ཀྲུང་གོ་བོད་ཀྱི་དྲ་བ།

ཁྭ་ཏའི་ཁ་བ་དགོན་པར་ཕྱིན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཏེར་ལུང་དཔལ་ལྡན།   སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་འདི་དག་ལ་ཁོམ་ལོང་རེ་ཡོད་ན་ང་རང་གནས་མཇལ་ལམ་ཡུལ་སྐོར་གང་རུང་དུ་སོང་བ་ཡིན། དེ་ནི་ཡུལ་སྐོར་ཟིན་ཐོ་དག་གིས་བསྐྱེད་པའི་བློས་བསླངས་ཀྱང་ཡིན་སྲིད། 2018ལོའི་ཟླ4པའི་ཚེས21ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་གྱི་སྟེང་རང་རེའི་གཏེར་ལུང་དགོན་པའི་ཨ་ཁུ་བཞི་དང་མཉམ་དུ་རླངས་འཁོར་ཞིག་གླས་ནས་ཁྭ་ཏའི་ཁ་བ་དགོན་པར་གནས་མཇལ་དུ་འགྲོ་བའི་ལམ་ལ་ཆས། མ་གཞི་ནས་དགོན་པ་འདི་ལ་འགྲོ་རྒྱུ་རྨི་ལམ་དུ་ཡོང་ནས་ཡུན་རིང་འགོར། ལམ་བར་དུ་སྒེའུ་ཁུང་ལས་ཕྱི་ལ་བལྟས་དུས་དབྱར་གྱི་ལང་ཚོས་འཇོ་སྒེག་ངོམ་ཞིང་ནེམ་ཤིག་ཤིག་གི་སྔོ་ལྗང་གི་གར་སྟབས་ཉམས་སུ་མྱོང་ཐུབ། དྭངས་གཙང་གིས་འབབ་པའི་བསང་ཆུ་ཡང་ང་ཚོའི་རླངས་འཁོར་ནང་བཞིན་མགྱོགས་དལ་མེད་པར་བསྐྱོད། ཀན་སུའུ་ཞིང་ཆེན་གྱི་ཀ་ཅུ(临夏)ཡི་ཟ་ཁང་ཆུང་ཆུང་ཞིག་ནས་ཧུབ་རིང་གང་རེ་བཏུངས་རྗེས་ཀ་ཅུ་རྫོང་དེའི་གཡས་ཕྱོགས་ཅི་ཧྲི་ཧྲན(积石山)བརྒྱུད་དེ་སོང་། མ་གཞི་འདི་ནི་ཉིན་གཅིག་གི་འགྲུལ་བཞུད་ཡིན་ཡང་སེམས་ལ་དགའ་སྤྲོ་ཞིག་བར་མེད་དུ་འཕེལ་ཡོང་། ཚོང་དཔོན་ནོར་བཟང་ངམ་རྗེ་རིན་པོ་ཆེས་ཤངས་ཁྲག་གིས་བྲིས་གནང་མཛད་པའི་ཐང་ག་དེའི་ཤན་སྟོབས་ཡིན་ཡང་སྲིད།

ཁྭ་ཏའི་ཁ་བ་དགོན་པ་ཡོད་སའི་ཀན་ཀོའུ་ཞང་ཐོག་ནས་ནུབ་ཕྱོགས་ཀྱི་ལམ་གྱ་གྱུ་བརྒྱུད་དེ་རི་མགོ་ཞིག་ལ་འགོས་པའི་སྣང་བ་སྟེར་ཡང་རི་གཤོལ་བློན་པོའི་པང་ལྟ་བུ་ཞིག་ཏུ་ཅུང་ཟད་གནའ་མི་ཞིག་དང་འདྲ་བར་ལྷོད་ཀྱིག་གེར་གནས་འདུག ལོ་རྒྱུས་ཁྲོད་ཀྱི་བརྗིད་རྔམ་ལྡན་པའི་མཁར་དེ་ཞིག་རལ་ཏུ་གྱུར་ཅིང་། དགོན་པ་ཁེར་རྐྱང་དུ་གྱུར་པའི་ཤུལ་ན་ཅི་ཞིག་ཡོད་དམ་སྙམ་ནས། སློབ་ཆུང་དེའི་མདུན་སྒོ་བརྒྱུད་དེ་ཡར་ལ་ཅུང་ཟད་སོང་ན་མཁར་རྙིང་ངམ་དགོན་པའི་ལྕགས་རི་ལྟ་བུའི་མཁར་སྒོ་རྩིག་གྱང་མཐུག་པོ་རིམ་པ་གཉིས་བརྒྱུད་ན་མཆོད་རྟེན་ཆེ་ཆུང་མེད་པ་བརྒྱད་མཐོང་ཐུབ། དགོན་པའི་ར་ནང་དུ་ཐོན་ཚེ་རྒྱའི་ལྷ་ཁང་ཞིག་ཏུ་ཐོན་པའི་སྣང་བ་ཞིག་སྐྱེས་ཡོང་། དགོན་པའི་མིང་ཐོགས་དོན་ལ་ཀུ་ཤྲི་བསོད་ནམས་བཟང་པོས་ཇོ་སྐུ་བྱིན་ཅན་ཞིག་གདན་དྲངས། གཙུག་ལག་ཁང་དུ་བཞེངས་པར་དགོངས་པར་ཕྱི་ཉིན་ཁ་བ་བབས་པའི་སྟེང་དུ་བྱིས་པའི་རྐང་རྗེས་གསར་པའི་རྗེས་འདེད་ཀྱིས་ཕྱིན་པ་ན་ཙན་དན་སྡོང་པོ་ཞིག་གི་འགྲམ་དུ་སླེབས། རྩེ་མོ་ན་ཁྭ་ཏ་ཞིག་གིས་སྐད་སྙན་པར་བསྒྲགས་ཤིང་ཁ་ནས་ཆུ་གསེར་སྐུད་ལྟ་བུ་བ་དན་དང་ལྡ་ལྡི་རྣམ་པར་ཐོན་པའི་ལྟས་བྱུང་བས་དེར་གཙུག་ལག་ཁང་དང་དགོན་པ་བཏབ་པས་ཁྭ་ཏའི་ཁ་ཞེས་གྲགས་སོ། ། དགོན་པའི་ལོ་རྒྱུས་མདོར་བསྡུས་ཤིག་དྲངས་ན། ཁྭ་ཏའི་ཁ་བ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མེན་ཧོ་རྫོང་ཀན་ཀོའུ་ཞང་གི་ཁོངས་སུ་ཆགས་ཤིང་། དེ་ནི་ཕག་གྲུ་སྲིད་དབང་གི་སྐབས་སུ་ཡུལ་དེའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་གསུམ་སྟེ་ཁྭ་ཏའི་ཁ་བ་དགོན་དང་། དེའི་དགོན་ལག་མཛོ་མོ་མཁར་དང་ལིན་གཙང་དགོན་བཅས་རེད། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དགེ་ཕྲུག་བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ཕག་གྲུ་སྲིད་དབང་ངམ་མིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པ་རེད། གཙང་པ་རྒྱལ་པོའི་སྐབས་ཀྱི་རྒྱའི་ཡིག་ཚང་དུ་ཅིན་ཉིན་ཟི་ཞེས་བཀོད་འདུག

དགོན་སྡེ་འདི་ཐོག་མར་མཁར་རྫོང་གི་ཁྲོད་དུ་ཆགས་ཤིང་། དར་རྒྱས་ཆེ་བའི་དུས་སུ་ས་ཁྱོན་ལ་མུའུ60ལྷག་དང་། ལྷ་ཁང་ཆེ་ཆུང13། དགེ་འདུན་པ་སྟོང་ལ་ཉེ། དགོན་ལག་ལ་ད་ལྟའི་མེན་ཧོ་རྫོང་གི་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དང་། ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་། ཧྭ་ལུང་རྫོང་ཐ་ཀྱ་དགོན་བཀྲ་ཤིས་བསམ་གཏན་གླིང་སོགས་དགོན་སྡེ་དྲུག་འདུས། ཆིང་རྒྱལ་རབས་ཀྱི་ཐུན་ཀྲིའི་ལོར་དམག་བཏང་ནས་དགོན་པ་མེར་བསྲེགས། རྗེས་སུ་དགོན་བདག་ཞིན་གྱ་བླ་མས་སོག་རིགས་ས་ཁུལ་དུ་བསོད་སྙོམས་བསླངས་ཏེ་སླར་གསོ་བྱས་མོད། སླར་གསོ་བྱས་པ་དེ་སྔར་བས་ཅུང་རྒྱ་ཆུང་ལ། དགོན་སྡེ་འདིར་གཙོ་བོ་འདུ་ཁང་ཆེན་མོ་དང་། མགོན་ཁང་། བག་ཙེ་ལྷ་ཁང་སོགས་བཞེངས་འདུག་ཅིང་། རྟེན་གཙོ་བོ་ལ་རྗེ་ཙོང་ཁ་པ་གཙོ་བྱས་པའི་ཁོང་གི་ཡོངས་འཛིན་དང་དགེ་ཕྲུག་རྣམས་ཟུར་རྒྱན་དུ་བཀོད་པའི་མཛེས་ཤིང་རིན་ཐང་གཞལ་ཡས་པའི་ཐང་ག་གཅིག་བཞུགས་འདུག

ངག་སྒྲོས་ལྟར་ན་ཕག་གྲུ་སྲིད་དབང་གི་དུས་སུ་ཡུལ་འདིའི་ཚོང་དཔོན་ནོར་བུ་ཞེས་པ་ལྷ་སར་ཚོང་འགྲེམ་པར་སོང་སྟེ་རྗེ་ཙོང་ཁ་པ་དང་ཞལ་འཛོམས་ནས་རྗེ་ཙོང་ཁ་པའི་མ་ཡུམ་གྱིས་བསྐུར་བའི་སྐྲ་ལོ་ཉག་གཅིག་དང་ངག་འཕྲིན་སོགས་ཇི་མ་ཇི་བཞིན་དུ་རྗེ་ཉིད་ལ་སྤྲད་དེ་ཕྱིར་ལོག་ཁར། རྗེ་ཉིད་ཀྱིས་སླར་ཡང་ཁོང་གི་རྣ་ཁྲག་དང་ཚོས་སྣ་གཞན་བསྡེབས་པ་ལས་གྲུབ་པའི་ཐང་ག་ཞིག་བཞེངས་ཏེ་མ་ཡུམ་ལ་བསྐུར། དེ་ནས་ཚོང་དཔོན་ནོར་བུས་ཐང་ག་འདི་སྤྱིར་བཏང་བ་ཞིག་མ་རེད་སྙམ་སྟེ། དེ་དང་གཅིག་མཚུངས་སུ་གྱུར་པ་ཞིག་བཞེངས་ནས་དེ་རྗེ་ཙོང་ཁ་པའི་མ་ཡུལ་ལ་ཕུལ(ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཡོད)བ་དང་། རྗེ་ཙོང་ཁ་པས་དངོས་སུ་བཞེངས་པའི་ཐང་ག་དེ་ཁྭ་ཏའི་ཁ་བ་དགོན་དུ་ཕུལ་བས། ཁྭ་ཏའི་ཁ་བ་དགོན་བོད་ཁུལ་ཡོངས་སུ་སྙན་གྲགས་རབ་ཏུ་རྒྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཅིག་ཏུ་གྱུར། ཐང་ག་ཆེན་མོ་དེར་ཡུལ་དེ་གའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྲུང་སྐྱོབ་གང་ལེགས་བྱས་པས་གནོད་སྐྱོན་ཅི་ཡང་མ་ཐེབས་པར་བདེ་བླང་ངང་གནས་ཐུབ་ལ། 2002ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ས་གནས་གལ་ཆེན་གྱི་ཁོངས་སུ་བདམས་པ་རེད། དེ་ནས་དཀོན་གཉེར་ལ་བཤད་དེ་ནང་དུ་མཆོད་མཇལ་བྱས་ཏེ་ཐང་ག་བྱིན་ཅན་དེའི་མདུན་དུ་རྗེ་གསང་བའི་རྣམ་ཐར་དང་། རྟེན་འབྲེལ་བསྟོད་པ། ཡོན་ཏན་གཞིར་གྱུར་མ་སོགས་སྨོན་ལམ་གང་རྒྱས་བཏབ་ནས་གཞུང་སྒོར་ནས་མཚན་རྐོང་ཞིག་བཞག རང་གིས་བཟུང་བའི་གཏེར་ལུང་བདུག་སྤོས་བདུག་ཅིང་དཀོན་གཉེར་ལ་ཁ་ཤས་སྤྲད། ཐང་གའི་གཡས་ཕྱོགས་སུ་ཚོང་དཔོན་ནོར་བཟང་གི་སྨན་སྐུ་ཁྲུ་གང་དང་ཕྱེད་ལྟ་བུ་ཞིག་བཞེངས་འདུག་པ་དང་དེའི་ཟུར་དུ་ཐང་ག་འཁུར་བྱེད་ཡིན་ཟེར་ལ་ལོས་ཡིན་སྙམ་པའི་རྟེན་སྒམ་ཟད་པོ་ཞིག་ཀྱང་འདུག ཕྱིར་ར་ནང་དུ་ཐོན་དུས་རྒྱ་མོ་མགོ་རས་བཏུམ་པ་འགའ་ཞིག་གིས་མཆོད་མཇལ་བ་ལ་མཚར་སྣང་གིས་ལྟ། ངས་ཆེད་དུ་དཀོན་གཉེར་ལ་འདིའི་ལོ་རྒྱུས་འདྲི་རྟོག་བགྱིས། དཀོན་གཉེར་ཁོང་གི་མཚན་ལ་འཇིགས་མེད་ཤེས་རབ་ཟེར། དཀོན་གཉེར་འཇིགས་མེད་ཤེས་རབ་ལགས་ཀྱིས་རྒྱ་སྐད་ཀྱིས་ལོ་རྒྱུས་འཆད་བྱུང་། སྤྱིའི་ཆ་ནས་གོང་དུ་དྲངས་པ་རང་རེད། ཚོང་དཔོན་གྱིས་གཞིས་མཁར་དེ་དགོན་པར་བསྒྱུར་རྗེས་ཁོང་གི་ཁྱིམ་ཚང་དགོན་པ་ནས་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་སྤོས་པ་དང་། ཁོང་དགུང་གྲངས་གོ་དགུ་ལ་བཞུགས་པར་བཤད། ད་དུང་ཁོང་གྲོངས་ཁར་རོ་སྒམ་གསུམ་ལས་སུ་བཅུག་ནས་གྲོངས་རྗེས་གང་གི་ནང་དུ་ཡོད་པ་ཤེས་སུ་མ་བཅུག རྗེས་སུ་མི་ངན་འགས་བསློགས་ཀྱང་གསུམ་པོ་གང་གི་ནང་དུ་ཡང་ཅི་ཡང་རྙེད་མ་བྱུང་ཟེར་ནས་ངོ་མཚར་མཚར་བྱེད། ཚོང་དཔོན་ཁོང་བོད་པ་ཡིན་པ་སུ་ཞིག་ལ་གྲོངས་ཁར་རོ་སྒམ་ལས་སུ་བཅུག་པ་ནི་ཅུང་ཟད་ཧ་མི་ལས་སམ། ནོར་བཟང་ཐོགས་དོན་ཡང་ཁོང་འཁྲུངས་པའི་སྡེ་བའི་མིང་ལ་ནོར་བ་ཟེར་བས་ཨེ་ཡིན་སྙམ། ཚོང་དཔོན་གྱི་བུ་རབས་ཚ་རྒྱུད་ད་ལྟ་ད་དུང་ཡོད་པར་བཤད་ལ་ཡོད་འོས་པ་ཞིག་ཀྱང་ཅི་ལ་མིན། ལོ་རྒྱུས་བཤད་ཚར་རྗེས་དགོན་པའི་ལོ་རྒྱུས་ཟེར་བའི་དེབ་ཆུང་ཞིག་ཀྱང་མི་རེ་རེ་ལ་སྤྲད་བྱུང་། ད་དུང་ཁོས་ལ་མོ་ཡོངས་འཛིན་ཚང་སྐུ་མ་གཤེགས་པའི་ཉིན་གསུམ་པར་གནས་འདིར་ཆེད་དུ་མཆོད་མཇལ་ལ་ཕེབས་པ་རེད་ཟེར། སྐུ་པར་ཀྱང་འདུག རྗེས་སུ་ཡོངས་འཛིན་དཔལ་ལྡན་རྒྱ་མཚོ་ཚང་ཡང་ཕེབས་པའི་སྐུ་པར་ཀྱང་བཤམས་འདུག དེས་མཚོན་དམ་པ་མང་པོ་ཕེབས་གྱིན་འདུག་ཟེར།

དགོན་པའི་འཛུགས་སྐྲུན་ཐད་འཕེལ་རྒྱུས་ཅང་མེད་མོད་དེ་ནི་ང་ལ་མཚོན་ན་མཛེས་སྡུག་ཅིག་ཏུ་སྣང་། གནའ་བོའི་མཁར་གྲོང་ལྟ་བུ་འདིས་ད་གཟོད་རྗེ་རིན་པོ་ཆེ་དང་ཚོང་དཔོན་རྣམ་གཉིས་དྲན་སླ་བར་བཏང་འདུག དཀོན་གཉེར་ཡིན་པའི་གྲྭ་བ་དེ་ལས་གཞན་གཟན་ཤམ་དམར་པོ་གྱོན་མཁན་ཞིག་ཀྱང་གང་ན་ཡོད། རྒྱལ་ཁབ་རང་བཞིན་གྱི་སྲུང་སྐྱོབ་རོགས་དངུལ་ཀྱང་རེག་གི་མི་འདུག་ལ། ཞིག་རལ་ཏུ་གྱུར་པའི་མཁར་དེའི་སྒོ་དང་མདའ་ཤོ་འདུག རིག་དངོས་སྲུང་སྐྱོབ་པ་དཀོན་གཉེར་གཅིག་པུར་གྱུར་འདུག་པས་སེམས་ཁྲལ་ཞིག་ཀྱང་སྐྱེས་བྱུང་། འདི་རིག་དངོས་རྩ་ཆེན་མིན་ན་གང་ཡིན། འདི་སྲུང་སྐྱོབ་མི་བྱེད་ན་གང་བྱེད་ཨང་། དེ་ལྟར་དགའ་སྐྱོ་ཟུང་གིས་ཡིད་མཚོ་སྐྱོམས་བཞིན་སྒོར་བུད། ཧུའེ་རིགས་ཚོང་ཁང་ཐབས་ཆག་ཅིག་ཏུ་ང་ཚོས་སྐོམ་ཆུ་ཞིག་ཉོས་པར་རིན་གོང་མཐོན་པོ་འདུག བྱིས་པ་ཚོ་ཚོམ་ཚོམ་བྱས་ནས་ང་ཚོ་ལ་མཚར་སྣང་གིས་ལྟ། ང་ཚོས་ཁོ་ཚོ་རེ་རེ་ལ་སྒོར་གཅིག་རེ་བྱིན་པ་ཡིན། དེ་བྱིས་པ་གཞན་དག་གིས་ཀྱང་ཤེས་སོང་བ་འདྲ་སློབ་མ་མང་པོ་རུབ་སྟེ་སྒོར་མོ་ཁ་འཐོར་མང་པོ་བརྗེས་དགོས་པར་ཐུག སློབ་མ་ཉིས་བརྒྱ་ལྷག་ཡོད་པ་འདྲ། ཚོང་དཔོན་ནོར་བཟང་དང་སློབ་མ་འདི་དག་གི་བར་དུ་ཅི་ཞིག་གི་འབྲེལ་བ་ཡོད་དམ། བྱིས་པ་འདི་ཚོ་དགོན་པ་ལ་འགྲོ་སྲིད་དམ། རྗེ་ང་འདྲ་མ་ངོས་ཟིན་ནམ། བོད་སྐད་ཤེས་སམ། བོད་ཡིག་འདོན་ནམ། བོད་ཡིག་ག་ལ་འདོན་ཀྱང་ཁྱིམ་ཐོ་ཁ་ཤས་སུ་བོད་མིང་འདུག་སྐད། མི་རྒན་འགའ་ཞིག་གིས་བོད་རུས་ཡིན་ཟེར་སྐད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་སྐྱོ་ཤུགས་ཀྱིས་གསུབ་ག་ལ་ཐུབ། རྒྱུ་མཚན་ཅི་ཡིན་མི་ཤེས་མོད་ངས་ནི་ཕྱིར་ལམ་རིང་ཐུང་ལ་གྲོགས་པོ་ཚོར་ཚོང་དཔོན་གྱིས་ལ་འདི་བརྒྱབ་ནས་རྔ་མོང་ལ་ཁལ་བཀལ་ཡོད་ངེས། ཁལ་རྟ་བརྒྱ་ཕྲག་ལྷག་ཡོད་ངེས། ཁྱིམ་བཟའ་ཚང་ཡང་ཁྲིད་ཡོད་ངེས་ཞེས་རྟོག་སྒྲུང་སྣ་ཚོགས་བཤད། ཁོ་ཚོས་དེ་འདྲ་ཞིག་ཡིན་དང་འདི་འདྲ་ཞིག་མིན་ཞེས་ང་ཚོ་གནའ་བོའི་ལོ་རྒྱུས་ཞིག་གི་གྲུ་ཟུར་ཉུལ་ནས་ཀ་ཅུའི་མཁར་ལ་ཇི་ལྟར་ཐོན་པ་ཡང་མ་ཤེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།