ཀྲུང་གོ་བོད་ཀྱི་དྲ་བ།

ཇིང་གུར་རྒྱལ་པོའི་དྲན་གསོ་ཁང་ལ་མཇལ་བའི་མཐོང་སྣང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལན་གྲུ་གྲོང་ཁྱེར་གྱི་གཡུ་གྲོང་རྫོང(榆中县)ཁོངས་སུ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཞིག་ཡོད་ལ་དེ་ནི་ཞིན་ལུང་རི་བོ་ཡིན། དེའི་སྟེང་དུ་ཇིང་གུར་རྒྱལ་པོ་དྲན་གསོ་ཁང་དང་ལིའུ་དབྱི་མིན་གྱི་བང་སོ། (刘一明墓)ཐའེ་པེ་ཆུ་མིག(太白泉)སོགས་ཡོད། ད་ལན་ང་ལ་གནས་ཆེན་དེར་བསྐྱོད་པའི་གོ་སྐབས་ཡག་པོ་ཞིག་ཐོབ་སོང་བས། དེར་བཞུད་ཀྱི་མཐོང་ཐོས་དྲན་རེག་གི་སྣང་བ་ཚིག་རིས་སུ་བྲི་བར་བྱ་སྟེ།

ང་དང་ལམ་གྲོགས་གཉིས་ཀ་གཡུ་གྲོང་རྫོང་ཐོག་ནས་ནུབ་ཕྱོགས་སུ་ཆས་ཤིང་། སྤྱི་ལེ་ལྔ་ཙམ་གྱི་འགྲུལ་བཞུད་བརྒྱུད་ཞིན་ལུང་རི་བོའི་འདབས་སུ་ཐོན། ཞིན་ལུང་རི་བོ་ནི་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་གཡོགས་པའི་རི་བོ་ཞིག་སྟེ། རི་བོའི་གཞོགས་གཉིས་སུ་ལུང་པ་དང་ལུང་ལག་ཤིན་ཏུ་མང་པོ་ཡོད་ཅིང་ལུང་ཆུའི་ཤག་སྒྲ་བར་མེད་དུ་གྲགས་བཞིན་མཆིས། ཡུལ་སྐོར་སྣེ་ཤན་པས་བཤད་པ་ལྟར་ན། གནས་དེ་རུ་སྐྱེ་དངོས་རིགས་སྣ་སྟོང་ཕྲག་གཅིག་དང་ཉི་ཤུ་ལྷག་ཡོད་ཅིང་། འབུ་སྲིན་གྱི་རིགས་ཆིག་སྟོང་ཆིག་བརྒྱ་ལྷག་དང་། གཞན་ཡང་དུད་འགྲོའི་རིགས་ཆིག་བརྒྱ་དྲུག་ཅུ་ལྷག་ཡོད་པ་དག་ནི་ཞིན་ལུང་རི་བོའི་ཐུན་མིན་གྱི་ཁྱད་ནོར་ཡིན་པས། གནས་དེ་ལ་སྔ་ན་མེད་པའི་རིན་ཐང་བསྩལ་ཡོད་པ་རེད།སྙན་ངག་པ་ལི་པའེ་ཡང་གནས་དེ་གར་ཕེབས་མྱོང་ཞིང་། དེ་གའི་མཛེས་ལྗོངས་ཀྱིས་སྣང་བ་རབ་ཏུ་བཏེགས་ཏེ་བསྟོད་པའི་སྙན་ཚིག་མང་དུ་བསྟར་ཡོད།

རི་འདབས་ནས་རི་རྩེའི་བར་དུ། སྐྱེ་དངོས་དང་སྲོག་ཆགས་ཀྱི་མིག་གི་ལོངས་སྤྱོད་ཙམ་མ་ཟད། གནའ་བོའི་བཟོ་བཀོད་ཀྱི་ཁྱད་གཤིས་མངའ་བའི་ཕོ་བྲང་དང་ལྡིང་ཁང་སྣ་ཚོགས་ཡོད་ལ། བྲི་ལུགས་མི་འདྲ་བའི་རྒྱ་ཡིག་གི་ཡིག་གཟུགས་དང་བྲིས་རིས་སྣ་ཚོགས་བཤམས་སྟོན་བྱས་ཡོད། གཞན་ཡང་མཐོང་མྱོང་མེད་པའི་སྲོག་ཆགས་ཀྱི་རིགས་དང་དེང་རབས་རྩེད་མོ། དྲན་རྟེན་རིག་དངོས་སོགས་མང་དུ་ཡོད་པས་ཡུལ་སྐོར་པའི་དང་བ་ཅིག་ཅར་དུ་འདྲེན་པར་བྱེད། གནས་ཆེན་དེ་གའི་ཁྱད་ནོར་དུ་གྲུབ་ཡོད་པ་ནི་ལིའུ་དབྱི་མིན་གྱི་བང་སོ་དང་ཐའེ་པའི་ཆུ་མིག ཇིང་གུར་རྒྱལ་པོའི་དྲན་གསོ་ཁང་སོགས་རེད་ལ། རིག་གནས་ཀྱི་བརྡ་རྟགས་དང་ལོ་རྒྱུས་ཀྱི་དཔང་པོར་གྲུབ་ནས་ཕྱོགས་ཀྱི་ཤེས་རིག་དོན་གཉེར་ཅན་དག་གི་ཡིད་དབང་བཀུགས་ཡོད། ལྷག་པར་དུ་ཇིང་གུར་རྒྱལ་པོའི་དྲན་གསོ་ཁང་ནི་ལོ་རྒྱུས་ཀྱི་འགྱུར་རིམ་མཚོན་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། ཇིང་གུར་རྒྱལ་པོའི་གཡུལ་འདུལ་གྱི་ལམ་ཕྱོགས་དང་གནས་ཚུལ། མི་རིགས་མཉམ་འདྲེས་ཀྱི་སྣང་ཚུལ་སོགས་མཚོན་བཞིན་ཡོད།

ཇིང་གུར་རྒྱལ་པོའི་དྲན་གསོ་ཁང་ལ་ཐོག་མར་འབྱོར་དུས། ང་ལ་དོགས་གཞི་ཞིག་སྐྱེས་པ་ནི་འདི་ལྟ་སྟེ། ལོ་རྒྱུས་སྟེང་གི་སོག་པོའི་སྲིད་དབང་གི་ལྟེ་བར་གྱུར་པའི་ཨུར་ཏོ་སི(鄂尔多斯)ནས་འདི་གའི་བར་དུ་ལེ་བར་ཁྲི་སྟོང་གིས་ཆོད་ཡོད་ནའང་། གཤིན་པོའི་ཡོ་བྱད་རྣམས་འདི་གར་དབོར་འདྲེན་བྱས་དོན་ཅི་ཡིན་ནམ་སྙམ། མ་གཞིར་སྤྱི་ལོ1127ལོར། ཇིང་གུར་རྒྱལ་པོས་མི་ཉག་ལ་གཡུལ་བཤམས་པའི་སྐབས་སུ་ནད་ཀྱིས་གཤེགས་པ་དང་། (ཟེར་སྒྲོས་གཞན་དུ་ཇིང་གུར་རྒྱལ་པོ་ནི་ལིའུ་ཕན་རི་བོ六盘山ནས་སྐུ་གཤེགས་པར་བཤད།)མི་རྣམས་ཀྱིས་སོག་པོའི་ལུགས་སྲོལ་ལྟར་ཁོང་གི་བེམ་པོ་མེ་དུར་དང་ཆུ་དུར་གང་ཡང་མ་བྱས་པར། རྟ་རྨིག་གིས་རྡོག་རལ་བཏང་སྟེ་ས་སྟོར་བྱས་པ་རེད། རྗེས་སོར་ཁོང་ཅག་གིས་རླབས་ཆེན་གྱི་མི་བུ་འདི་ལ་རྗེས་དྲན་བྱ་སླད་དུ་བཞུགས་སུ་གསོལ་མྱོང་བའི་སོག་གུར་དང་། ཕྱག་གྲི ཁྲབ་རྨོག བ་དན་སོགས་པུར་སྒམ་དུ་བཅུག་ནས་དྲན་གསོ་བྱས་ཤིང་། བཞུགས་གནས་ཀྱང་ད་ལྟའི་ཨུར་ཏོ་སིའི་ཕྱོགས་སུ་གཏན་འཁེལ་བྱས། མི་ལོ་བདུན་བརྒྱ་ལྷག་གི་མཆོད་བཀུར་བརྒྱུད། སྤྱི་ལོ1938ལོར་འཇར་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་མགོ་བརྩམས་ཤིང་། འཇར་པན་ཕྱོགས་ནས་བང་སོ་རྔམ་འཕྲོག་གི་སྦྱོར་བ་བཤམས་རྩིས་བྱས་པ་ན། གོ་མིན་ཏང་སྲིད་གཞུང་གིས་གདུང་རྟེན་ཅི་ཡོད་ཞིན་ལུང་རི་བོར་དབོར་འདྲེན་བྱས་ཤིང་། རྗེས་མར་ཡང་སྐུ་འབུམ་དགོན་དུ་དབོར་འདྲེན་བྱས་པ་རེད། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཅིང་ལྷག་པར་དུ་བཅིངས་འགྲོལ་བྱས་ནས་བདེ་བར་བཀོད་པ་ན། ཇིང་གུར་རྒྱལ་པོའི་གདུང་རྟེན་རྣམས་ཕྱིར་ཨུར་ཏོ་སི་ལ་དབོར་འདྲེན་བྱས་པ་རེད། ཡང་ལོ་རབས་བརྒྱད་ཅུ་པའི་ནང་དུ། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་དྲན་གསོ་ཁང་བསྐྱར་བསྐྲུན་བྱས་ཏེ་ད་ལྟའི་རྣམ་པ་འདི་ཆགས་པ་ཡིན་ནོ།།

ཇིང་གུར་རྒྱལ་པོའི་དྲན་གསོ་ཁང་གི་བཟོ་བཀོད་ནི་དེ་འདྲའི་རྔམ་བརྗིད་མི་ཆེ་ཞིང་། མདུན་གྱི་སྒོ་བྱང་དུ་ཇིང་གུར་རྒྱལ་པོའི་རིག་དངོས་བཤམས་སྟོན་ཁང་ཞེས་པའི་གསེར་བྲིས་ཡིག་རིས་བཀོད་ཡོད། དཀྱིལ་སྙིང་གི་ཁང་པར་ལྷ་སྐུ་དང་། ཤར་ནུབ་གཉིས་ཀྱི་གཙང་ཁང་ན་འབྲེལ་ཡོད་ཡིག་རིས་དང་རིག་དངོས་ཉར་ཚགས་བྱས་ཡོད། སྤྱིའི་བཟོ་བཀོད་ནི་དེ་འདྲའི་རྒྱས་སྤྲོས་ཆེ་བ་ཞིག་མིན་ནའང་། མཁོ་བའི་རིག་དངོས་ཀྱི་རྣམ་གྲངས་ནི་ཡོངས་སུ་རྫོགས་པ་སྟེ། ཇིང་གུར་རྒྱལ་པོའི་སྐུ་འདྲ་གཙོ་བོར་གྱུར་པའི་གཙོ་སྐུ་དང་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་འདྲ་སོགས་བཞུགས་སུ་གསོལ་ཡོད། བལ་དཀར་གྱིས་བཟོས་པའི་སོག་གུར་ཆུང་བ་དང་སྐུ་པར་བྲིས་མ། ད་དུང་གནའ་བོའི་ཁྱད་གཤིས་མངའ་བའི་ཁྲབ་རྨོག་སྟེ། སྟོང་ཆ་མཛུབ་རྩེ་ཙམ་མ་ལུས་པར་ཁྲོ་ལྕགས་ལེབ་མོས་བཏུམས་ཡོད་པ་དང་། གཞོན་ནུའི་མི་ཚད་ཙམ་གྱི་གཞུ་མོ་དང་མདའ་མདུང་སོགས་མང་པོ་བཤམས་སྟོན་བྱས་ཡོད་པས། དཔའ་བོའི་ཟིལ་ཤུགས་ནི་ད་དུང་འཇགས་པ་མེད་པར་མི་ལ་དངངས་སེམས་སློང་བར་བྱེད།

ལོ་རྒྱུས་ལྟ་ཀློག་གི་གོ་རིམ་ཁྲོད་ནས་ང་ལ་འདི་འདྲའི་དོགས་གཞི་ཞིག་སྐྱེས་མྱོང་སྟེ། འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྲིད་ན་དཀོན་པའི་སྟོབས་ལྡན་གྱི་རྒྱལ་ཁབ་བཅུ་ཕྲག་ལྷག་བྱུང་ཡོད་ནའང་། སོག་པོ་མི་རིགས་དེ་ཅིའི་ཕྱིར་དུས་ཡུན་ཐུང་ཐུང་གི་རིང་ལ་མངའ་ཐང་ཕྱོགས་སུ་བསྐྱེད་ནུས་པ་ཡིན་ནམ།དེ་ནི་མ་གཞིར་ཇིང་གུར་རྒྱལ་པོའི་ཁྱད་དུ་ཐོན་པའི་དམག་ཇུས་ལ་འབྲེལ་བ་ཆེ་ཞིང་། འཇོན་པ་ཚུར་འགུགས་དང་གོ་གནས་བསྐོ་བཞག གཡུལ་འཐབ་ས་དཔྱད་སོགས་ཀྱི་རྩལ་ནུས་ལ་རག་ལས་པ་ཡིན་འདུག དེར་མ་ཟད། སོག་པོ་མི་རིགས་ནི་རང་རེའི་མི་རིགས་དང་འདྲ་བར་མངའ་བདག་ཚོ་དཔོན་གྱི་གདུང་ཁུངས་དངོས་མ་ལ་རྩིས་ཆེ་བ་སྟེ། གལ་སྲིད་ཕྱི་དགྲ་དང་ནང་བློན་སུ་ཞིག་གིས་གཡོ་ཇུས་ལ་བརྟེན་ནས་སྲིད་དབང་འཕྲོག་པ་ཡིན་ཡང་། མི་སེར་རྣམས་ནས་སྔར་བཞིན་གདུང་ཁུངས་དངོས་མ་ལ་མཆོད་བཀུར་བྱེད་བཞིན་ཡོད་པས། སྲིད་དབང་སྲ་བརྟན་གྱི་ཐད་སྔ་ན་མེད་པའི་མཐུན་རྐྱེན་སྦྱར་ཡོད་པ་རེད། གཞན་ཡང་། ཁོང་ཅག་གི་འཚོ་བའི་རྣམ་པ་ནི་གཡུལ་འདུལ་གྱི་གཞི་རྒྱུ་གལ་ཆེན་ཞིག་སྟེ། ས་ཆུ་གནས་སྤོའི་མི་རིགས་ཤིག་ཡིན་པས་དེའི་ཐད་ཀྱི་འཚོ་བའི་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་གསོག་ཉར་བྱས་ཡོད་ཅིང་འཚོ་ནུས་ཤིན་ཏུ་ཆེ། ནང་སོག་ཤར་མའི་རྩྭ་ཐང་རང་བཞིན་གྱི་དྲོད་ཁུལ(温带草原性气候)དང་ཕྱི་སོག་ནུབ་མའི་མཐོ་སྒང་རང་བཞིན་གྱི་འཁྱག་ཁུལ(寒带高原性气候)གང་ལ་ཆ་མཚོན་ནའང་འཚོ་ཚིས་ལེགས་པོ་འཛིན་ཐུབ་པས། རྒྱང་སྐྱོད་དང་གཡུལ་འདུལ། འཚོ་གནས་དང་ས་དཔྱད་སོགས་ལ་རྨང་གཞི་ལེགས་པོ་སྦྱར་ཡོད། ཇིང་གུར་གྱིས་མི་ཉག་ལ་ཕར་རྒོལ་བྱེད་དུས་སུའང་། ཚ་གདུང་དང་ལམ་གེགས་ཀྱིས་དམག་ཤུགས་ཆེས་ཆེར་ཉམས་པ་ན། སྟོབས་ཤུགས་གསོག་འཇོག་དང་དཔའ་ངར་ཆེར་བསྐྱེད། དམག་རྒྱགས་གྲ་སྒྲིག་དང་ས་དབྱིབས་སྔོན་དཔྱོད་བྱ་ཆེད་དུ་ཞིན་ལུང་རི་བོའི་ཉེ་ལོགས་སུ་སྐུ་ངལ་གསོས་པ་རེད། ཇིང་གུར་གྱི་ཞབས་རྗེས་ཕབ་པའི་གནས་གང་ལ་མཚོན་ནའང་། ཁོང་གི་གཞན་ལས་འཕགས་པའི་བློ་སྟོབས་དང་འཇགས་པ་མེད་པའི་དཔའ་སྤོབས། ཟིལ་གྱིས་གནོན་པའི་འཐབ་འཛིང་གི་ངར་སྒྲ་ལྷག་ཡོད།

ལོ་རྒྱུས་ལ་སྤྲོ་ཤུགས་རབ་ཏུ་ཆེ་མཁན་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་འགྲུལ་བཞུད་ཀྱིས་ང་ལ་ལོ་རྒྱུས་ཀྱི་མཐོང་སྒོ་ཡངས་པོར་བསྐྱེད་བྱུང་སྟེ། ཇིང་གུར་གྱི་དམག་འཐབ་ཁ་ཕྱོགས་དང་ལམ་ཐིག སོག་པོའི་ལུགས་སྲོལ་སོགས་ལ་ངེས་ཆ་ཕྲན་བུ་རེ་སྐྱེས་པར་མ་ཟད། རྣམ་པ་གསར་པའི་མིག་གི་ལོངས་སྤྱོད་ཀྱང་ཟད་མཐའ་མེད་པ་ཞིག་སྦྱིན་བྱུང་། དཔེར་ན་དམག་འཐབ་ཀྱི་བ་དན་དང་མདའ་གྲི ཁྲབ་རྨོག སོག་གུར་སོགས་ལ་དངོས་མཐོང་གི་བདེན་པ་བརྡར་ཏེ། ལོ་རྒྱུས་ལྟ་སྦྱོང་གི་མཐུན་རྐྱེན་ལེགས་པོ་སྦྱར་སོང་ངོ་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།