ཀྲུང་གོ་བོད་ཀྱི་དྲ་བ།

​འཇང་ས་ཐམ་དུ་བསྐྱོད་པའི་ཟིན་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་སྐལ་བཟང་བརྩོན་འགྲུས།   སྤེལ་དུས། : 2017-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཕྱི་ལོ2016ལོའི་ཟླ12པའི་ཚེས28ཉིན་ཏེ།  རང་ཅག་གི་ཧོར་ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོའི་དུས་སུ་ངེད་ཅག་དགེ་གྲོགས་རྣམས་བདུད་རྩིའི་སྨན་ལྗོངས་ཞིས་ཧྲོང་པན་ནའི་གནམ་ཐང་ནས་གནམ་གྲུར་བསྡད་དེ་སྨུག་པོ་འཇང་ཡུལ་ལམ་ལེ་ཅིང་དུ་བསྐྱོད་པ་ཡིན།  མགྱོགས་པའི་གནམ་གྲུ་དེ་མཐོན་པོའི་མཁའ་དབྱིངས་བརྒྱུད་ནས་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་འཕུར་མཐར་དགོང་ཁའི་ས་སྲོད་ཀྱི་དུས་སུ་འཇང་ཡུལ་ས་ཐམ་དུ་སླེབས།   གསོལ་ཁང་ཞིག་ཏུ་དགོང་ཟས་ལ་རོལ་རྗེས་དེ་གའི་མིང་དུ་གྲགས་པའི་གནའ་མཁར་(古城)ལ་མྱུལ་བ་ཡིན།  གདོད་མའི་གནའ་གྲོང་གི་མཛེས་པ་མ་བོར་བའི་ཁྲོམ་སྲང་དེར་མྱུལ་དུས།   བདག་ནི་ལོ་ངོ་གསུམ་གྱི་སྔོན་དུ་སླེབས་དུས་དང་འདྲ་བར་ཚོར་སྣང་ཁྱད་པར་བ་ཞིག་གིས་ཡོངས་སུ་བཏང་མ་བྱུང་།

གནའ་བོའི་ཆང་ཁྲོམ་དུ་འབོད་པའི་སྲང་ལམ་རིང་མོའི་ག་ས་གང་དུ་འཇང་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་མཛེས་པའི་ཟས་ཁང་དང་ཚོང་ཁང་དག་ཏུ་གནའ་དེང་གི་མི་རིགས་མང་པོའི་ཐོན་རྫས་དག་གྲལ་དག་པར་བཤམས་ཤིང་། ཞོན་ཁུ་རོལ་དབྱངས་ཀྱི་སྙན་འཇེབས་ཀྱི་དབྱངས་རྟ་གང་སར་འཕུར། ཚོང་བ་དག་གིས་རང་རང་གི་གནའ་དེང་གི་ཚོང་རྫས་དང་མཐུན་པའི་གྱོན་ཆས་སྤྲས་ཏེ། དགའ་བའི་ཉམས་ཀྱིས་འགྲེམ་སྟོན་དང་ངོ་སྤྲོད་བྱེད་བཞིན་མཆིས་ལ།  ཁྲོམ་སྲང་གི་ཁོད་ཡངས་སར་འཇང་རིགས་ཀྱི་བུ་དང་བུ་མོ་དང་ཕྱོགས་ཀྱི་མགྲོན་པོ་དག་འདུས་ནས་སྐོར་བྲོ་ཨ་ཧ་པཱ་ལ་འཁྲབ་པར་བྱེད།  དྭངས་ཤིང་གཙང་བའི་ཆུ་མོ་ཤག་ཤག་ཏུ་འབབ་པའི་གཞུང་དུ་མགྲོན་པོའི་ཚོགས་ཀྱིས་ཤོག་བུའི་གྲུ་ཆུང་སྟེང་དུ་ཞག་སྒྲོན་ཆུང་ཆུང་རེ་སྒྲོན་སྟེ་ཆུ་བོའི་རྒྱུ་ཕྱོགས་དང་བསྟུན་ནས་བསྐྱོན།  འདི་ནི་ཡུལ་འདིའི་མི་རྣམས་ཀྱིས་རང་གི་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས་ཚུལ་ཞིག་ཡིན་པར་བཤད། གློག་སྒྲོན་སྣ་ཚོགས་དང་ཆུ་ངོགས་ཀྱི་ཞག་སྒྲོན།  སྙན་འཇེབས་ཀྱི་གླུ་གཞས་སོགས་ཀྱིས་གནའ་བོའི་ཁྲོམ་སྲང་དེར་སྔར་ལས་ལྷག་པའི་མཛེས་སྡུག་གི་རྣམ་པ་ཞིག་བསྐྲུན་འདུག

ཕྱི་ཉིན་སྔ་མོའི་ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་ཞག་གཅིག་གི་མགྲོན་ཁང(Lichun Hotel)ཟེར་བ་དང་གྱེས་ཏེ་ལྗོངས་རྒྱུ་ལ་ཆས།  དུས་སྐབས་འདིའི་འཇང་ཡུལ་ས་ཐམ་གྱི་གནམ་གཤིས་རང་ཅག་གི་སྟོན་མཇུག་དང་མཚུངས། ཞོགས་པའི་ཉི་ཟེར་དྭངས་མོའི་ཁུགས་སོ་ན་རི་ལུང་ཐམས་ཅད་ཀྱི་ལྗོན་པའི་ཚོགས་སེར་ལམ་མེར། ཞོགས་པའི་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མགོ་ལྕོག་ལྡེམ་པར་བྱེད།  ཐོག་མར་འཇང་རིགས་ཀྱི་སྣེ་ཤན་བུ་མོས་སྣེ་ཁྲིད་འོག་མཐོ་ཞིང་བརྗིད་པའི་འཇང་ས་དམ་ཡུལ་གྱི་གཡུ་འབྲུག་རི་བོར་(玉龙雪山)ལྗོངས་རྒྱུར་བསྐྱོད།

2.jpg

སྤྱི་སྤྱོད་རླངས་འཁོར་དེ་སྤྱི་ལེ་བཅུ་ཙམ་ལ་བསྐྱོད་མཐར་གཡུ་འབྲུག་རི་བོའི་འདབས་རོལ་དུ་སླེབས།  གཡུ་འབྲུག་རི་བོ་རུ་འབོད་པའི་རི་བོ་ཆེན་པོ་དེའི་དབུ་རྩེ་དགུང་ལ་ཟུག་ཅིང་རི་ཐོད་རབ་དཀར་ཁ་བས་གཡོགས་ལ།  རི་འདབས་སུ་ཆུ་བོ་ལྷུང་ལྷུང་གིས་འབབ་པ་དང་རང་བྱུང་གི་ནགས་ཚལ་གྱིས་བརྒྱན་པས་མཛེས་ཤིང་སྡུག   རི་བོ་འདི་འཇང་ཡུལ་གྱི་གནས་རི་རྩ་ཆེན་དུ་ངོས་འཛིན་བྱེད་ལ་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཀྱང་མང་བར་བཤད།  རི་འདབས་ནས་རི་རྐེད་བར་དུ་མཁའ་ཡི་གློག་སྐས་ལ་བསྡད་ནས་འགྲོ་ཐུབ།  གནས་སྐོར་བའི་ཚོགས་ཁྱུ་དང་ཁྱུ་བྱས་ནས་དགའ་བའི་ཉམས་དང་བཅས་གློག་སྐས་ལ་བསྡད་ནས་གཡུ་འབྲུག་རི་བོའི་ཡུལ་ལྗོངས་ཀྱི་མཛེས་བ་ལ་རོལ།  རི་བོའི་འདབས་རོལ་གྱི་འགྲེམ་སྟོན་ཁང་ཞིག་ཏུ་གནའ་བོའི་འཇང་རིགས་ཀྱི་དངོས་རྫས་དང་ཡིག་རིགས་མང་པོ་བཤམས་འདུག་པར་བལྟས།  རི་མོའི་རྣམ་པ་ཅན་གྱི་ཡི་གེའི་ལག་པས་བྲིས་བ་ཅན་མང་པོ་འདུག་པ་འཇང་རིགས་ཀྱི་ཡི་གེ་ཡིན་ཟེར་ལ།  གནའ་བོའི་འདྲ་གཟུགས་ཡི་གེའི་ཁོངས་གཏོགས་དང་ལོ་ངོ་མང་པོའི་ལོ་རྒྱུས་ཡོད་པར་བཤད།  གཡུ་འབྲུག་རི་བོའི་ངོས་དང་འགྲེམ་སྟོན་ཁང་སོགས་སུ་རྡོ་རིང་ཞིག་གི་མགོ་ན་མིའི་གཟུགས་དབྱིབས་ལག་གཉིས་ཐལ་མོ་སྦྱར་བ་ཅན་ཞིག་མཐོང་རྒྱུ་འདུག  དེ་ནི་རང་ཅག་གི་གནའ་བོའི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་གླེང་།

དེ་ནས་གཡུ་འབྲུག་རི་བོའི་འདབས་རོལ་ན་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་ཀརྨ་བའི་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་དང་རྒྱའི་སྐད་དུ(玉峰寺)ཟེར་བར་མཇལ། དགོན་པའི་ལི་ཐང་གི་གྲྭ་རྒན་ཞིག་གིས་ང་ཚོ་ལ་སྣེ་ལེན་དང་བཅས་ཡུལ་དེ་ཕྱོགས་ཀྱི་གནས་ཚུལ་སོགས་ཇ་འཐུང་ཞོར་དུ་མཚམས་སྦྱོར་བྱས།  དགོན་སྡེ་འདི་འཇང་བོད་གཉིས་ཀྱི་ས་མཚམས་ན་ཆགས་ཤིང་ཐོག་མར་ཀརྨ་མི་བསྐྱོད་རྡོ་རྗེའི་སློབ་མ་འཇང་གི་གྲྭ་པ་ཞིག་གིས་ཐོག་མར་བཏབ།  རྗེས་སུ་ཡུལ་འདིར་ཀརྨ་བ་ལ་བརྟེན་ནས་བཀའ་རྒྱུད་ཀྱི་དགོན་སྡེ་བཅུ་གསུམ་བཏབ།  དེང་ཁམས་ཕྱོགས་ནས་ཕེབས་པའི་དགེ་འདུན་པ་ཉེར་གཅིག་ལྷག་དགོན་འདིར་བཞུགས། འཇང་ཡུལ་ལམ་ལིས་ཅང་ས་ཁུལ་དུ་སྔོན་མ་ནས་བོད་སྡེ་མང་ལ། དེང་གི་དུས་སུ་ཡང་བོད་ཀྱི་སྡེ་བ་གཉིས་དང་། ཀརྨ་བ་དང་ས་སྐྱ་བ། དགེ་ལུགས་པའི་དགོན་པ་འགའ་ཡོད་ལ། འཇང་མི་རིགས་ཀྱི་ཁྲོད་ན་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་མང་།  ལ་ལས་སྟོན་པའི་ཆོས་ལུགས་ཟེར་བ་བོད་ཀྱི་གནའ་བོའི་སྟོན་པ་གཤེན་རབ་ཀྱི་ཆོས་ལུགས་ཡུལ་འདིར་དར་བ་ལ་ས་གནས་ཀྱི་གོམས་སྲོལ་དང་དད་མོས་སོགས་འདྲེས་ནས་ཡོད་པའི་ཆོས་ལུགས་ལ་དད། གཙོ་བོ་ལྷ་འབབ་པ་དང་མོ་རྩིས་ལུང་གསུམ་དང་གཞི་བདག་ལ་གསོལ་མཆོད་སོགས་བྱེད།  གཞི་བདག་ནི་རང་རེའི་གླིང་སྒྲུང་དུ་བཤད་པའི་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཡིན་ལ། དགོན་པའི་ནང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་བཙུགས་པར་བཤད་པའི་སྡོང་བོ་ཁྱད་མཚར་བ་ཞིག་འདུག་པ་སོགས་ངོ་སྤྲོད་གནང་བྱུང་།

འདིར་ལོ་རྒྱུས་ཡིག་ཚང་དང་འབྲེལ་ནས་འཇང་རིགས་ཀྱི་སྐོར་མདོར་ཙམ་བརྗོད་ན།  སྤྱིར་བོད་ཀྱི་ཡིག་རྙིང་དང་ཏུན་ཧོང་གཏེར་ཡིག་སོགས་སུ་འཇང་ཞེས་པ་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གོ་བ་མི་འདྲ་བ་རེ་ཡོད་ཀྱང་། འདིར་བཤད་པའི་འཇང་ཡུལ་ནི་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ནང་དུ་བཤད་པའི་འཇང་ས་དམ་དང་། བོད་པ་དག་གིས་ད་ལྟ་འཇང་རིགས་སུ་འབོད་པའི་ཡུལ་སྟེ་རྒྱའི་སྐད་དུ་ལིས་ཅང་(丽江)དུ་འབོད་པའི་ཡུལ་དང་། དེང་ན་ཞིས་(纳西)རིགས་སུ་གྲགས་པ་དེ་ལ་གོ་དགོས།

3.jpg

འཇང་བ་རྣམས་ལ་རང་གི་སྐད་དང་ཡི་གེ་ཆོས་ལུགས་ཡོད། རང་ཅག་བོད་པ་དང་འཇང་རིགས་གཉིས་རིགས་རྒྱུད་མཆེད་ཁུངས་ཐད་ནས་འབྲེལ་བ་ཡོད་པས། གོམས་གཤིས་དང་རིག་གནས། སྐད་བརྡ་སོགས་ནས་འདྲ་ས་མང་དུ་ཡོད་པར་བཤད། འཇང་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་རིག་གནས་ནི་(东巴文化)ཞེས་འབོད་པ་དེ་ཡིན་ལ། འདི་ནི་བོད་ཀྱི་གནའ་བོའི་བོད་ཀྱི་སྲིད་པ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་རིང་ལུགས་ཡུལ་འདིར་དར་བ་ལ། ཡུལ་འདིའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་བ་དེང་"སྟོན་པའི་རིག་གནས"(东巴文化)ཞེས་གྲགས་པ་འདི་ཡིན་པར་བཤད། འཇང་རིགས་ཀྱི་ཡི་གེ་ལ་"སྟོན་པའི་ཡི་གེ་"ཞེས་འབོད། གནའ་བོའི་འདྲ་གཟུགས་ཡི་གེ་སྟེ་བརྗོད་རྒྱུའི་དངོས་པོ་དེའི་རྣམ་པ་གཟུགས་སུ་བྲིས་ནས་རིམ་གྱིས་ཡི་གེ་རུ་ཆགས་པ་ཡིན་འདུག  ཁོང་ཚོའི་རིག་གནས་དེ་གནའ་བོའི་སྟོན་པ་གཤེན་རབ་ཀྱི་ཆོས་ལུགས་དང་འབྲེལ་བ་ཡོད་ན། "སྟོན་པའི་ཡི་གེ་"ཟེར་བ་འདི་ཡང་རང་ཅག་གི་གནའ་བོའི་ཞང་ཞུང་སྤུངས་ཡིག་ཏུ་གྲགས་པ་ལ་འབྲེལ་བ་ཨེ་ཡོད་སྙམ་པ་བྱུང་།

བོད་བཙན་པོའི་སྐབས་ཡུལ་འདིར་དམག་རྒྱབ་སྟེ་བོད་བཙན་པོའི་མངའ་ཁོངས་སུ་བསྡུས།   བོད་ཀྱི་ལོ་རྒྱུས་སྟེང་དུ་བཙན་པོ་ཁྲི་འདུས་སྲོང་ངམ་འདུས་སྲོང་མང་པོ་རྗེ་སྲིད་ཀྱི་དོན་དུ་འཇང་ཡུལ་དུ་གཤེགས་ནས་སྐུ་འདས་ཞེས་དང་། ཏུན་ཧོང་གཏེར་ཡིག་ཏུ་འཇང་ཡུལ་ལམ་མྱཱ་དཀར་ནག་ཅེས་འབོད་པ་ནི་དེ་རིང་གི་འཇང་ཡུལ་སྟེ་ལིས་ཅང་ཙམ་མ་ཡིན་པར། ད་ལྟའི་ཡུན་ནན་ས་ཁུལ་གྱི་དབྱི་རིགས་ཀྱི་མེས་པོ་མྱཱ་ནག་པོ་དང་པའེ་རིགས་ཀྱི་མེས་པོ་མྱཱ་དཀར་པོ་སྟེ། རྒྱའི་སྐད་དུ་ནན་ཀྲའོ(南诏)ཟེར་བ་དེ་ཡིན་ལ།  འཇམ་ངམ་མྱ་དཀར་ནག་སྟེ་ནན་ཀྲའོ་ནི་ལྷོ་ནུབ་མཚམས་སུ་ཆགས་པའི་རྒྱལ་ཁབ་ཅིག་ཏེ།  ཕྱི་ལོ་649ལོར་མོང་ཧྲི་ཀྲའོ་ཚོ་བའི་ཞིས་ལའོ་ཟེར་བས་ཝེ་ཧྲན་ཏེ་དེང་གི་ཡུན་ནན་ཞིང་ཆེན་གྱི་ཝེ་ཧྲན་རྫོང་ལྟེ་གནས་བྱས་ཏེ་མོང་ཆེན་པོའི་སྲིད་དབང་ཐོག་མར་བཙུགས། དུས་རབས་བརྒྱད་པའི་མགོ་ཙམ་ལ་མྱཱའི་རྒྱལ་བོ་ཕེ་ལའོ་ཀེ(皮罗阁)བྱ་བས་རྒྱལ་ཕྲན་དྲུག་ཏུ་གྲགས་པ་གཅིག་གྱུར་གྱིས་དབང་བསྒྱུར་བྱས་ཏེ་རྒྱལ་ས་དེང་གི་ཏཱ་ལེ(大理)མཁར་གྱི་ནུབ་འདབས་སུ་བྱས། ད་ལྟའི་ཡུན་ནན་ཞིང་ཆེན་ཡོངས་དང་། སི་ཁྲོན་ལྷོ་རྒྱུད་ནས་ཀོས་ཀྲུའུ་ནུབ་ཕྱོགས་ལ་སོགས་པའི་ཡུལ་གྲུ་མང་པོ་ལ་དབང་བསྒྱུར་བྱས་ཏེ་མངའ་ཐང་ཤིན་ཏུ་དར། སྔ་གཞུག་ཏུ་རྒྱལ་རབས་བཅུ་གསུམ་ཙམ་བྱུང་སྟེ་བོད་བཙན་པོ་དང་ཐང་ལ་འབྲེལ་བ་བྱུང་། ཕྱི་ལོ704ལོར་བོད་བཙན་པོ་ཁྲི་འདུས་སྲོང་ངམ་འདུས་སྲོང་མང་པོ་རྗེ་ཡིས་ཡུལ་དེར་ཕྱོགས་སུ་བོད་དམག་དྲངས་ཏེ་འཇང་དང་མྱཱ་དཀར་ནག་དབང་དུ་བསྡུས་ནས་ལོ་མང་པོར་བོད་ལ་དཔྱ་ཁྲལ་ཕུལ་བ་ཏུན་ཧོང་གཏེར་དུ་གསལ་ལ། བོད་བཙན་པོ་གང་ཉིད་ཀྱང་ཡུལ་འདི་ནས་གཤེགས་པར་བཤད་ལ། སྐབས་དེའི་མྱཱའི་རྒྱལ་བོ་ཀག་ལ་བོང(阁罗风)བྱ་བས་བོད་བཙན་པོ་ལ་མགོ་སྒུར་ཏེ། རྒྱ་ནག་ཐང་དང་རྒྱབ་འགལ་བྱས་པ་ཡང་ཏུན་ཧོང་གཏེར་ཡིག་ཏུ་གསལ། དེར་མ་ཟད་བོད་བཙན་པོས་འཇང་ཡུལ་ནས་འཇང་མོ་བཟའ་ཁབ་ཏུ་བཞེས་ནས་སྲས་འཇང་ཚ་ལྷ་དབོན་འཁྲུངས་པ་སོགས་ཀྱང་མྱཱ་དཀར་ནག་ལ་གོ་དགོས་སོ།། གཞན་བཙན་པོའི་དུས་སུ་འཇང་དཀར་ནག་འདུལ་ཕྱིར་འབྲི་ཆུའི་སྟེང་དུ་བརྒྱབ་པའི་ལྕགས་ཟམ་ཞིག་ལ་བཙན་པོའི་ལྕགས་ཟམ་ཟེར་བ་རྒྱལ་ཐང་ལྷོ་ནུབ་མཚམས་ཀྱི་འབའ་ལུང་ཕྱོགས་སུ་ཡོད།  ཕྱིས་སུ་བོད་བཙན་པོའི་སྲིད་གཞུང་སིལ་བུར་ཐོར་རྗེས་འཇང་དཀར་ནག་ལ་རང་བཙན་ཐོབ་སྟེ་ལྕགས་ཟམ་དེ་ཉིད་དུམ་བུར་བཅད་པའི་ཤུལ་ད་ལྟའི་བར་དུ་ཡོད་པར་བཤད།

ཕྱིས་སུ་བསྟན་པ་ཕྱི་དར་ནས་བོད་ཀྱི་སྐྱེས་ཆེན་མང་པོ་ཞིག་ཡུལ་འདིར་ཕེབས་མྱོང་ལ།  ལྷག་པར་བཀའ་རྒྱུད་པའི་མཁས་པ་མང་པོས་ཞབས་ཀྱིས་བཅགས་པས་བོད་ཀྱི་བཀའ་རྒྱུད་པའི་གྲུབ་མཐའ་ཡུལ་འདིར་དར་ཏེ་རྒྱལ་འབངས་མང་པོས་ནང་ཆོས་ལ་དད་པར་གྱུར། ལྷག་པར་ཡུལ་འདི་ནས་བོད་ཀྱི་རིག་གནས་ལ་ལག་རྗེས་རྨད་དུ་བྱུང་ཞིང་རྗེས་དྲན་བྱེད་འོས་པའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་བྱུང་།

4.jpg

དེ་ཡང་ཕྱི་ལོ1608ལོར་ཞྭ་དམར་སྐུ་ཕྲེང་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་གི་བཀས་བསྐུལ་འོག་འཇང་རྒྱལ་བོ་རྒྱལ་རབས་བཅུ་དགུ་བ་ཀརྨ་མི་ཕམ་ཚེ་དབང་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་མཛད་དེ། ཚལ་བ་བཀའ་འགྱུར་དང་སྟག་ལུང་རྒྱུད་འབུམ། གཡུང་ལོ་བཀའ་འགྱུར་སོགས་མ་ཕྱི་བྱས་ཏེ་ལོ་དེའི་ཟླ4པའི་ཚེས8ཉིན་བོད་ཡིག་གི་བཀའ་འགྱུར་གྱི་པར་ཤིང་བརྐོ་བའི་མགོ་བརྩམས། ལོ་ངོ་བཅུ་གསུམ་གྱི་རིང་བཞེངས་མཐར། ཕྱི་ལོ་1621ལོར་གཞི་ནས་ལེགས་འགྲུབ་བྱུང་སྟེ་དཀར་ཆག་དང་བཅས་པོད་བརྒྱ་དང་དགུ་ཡོད་པ་ལ་ལོ་རྒྱུས་སྟེང་འཇང་ས་ཐམ་བཀའ་འགྱུར་དུ་འབོད། འཇང་རྒྱལ་བོ་རང་ཉིད་ཀྱིས་པར་མ་འདི་ལ་འགོ་བརྗོད་དང་སྨོན་ཚིག་སྦྱར་སྐད། ཕྱིས་ཕྱི་ལོ1699ལོར་སོག་པོ་གུ་ཤྲི་ཧན་གྱི་ཚ་བོ་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་འཇང་ཡུལ་འདིར་དམག་དྲངས་སྐབས། འཇང་ས་ཐམ་གྱི་བཀའ་འགྱུར་གྱི་པར་ཤིང་རྣམས་འཕྲོགས་ཏེ་ལི་ཐང་དགོན་ཆེན་དུ་སྤོས་བར་ཕྱིས་སུ་ལི་ཐང་མཚལ་པར་བཀའ་འགྱུར་ཟེར། སྡེ་དགེ་བཀའ་འགྱུར་གྱི་མ་ཕྱི་ཡང་འདི་ཡིན་པར་བཤད། ཕྱི་ལོ1958ལོའི་སྤྱི་ཚོགས་བཅོས་བསྒྱུར་དུ་འབོད་པའི་ནང་འཇང་བཀའ་འགྱུར་མེད་བརླགས་སུ་བཏང་། འདིའི་པར་མ་དེང་སང་ལྷ་ལྡན་གཙུག་ལག་ཁང་དང་འབྲས་སྤུངས་དགོན་པར་ཚར་རེ་བཞུགས་པར་བཤད། པར་མའི་ཤོག་རྒྱུ་བོད་ཤོག་སྤུས་ལེགས་དང་གླེགས་བམ་ངོས་ལ་གོས་ཆེན་གྱི་ཕྱི་ཐམ་གཡོགས་ཤིང་གསེར་ལས་གྲུབ་པའི་གླེགས་ཆབ། གླེགས་བམ་གཉིས་རེ་ཀོ་བའི་སྒམ་ཆུང་དུ་བཞུགས་སུ་གསོལ་བ། ཀོ་བའི་སྒམ་ཆུང་ལ་དངུལ་གྱི་བོད་ཟྭ་རེ་སྤྲད་པར་བཤད། བཀའ་འགྱུར་པར་མ་འདི་གཉིས་སྐབས་དེར་འཇང་རྒྱལ་བོས་ལྷ་ལྡན་གཙུག་ལག་ཁང་དང་༧གོང་ས་ཏཱ་ལའི་བླ་མའི་ཕྱག་ཏུ་ཕུལ་བར་བཤད་མཁན་ཡང་མཆིས། རྒྱ་གར་གྱི་ནང་དགོན་ཞིག་ཏུ་པར་གཞི་འདིའི་བཀའ་འགྱུར་ཚར་གཅིག་བཞུགས་པར་བཤད།

གླིང་སྒྲུང་ནང་གི་འཇང་གླིང་གཡུལ་འགྱེལ་གྱི་འཇང་ས་དམ་རྒྱལ་པོ་བྱ་བ་ནི་དེ་གའི་སྔ་མའི་རྒྱལ་བོ་རྒྱ་སྐད་དུ་མའོ་ཐེན་ཝང(木天王)ཞེས་འབོད་པ་དེ་ཡིན་པར་བཤད། འཇང་རྒྱལ་བོ་དེས་ཁམས་ཕྱོགས་ལ་དམག་དྲངས་ཏེ་བཙན་རྫོང་བརྩིགས་པ་རྒྱལ་ཐང་དང་བདེ་ཆེན་ཕྱོགས་ན་ད་ལྟ་ཡང་མཐོང་རྒྱུ་ཡོད་ལ། འཇང་གླིང་གཡུལ་འགྱེལ་གྱི་སྒྲུང་ཡང་དམག་འཁྲུག་དེར་རྨང་གཞི་བྱས་པ་ལས་བྱུང་བ་ཡིན་ཞེས་ལོ་རྒྱུས་སྨྲ་བ་རྣམས་བཤད།   འཇང་རྒྱལ་བོའི་མཁར་ཤུལ་གར་ཡོད་རྩད་གཅོད་བྱས་པ་ན། འཇང་རིགས་སྣེ་ཤན་བུ་མོ་དེས་འཇང་རྒྱལ་བོའི་ཕོ་བྲང་གི་ཤུལ་དེང་གི་ལིས་ཅང་མི་དམངས་སྲིད་གཞུང་ཆགས་ཡུལ་དེ་ཡིན་ཚུལ་དང་། དེ་ན་ད་ལྟ་ཡང་ཕོ་བྲང་གི་རྣམ་པ་ཙམ་ཡོད་ལ། འཇང་རྒྱལ་བོའི་ཁྱིམ་རྒྱུད་ཀྱི་རུས་མིང་མུའུ་ཡིན་པར་ལབ་སོང་།  རྒྱའི་སྐད་དུ་མུའུ་ཞེས་པ་ནི་དོན་ལ་བོད་ཀྱི་སྔོན་མའི་རུས་ཆེན་རྨུའམ་དམུ་ཨེ་ཡིན་སྙམ།  དེ་ལྟར་ན་འཇང་རྒྱལ་བོ་ཡང་རུས་རྒྱུད་ཀྱི་ཆ་ནས་ཀྱང་བོད་དང་འབྲེལ་བ་ངེས་ཅན་ཡོད་དགོས་སོ།།

དེ་ལྟར་ཡུལ་འདི་བོད་དང་རིག་གནས་ཀྱི་འབྲེལ་འདྲིས་ཟབ་ལ། འཇང་རྒྱལ་བོའི་མིང་བོད་མིང་བསོད་ནམས་རབ་བརྟན་བཏགས་པས་ཀྱང་འཇང་བོད་གཉིས་བར་རིག་གནས་ཕན་ཚུན་འདྲེས་པ་ཤེས་ཐུབ།  སྐད་བརྡའི་ནང་དུ་བོད་སྐད་མང་བར་བཤད་ལ་དུས་ད་ལྟ་ཡང་འཇང་བ་མང་པོས་བོད་བརྒྱུད་ནང་བསྟན་ལ་དད།  འགའ་ཤས་ཀྱི་སྟོན་པའི་ཆོས་ལུགས་ལ་དད་པར་བཤད། སྔོན་ཆད་མི་རིགས་འདིའི་མིང་ལ་མོ་ཧྲ་དང་མོ་ཞེ། མི་ཞེ། མོ་སུའོ་ཞེས་འབོད་མྱོང་། འཇང་རང་སྐད་དུ་ཡུལ་འདི་ལ་ཡེ་གོ་ཏེས(依古堆 )ཞེས་འབོད་ཟེར། བོད་སྐད་ཀྱི་འཇང་གི་དོན་ནི་ཆེན་པོའམ་རྩ་ཆེན་པོའི་དོན་ཡིན། འཇང་རིགས་ཀྱི་སྐད་རིགས་ནི་བོད་འབར་སྐད་ཁོངས་དབྱིས་རིགས་ཀྱི་སྐད་ལག་ཏུ་གཏོགས་ཟེར།  སྟོན་པའི་ཡི་གེ་རུ་འབོད་པའི་གནའ་བོའི་འདྲ་གཟུགས་ཡི་གེ་དེ་ཉིད་ཀྱིས་གཙོ་བོ་སྟོན་པའི་རིག་གནས་དང་གསུང་རབ་འབྲི་དུས་བཀོལ་སྤྱོད་བྱེད་པར་བཤད།  བློ་ཕམ་པ་ཞིག་ལ་འཇང་རིགས་ཀྱི་ཡུལ་སྲོལ་དང་སྐད་ཡིག   རིག་གནས་མང་པོ་ཞིག་གྲངས་ཉུང་མི་རིགས་གཞན་དག་དང་འདྲ་བར་རྒྱ་མཚོ་ཆེན་པོའི་ནང་དུ་ཁ་བ་བཞིན། རྒྱ་རིགས་ཆེན་པོའི་སྤྱི་ཚོགས་ནང་ཡོངས་སུ་འཐིམ་སྟེ་ནུབ་ནས་འགྲོ་བཞིན་འདུག་པའི་ཚོར་སྣང་ཞིག་གིས་ཡོངས་སུ་མི་གཏོང་བར་བྱེད།

5.jpg

གཡུ་འབྲུག་རི་བོའི་འདབས་ཀྱི་ཟས་ཁང་ཞིག་ཏུ་དྲོས་ཇ་འཐུང་རྗེས། ཕྱི་དྲོའི་དུས་སུ་འཇང་ཡུལ་ས་ཐམ་དང་གྱེས་ཏེ། བོད་བཙན་པོའི་དུས་སུ་དམག་དྲངས་ནས་དབང་དུ་བསྒྱུར་མྱོང་བའི་སྔར་མྱཱ་དཀར་ནག་གི་ཡུལ་ཏེ་ཏཱ་ལེའི་ཕྱོགས་ཀྱི་རི་བོ་བྱ་རྐང་ལ་བསྐྱོད། ལམ་བར་གྱི་གཞུང་ལམ་གཡས་གཡོན་དང་རྒྱང་རིང་གི་ལུང་བའི་ཕུ་མདའ་སོགས་ན་འཇང་རིགས་ཀྱི་དུད་ཁྱིམ་མང་པོ་སྐོར་དང་སྐོར་བྱས་ནས་མཐོང་ལ།  འཇང་རིགས་ཀྱི་སྡོད་ཁང་གི་ཚོས་གཞི་དཀར་ལ་ཁང་བརྩེགས་ཉིས་ཐོག   སྟེང་སོ་སྒལ་འཛིངས་ཀྱི་རྣམ་པ་ཅན་འདུག   དམའ་མོའི་གཞོངས་སུ་སྟོན་གྱི་ལོ་ཏོག་བསྡུས་ཤུལ་དུ་བཏབ་པའི་སྔོ་ཚོད་ཀྱི་རིགས་ལྗང་ལྡེམ་མེར།  རི་ལུང་ཐམས་ཅད་རང་བྱུང་གི་ནགས་ཀློང་དང་རྩི་ཤིང་གིས་བརྒྱན་པས་ཡིད་དུ་འོང་།

འགྲུལ་བཞུད་རླངས་འཁོར་དེ་དུས་ཚོད་གསུམ་ཙམ་ལ་བསྐྱོད་མཐར།  དགོང་ཁའི་ས་སྲོད་ཀྱི་དུས་སུ་ཉན་ཐོས་འོད་སྲུང་ཆེན་པོ་འགོག་སྙོམས་ལ་བཞུགས་པ་དང་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་པའི་གནས་མཆོག་རི་བོ་བྱ་རྐང་གི་འདབས་སུ་འབྱོར།

             ཞེས་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་ཕྱི་ལོ་2016ལོའི་ཟླ12པའི་ཚེས28ཉིན་འཇང་ས་ཐམ་གྱི་ཡུལ་ནས་ཟིན་བྲིས་སུ་བསྡེབས་པའོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།