨི་བཞི་སྟོང་ནས་ལྔ་སྟོང་བར་ཡིན་ཀྱང་། ལྷ་ས་ཡོད་སའི་ལུང་པ་འདིའི་ས་ངོས་མཐོ་ཚད་ནི་སྨི་སུམ་སྟོང་ལྔ་བརྒྱ་ཙམ་ལས་མེད་སྟབས་ལྟོས་འཇོག་གི་བཤད་ན་ཅུང་དམའ་བའི་ས་ཁུལ་ཞིག་རེད་ཅེས་བཤད་ཆོག དེས་ན་མིང་འདི་ནི་ཐོག་མར་རུས་མིང་ནས་ས་མིང་། རིམ་བཞིན་ཆུ་མིང་དུ་ཐོགས་པ་ཞིག་ཏུ་སྣང་། འོ་ན་ད་ལྟ་སྐྱི་ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་སྐྱིད་དུ་གྱུར་ཏམ་ཞེ་ན་དེ་ནི་མཐའ་གཅིག་ཏུ་འདི་ཞེས་ཁ་ཚོན་གཅོད་དཀའ་མོད། འོན་ཀྱང་ས་མིང་གི་ཐ་སྙད་ལ་ལ་ནི་ངག་ལ་ཟུར་ཆག་ཏུ་འགྲོ་བའམ་རྗོད་འདོད་ཅི་རིགས་ཀྱི་དབང་གིས་ཅུང་ཙམ་གཟུགས་འགྱུར་དུ་ཕྱིན་པའང་ཡོད་ལ། ཡང་ན་བོད་གངས་ཅན་གྱི་སྐྱིད་པའི་ལུང་མཐིལ་དུ་གནས་པ་ལ་བརྟེན་ནས་རྟེན་འབྲེལ་གྱིས་སྒོ་ནས་ཐོགས་པའང་ཡིན་སྲིད། སྐྱིད་ཆུ་འདི་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ་བཞིན་ཡོད་ལ། རིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་བདུན་ཅུ་ཙམ་ཡོད། ཆུ་བོའི་འབབ་ཕྱོགས་ཀྱི་ངོས་ནས་བལྟས་ནའང་ས་ཕྱོགས་འདིའི་ས་བབ་དེ་བྱང་ཤར་མཐོ་ལ་ལྷོ་ནུབ་དམའ་བ་དེ་ཤེས་ཐུབ། སྐྱིད་ཆུའི་མགོ་ཁུངས་དེ་ལྷ་སའི་བྱང་རྒྱབ་ཀྱི་གཉན་ཆེན་ཐང་ལྷར་ཐུག་ཅིང་། ཆུ་མཇུག་ལྷ་སའི་ལྷོ་ནུབ་ཕྱོགས་ཀྱི་ད་ལྟའི་ཆུ་ཤུར་རྫོང་དུ་བབས་ཏེ། དེ་ནས་གཙང་ཕྱོགས་ནས་བཞུར་ཡོང་བའི་ཡར་ཀླུང་གཙང་པོ་ནང་འདྲེས་ནས་རྒྱ་གར་གྱི་མཐའི་རྒྱ་མཚོ་ཆེན་པོའི་ནང་འབབ་བཞིན་ཡོད། ཡར་ཀླུང་གཙང་པོའི་ཆུ་ལག་ཆེ་ཤོས་ཀྱང་སྐྱིད་ཆུ་འདི་ཉིད་ཡིན་པར་བཞེད།

ད་ལྟའི་ས་ཁམས་ཀྱི་དབང་དུ་བྱས་ན་ལྷ་ས་དང་ལྷ་ས་གྲོང་ཁྱེར་གཉིས་གནས་གཅིག་ཏུ་གནས་ཀྱང་། སྲིད་འཛིན་ཁྱབ་ཁོངས་ལྟར་དབྱེ་ན་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ད་དུང་ནུབ་ཕྱོགས་སུ་སྟོད་ལུང་བདེ་ཆེན་རྫོང་། ནུབ་བྱང་ཕྱོགས་སུ་འདམ་གཞུང་རྫོང་། བྱང་ཕྱོགས་སུ་འཕན་པོ་ལྷུན་གྲུབ་རྫོང་། ཤར་ཕྱོགས་སུ་སྟག་རྩེ་ཆུས། ཤར་ལྷོའི་ཕྱོགས་སུ་མལ་གྲོ་གོང་དཀར། ལྷོ་ནུབ་ཕྱོགས་སུ་ཆུ་ཤུར་རྫོང་དང་སྙེ་མོ་རྫོང་བཅས་འདུ་བས། དེས་ན་ཁ་ཅིག་ལྟར་དབུས་ཞེ་ན་ལྷ་ས་ཙམ་ལ་ངོས་འཛིན་པ་འདིའང་ས་མཐའི་མི་དག་གི་རྟོག་པ་ཁོ་ན་སྟེ། ཆོལ་ཁ་གསུམ་གྱི་དབུས་ཞེས་པ་འདི་ནི་ལྷ་ས་ཙམ་མིན་པར་ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་ཡོངས་ལ་གོ་དགོས། དེ་ནི་དཔེར་ན་མཚོ་ལྷོ་ཞེ་ན་ཆབ་ཆ་ཙམ་ལ་གོ་མི་རུང་བ་ལྟར་རང་རེའི་ཐ་སྙད་འདི་དག་གི་ཁྱབ་ཁོངས་སོ་སོ་ཤེས་རྒྱུ་འདིའང་གནད་ཆེན་པོ་ཞིག་རེད། གཞན་ཡང་ལྷ་སའི་ཕྱོགས་ཀྱི་གཡས་གཡོན་མདུན་རྒྱབ་ཀྱི་རི་འདི་དག་དང་ལུང་ཕྲན་སོ་སོའི་མིང་དང་མིང་གི་འཕེལ་འགྱུར་གསལ་པོ་ཞིག་ཤེས་ན་རང་རེའི་ཡུལ་གྱི་ས་ཁམས་ཀྱི་ཆགས་སྟངས་དང་ལོ་རྒྱུས་ཀྱི་གནད་མང་པོ་ཞིག་གསལ་པོར་ཤེས་ཐུབ་པའི་དགེ་མཚན་མཆིས་མོད། ང་ཚོ་ལ་དེ་འདྲའི་དུས་ཚོད་དང་རྒྱུ་ཆ་སོགས་ཀྱི་གོ་སྐབས་མ་ལྡན་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ། །

微信图片_20190927180940.jpg

ལྷ་ཞེས་ཞེ་ན་བར་སྣང་དབྱིངས་འདུག་དང་།།

མི་ཞེས་ཞེ་ན་འགྲེང་རྒྱུ་མགོ་ནག་ཅེས།།

ཐ་སྙད་ཞེན་པ་བློ་ལ་གོམས་བྱས་ཏེ།།

མལ་དུ་དཔྱད་པ་རྗོགས་པར་རློམ་ན་ཡང་།།

ས་མཐའ་མ་ཉུལ་སེམས་རྒྱ་མི་ཆོད་ཅིང་།།

ས་ཁམས་མ་རྟོགས་ས་ཁོངས་མི་ཤེས་པས།།

ས་ཡིག་རྒྱུད་སྤུན་བསྟར་དུ་བརྒྱུ་བ་ལ།།

ས་ཕྱོགས་ཉུལ་བ་འདི་ཡང་དོན་གལ་ཆེ།།

                                    ༢༠༡༨/༡༡/༢༨ལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།