ཀྲུང་གོ་བོད་ཀྱི་དྲ་བ།

བཀའ་མ་ལོག་ནས་མཛོ་མོའི་མཁར་དུ་བསྐྱོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གྱི་ལིང་འཇིགས་མེད།   སྤེལ་དུས། : 2021-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། བཀའ་མ་ལོག

1.བཀའ་མ་ལོག་ཟེར་བའི་ས་མིང་འདི་ནི་ཀློག་མཁན་རྣམ་པར་ཧ་ཅང་རྒྱུས་ཡོད་ཅིག་ཡིན་སྲིད། མིང་འདི་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་ལ། མིང་འདིས་དུས་སྐབས་ཤིག་གི་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་དང་སྟོབས་ཤུགས་ཀྱང་མཚོན་ཐུབ། ལོ་རྒྱུས་ནི་སྔ་མོ་ནས་ལོ་རྒྱུས་སུ་གྱུར་ཏེ་གླེགས་བམ་རེ་གཉིས་ཙམ་གྱི་ཁྲོད་དུ་ཡལ་བར་གྱུར་ཅིང་། ཆབ་སྲིད་དང་ལོ་རྒྱུས་ཀྱི་དར་རྒུད་འགྱུར་ལྡོག་སྣ་ཚོགས་ཀྱི་དབང་གིས་ད་ལྟ་བཀའ་མ་ལོག་རྣམས་རྒྱལ་པོའི་བཀའ་བཞིན་མི་རྒྱུད་ས་གནས་འདི་གར་གནས་ན་ཡང་རང་བཞིན་དང་སྤོབས་པ་རྣམས་སྔ་མོ་ནས་རྩ་མེད་དུ་གྱུར་ཏེ་ཕྱོགས་མང་པོར་བཀྲམས་ཟིན་པ་དག་ནི་དཔའ་རིས་དང་མཚོ་སྔོན་གྱི་ད་ལྟའི་མེན་ཧོ་རྫོང་དུ་འབོད་པའི་ས་ཁུལ་སོགས་ཕྱོགས་ཕྱོགས་སུ་མཆིས། དེ་ལས་མང་ཤོས་ཤིག་སྐད་དང་ཆ་ལུགས་ཡོངས་སུ་ཉམས་པར་གྱུར་ཏེ་ད་ལྟ་ང་ཚོས་དེ་གའི་མི་སེར་ཞིག་ལ་ཁྱོད་ཚོ་ཡང་བོད་ཡིན་ཞེས་མནའ་བསྐྱལ་ན་ཡང་དང་ལེན་བྱེད་མི་སྲིད། བཙན་པོས་བཀའ་མ་གནང་བར་དུ་ལོག་མི་ཆོག་ཅེས་ནན་གྱིས་བཀའ་བསྩལ་ཡོད་མོད། ད་ལྟ་ཁོ་ཚོ་རྩ་བ་ནས་གཞན་ཞིག་ཏུ་ལོག་ཟིན་འདུག

སྔར་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་ཡུལ་མང་པོ་བཅོམ་རྗེས་གྱེན་པོ་མི་དགུ་སོགས་དཔའ་ལ་མཛངས་པའི་དམག་དཔོན་དམག་མི་དང་བཅས་པ་ཡུལ་འདི་བསྲུང་དུ་མངགས་པ་རེད། དེ་དུས་ཁོ་ཚོ་ཙོང་ཆུའི་འབབ་རྒྱུད་ཀྱི་མཐའ་མཚམས་ཞིང་ས་གཤིན་པོ་ཡོད་ས་འདི་ནས་ཡུན་རིང་བསྡད་ཅིང་། རང་གི་བཙན་པོར་ང་ཚོ་ནམ་ཞིག་ལ་ལོག་གམ་ཞེས་དྲིས་པ་ན།སྐབས་དེ་དུས་ད་དུང་ཐང་བོད་གཉིས་དམག་དོན་ཐད་ཧ་ཅང་ཛ་དྲག་གི་གནས་སུ་ཡོད་པས་རྒྱལ་པོས་ཀྱང་ཤར་སྒོ་སྲུང་བའི་དཔའ་བོ་རྣམས་ལ། བདག་གིས་བཀའ་མ་གནང་བར་དུ་མ་ལོག་ཅིག་ཅེས་བསྒྲགས་པས། དེ་ནས་བཟུང་མི་ལོ་སྟོང་ཕྲག་འདས་ཀྱང་འདས་པོ་རྣམས་ལ་རང་ཉིད་ཕྱིར་རང་ས་རང་ཡུལ་དུ་ལོག་ཆོག་པའི་བཀའ་ཡིག་མ་འབྱོར་བ་རེད། དེ་བས་མིང་ལའང་བཀའ་མ་ལོག་ཟེར་ཞིང་ད་ལྟའི་མཚོ་སྔོན་ཞིང་ཆེན་གྱི་ཤར་སྒོ་ཆེན་མོར་གྲགས་པའི་མེན་ཧོ(民和)ན་ཡོད། ས་ཆ་འདི་དག་ཏུ་ཐང་རྒྱལ་རབས་སྐབས་སུ་རྒྱ་བོད་བར་ལ་དམག་འཁྲུག་སྣ་ཚོགས་བྱུང་མྱོང་བར་མ་ཟད། དར་མ་ཨུ་དུམ་བཙན་བཀྲོངས་རྗེས་མདོ་སྨད་ཀྱི་དམག་དཔོན་ཆེན་པོ་བློན་ཁོང་བཞེར་དང་དབུས་ཀྱི་བློན་ཆེན་དག་ལས་མཁྱེན་རྒྱ་ཡངས་པའི་དཔེ་ཆ་བ་གྲགས་ཅན་ཞང་པེ་པེ་སོགས་ཀྱི་བར་ལའང་སྐྱི་གཡའ་བའི་དམར་འཛིང་དྲག་པོ་བྱུང་མྱོང་བར་མ་ཟད། ཞང་པེ་པེ་དཔེ་ཆ་བ་གླེན་པ་ཞིག་གིས་ང་ལ་ཅི་བྱེད་སྙམ་དུ་ང་རྒྱལ་དང་རང་ཉིད་རྒྱལ་པོར་འདུག་པའི་རེ་བ་མངོན་དུ་འགྱུར་ལ་ཉེ་སྙམ་དུ་དགའ་སྣང་གིས་དྲེགས་པའི་བློན་ཁོང་བཞེར་གྱིས་གནས་འདི་ནས་ཕམ་ཁ་ཐེངས་ཤིག་མྱངས་པ་དེ་ཁོའི་མི་ཚེའི་གཏན་གྱི་ཕམ་ཁ་ཞིག་ཏུ་གྱུར་བ་ད་ལྟའི་མི་སེར་སུ་ཞིག་གི་ཡིད་ལ་དྲན་སྲིད་ཨང་། རླངས་འཁོར་དལ་བུར་རི་ངོས་སུ་འགོས་སྐབས་ངའི་སེམས་ལ་བློན་ཁོང་བཞེར་གྱི་ཡིད་སྐྱོ་བའི་ལོ་རྒྱུས་ཀྱི་མཇུག་འབྲས་དང་། ཞང་པེ་པེ་ཡིས་ཚེ་གང་བོར་དཔེ་ཆ་བཀླགས་པའི་བློ་གྲོས་སོགས་མང་པོ་འཁོར་ཞིང་། མཐར་མཐའ་མཚམས་ནས་ཡོངས་སུ་ཉམས་ཚར་བའི་བློན་ཁོང་བཞེར་འཁོར་གཡོག་དང་བཅས་པ་དྲན་པས་རང་དབང་མེད་པར་སེམས་སུ་འཁྱག་སིབ་སིབ་ཀྱི་སྣང་བ་ཞིག་སྐྱེས་བྱུང་།

2.མེན་ཧོ(民和)དང་ཀོན་ཐེན(关停)ནས་རི་བོ་ཉི་ཟླའི་བར་གྱི་སྤྱི་ལེ་བཞི་བརྒྱ་ལྷག་གི་ཙོང་ཆུའི་འབབ་ཡུལ་འདི་ལ་མཚོ་སྔོན་གྱི་ཤར་ཁུལ་ཟེར་ཞིང་། མཚོ་ངོས་ལས་སྨི1700-2600བར་ཡིན་ལ། གནམ་གཤིས་ཅུང་བརླན་ཤས་ཆེ་བས་ཞིང་ལས་ཕུན་སུམ་ཚོགས་པོ་ཡོད། རྒྱའི་ལོ་རྒྱུས་སུ་གནའ་ནས་བཟུང་ཙོང་ཆུའི་འབབ་རྒྱུད་ལ་དཔུང་འཇུག་བྱས་པའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག

གནའ་ནས་ད་ལྟའི་བར་ཡུལ་འདི་ནས་འཇང་དང་རོང་། འ་ཞ། རྒྱ་དང་སོག་པོ། ཧུའེ་རིགས། ཟ་ལར་སོགས་མི་རིགས་མང་པོ་འདུས་སྡོད་བྱས་མྱོང་ལ། གཙོ་ཤོས་བོད་རིགས་ཡིན། ས་ཁུལ་འདི་དག་ནི་དར་གོས་ཚོང་ལམ་དང་བོད་ཐང་བོད་གནའ་ལམ་དུ་འཁེལ་ཡོད་པས།རྒྱ་བོད་རིག་གནས་སྤེལ་རེས་བྱེད་པའི་ལམ་ཆེན་ཞིག་ཡིན་པར་མ་ཟད། ཤར་ནུབ་རིག་གནས་མང་པོ་ཡང་ལམ་འདི་བརྒྱུད་ནས་རྒྱ་བོད་ཀྱི་ཡུལ་དུ་དར་མྱོང་། འཇམ་མགོན་ས་པཎ་དང་འགྲོ་མགོན་འཕགས་པ། བྱམས་ཆེན་ཆོས་རྗེ་དང་རྒྱལ་དབང་གསུམ་པ་ཆེན་མོ། ལྔ་པ་ཆེན་མོ། ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་བསྟན་པའི་ཉིན་བྱེད་ལྟ་བུའི་སྐྱེས་ཆེན་དེ་དག་དང་། ཚོང་དཔོན་ནོར་བཟང་གིས་མཚོན་པའི་ཚོང་དཔོན་མང་པོ་ཡང་ཡུལ་འདི་དང་ལམ་འདི་བརྒྱུད་ནས་རྒྱ་ཡུལ་དུ་བྱོན་པའི་དུས་མཚུངས་སུ་བོད་ཀྱི་རིག་གནས་གོམས་གཤིས་མང་པོ་རྒྱ་ལ་སྤེལ་ཞིང་། རྒྱའི་རིག་གནས་སྣ་ཚོགས་དང་ཚོང་རྫས་འདྲ་མིན་སོགས་བོད་དུ་དྲངས་པ་རེད། དེ་བས་ལམ་འདི་ནི་གནའ་དེང་རིག་གནས་ཀྱི་ཁྱམས་རིང་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད། ད་དུང་རྒྱའི་དགེ་སློང་དག་ལས་ཆེས་ཐོག་མར་ནུབ་ཕྱོགས་འཕགས་ཡུལ་དུ་ཕེབས་མཁན་བན་ཆེན་པོ་ཆོས་ཀྱི་སྣང་བ་ཡང་ལན་ཇུ་ནས་ལམ་འདི་བརྒྱུད་དེ་ད་ལྟའི་ཟི་ལིང་དང་མདོ་ལ་སོགས་རྨ་ནུབ་ཁྱམས་རིང་དུ་ཕེབས་པ་རེད།

ཡུལ་ཕྱོགས་འདི་ནས་རྙེད་པའི་ས་འོག་གི་གནའ་རྫས་འཛམ་གླིང་ན་སྙན་གྲགས་ཡོད་ལ། གནའ་རྫས་ཁྲོད་རྫ་ཆས་ཧ་ཅང་མང་བར་མ་ཟད། བཟོ་རྩལ་གྱི་ཚད་གཞི་ཧ་ཅང་མཐོ་བས་ལོ་རྒྱུས་སུ་ཡུལ་འདི་ཕྱོགས་ལ་ཚོན་མདོག་གི་རྫ་མའི་རྒྱལ་ཁབ་ཅེས་འབོད་ལ། མ་ཅཱ་ཡའོ་རིག་གནས་ཀྱི་རིགས་སུ་གཏོགས་པར་བཤད་པས།མཐར་དེད་ན་གནའ་རྫས་རྣམས་གདོད་མའི་བོད་མི་སྟེ་སྤྱང་ངམ་འཇང་གི་རྗེས་ཤུལ་དང་འབྲེལ་བ་ཟབ་མོ་ཡོད་པ་ཤ་སྟག་རེད། ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་རྫ་ཆས་དང་དུར་རྫས་སོགས་བཀའ་མ་ལོག་གི་ཡུལ་ཕྱོགས་སོ་སོ་ནས་བུད་པའི་གནའ་རྫས་འདི་དག་ནི་རྒྱལ་ཁབ་རིམ་པའི་གནའ་རྫས་རིམ་པ་དང་པོ་ཡིན་ལ། བོད་ཀྱི་གདོད་མའི་གནའ་མི་དག་གི་རྗེས་ཤུལ་ཙམ་མ་ཟད། རྒྱའི་ཡབ་མེས་ཀྱི་མཆེད་ཁུངས་དང་འབྲེལ་བའི་རྨ་ཙོང་འབབ་རྒྱུད་ཀྱི་རིག་གནས་གཙོ་བོ་ཞིག་ཀྱང་ཡིན་པས། གནའ་རྫས་འདི་དག་ལ་བསམ་བློ་རེ་གཏོང་སྐབས་ངའི་སེམས་སུ་རང་ཉིད་ཀྱི་ལག་ཏུ་སུས་ཀྱང་འགྲེལ་དཀའ་བའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་བཞག་པ་ལྟ་བུའི་ཚོར་བ་ཞིག་ངང་གིས་སྐྱེ་ཡོང་བར་འདུག

3.བཀའ་མ་ལོག་ན་ད་དུང་གནའ་མཁར་གཞན་ཞིག་ཡོད་པ་དེའི་མིང་ལ་གུའུ་ཧྲན་མཁར་ཟེར་ལ། གནའ་བོའི་ཧྲན་ཀྲིག་གི་མངའ་ཁོངས་སུ་གཏོགས། མཁར་དེ་ནི་དམག་གི་རྟེན་མཁར་གཙོ་བོ་ཞིག་ཡིན་ལ།བཟོ་དབྱིབས་གཞན་དང་མི་འདྲ་བ་ཞིག་སྟེ། ཤར་ནུབ་བྱང་གསུམ་གྱི་སྒོ་མ་གཏོགས་ལྷོ་སྒོ་ཡེ་ནས་མེད། མཁར་གྱི་མཐོ་ཚད་སྨི་བརྒྱད་དང་མཐུག་ཚད་སྨི་བཞི་ཡོད་ལ། ས་སེར་གྱིས་བརྡུངས་ཡོད། མཁར་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2500ལྷག་ཡོད་ལ། བཟོ་བཀོད་ཀྱི་ངོས་ནས་བལྟས་ན་འགོག་སྲུང་བཙན་པོ་ཞིག་ལ་དམིགས་ཡོད་པ་ཤེས་ཐུབ།

བཀའ་མ་ལོག་ནས་ད་དུང་གནའ་བོའི་དུར་ས་ཆེན་པོ་ཞིག་ཀྱང་རྙེད་ཡོད། དེར་རུས་པ་འབོར་ཆེན་བུད་ཡོད་ལ། ད་ལྟའི་བར་ཧ་ལམ་ལོ་ངོ་སུམ་སྟོང་ལྷག་འགོར་ཡོད་མོད། རུས་པ་དེ་དག་གི་རྣམ་པ་མཐོང་ན་ད་ལྟའི་མི་ལ་ཡང་རང་དབང་མེད་པར་སྨྲེང་སྐྱོ་འགོག་མེད་དུ་སྐྱེ། དཔེར་ན་ཤར་གྱི་མཁར་འོག་གི་དུར་ས་དེར་མ་བུ་གཉིས་ཀྱི་རུས་པ་ཡོད་ལ། དེར་ཨ་མ་དེ་ས་ལ་ཙོག་སྟེ་ལག་གཡས་ས་ལ་བཙུགས་ཤིང་གཡོན་པས་པང་གི་བྱིས་པ་དམ་པོར་བཟུང་འདུག ལག་པ་ཆུང་ཆུང་ཞིག་གིས་ཨ་མའི་སྐེད་པར་དམ་པོར་འཁྱུད་ཡོད་པ་ལས་འཇིགས་སྣང་ཆེན་པོ་ཞིག་བྱུང་བ་ཚོར་ཐུབ། དེ་དང་མི་རིང་བ་ན་ཡང་དེ་ལྟ་བུའི་རུས་པ་མཐོང་རྒྱུ་ཡོད་ལ། རྣམ་པ་ཡང་དེ་དང་གཅིག་མཚུངས་རེད། ཨ་མའི་གདོང་པ་གྱེན་ལ་ཕྱོགས་པ་དེས་གནམ་རྒན་མ་ལ་སྐྱབས་འཇུག་ཞུས་ཏེ་མ་བུ་གེགས་མེད་ཐར་བར་རེ་བ་བྱེད་ཀྱིན་ཡོད་པའི་སྣང་བ་སྟེར།

རུས་པ་དེ་དག་ནི་ཡང་ན་ཆག་སྒོ་ཆེན་པོ་ཞིག་བྱུང་བ་ཡིན་ཤས་ཆེ་ལ། ཡང་ན་ཆུ་ལོག་གམ། ཡང་ན་དམར་གསོད་ཆེན་མོ་ཞིག་ཡིན་ཡང་སྲིད། དམག་འཁྲུག་གམ་ཆག་སྒོ་གང་ཡིན་སུས་ཀྱང་མི་ཤེས་མོད། ད་ལྟའི་བར་ལྟད་མོ་བ་མང་པོ་ཞིག་ལ་སྐྱོ་སྣང་འཛད་མེད་བྱིན་པ་དོན་དངོས་རེད།

གནས་དེ་ན་ད་དུང་ཆི་ལི་དགོན་པའམ(七里寺)སྨན་ཆུ་ཡོད་ལ། དེ་ནས་ཀོན་ཐེན་དང་ཉེ་བ་ན་ཁྭ་ཏའི་ཁའི་དགོན་པ་སོགས་ཆོས་ཀྱི་སྡེ་ཡང་མི་ཉུང་བ་ཞིག་ཡོད།

ད་དུང་དེ་དང་ཉེ་བར་འབུམ་གླིང་དང་བལ་བོ་ཕམ་མཐིང་བའི་སྒྲུབ་གནས་བདེ་མཆོག་རང་བྱོན་གྱི་གནས་བྱིན་ཅན་བྲག་ལིས་ཅ་ཏུན་ཡོད་ལ། བཙན་པོའི་རྒྱལ་རབས་སུ་ཐང་ལ་དམག་འདྲེན་སྐབས་ཀྱི་ལམ་ཆེན་ཡང་དེ་གར་ཡོད་དེ། ཏུན་ཧོང་ཡིག་རྙིང་སོགས་སུ་སྟག་སྒྲ་ཀླུ་གོང་གིས་པི་ལིང་ལྕགས་ཟམ་བརྒལ་ཏེ་དྲ་མ་དྲངས་པར་བཤད་ཡོད་ལ། དེ་དུས་རྒྱའི་ཁྲང་ཨན་མཁར་ཡང་བཅོམ་པ་རེད།

གཉིས་པ། མཛོ་མོའི་མཁར།

1.བཀའ་མ་ལོག་ནས་གུའུ་ཧྲན་མཁར་དང་ཆུ་ལི་དགོན་པའི་ལུང་མདོ་སོགས་བརྒྱུད་དེ་ལ་ཆེན་པོ་ཞིག་བརྒལ་བའི་ཕ་རོལ་ན་ཆུ་མཛོད་ཅིག་ཡོད་ལ་དེར་ཀོན་ཐེན་དང་མ་ཡེན་ལ་འགྲོ་བའི་སུམ་མདོ་ཞིག་ཡོད་ཅིང་། དེ་ནས་ཀོན་ཐེན་དུ་སོང་ན་ཁྭ་ཏའི་ཁ་དགོན་པར་མཇལ་ཐུབ་ཅིང་། རྨ་ཆུ་བཅད་ནས་སོང་ན་ཀ་ཆུར་འབྱོར་ལ། རྨ་ཆུའི་གྱེན་བརྒྱུད་དེ་སོང་ན་རྡོ་སྦིས་སོགས་སུ་འགྲོ་ཆོག གོང་གི་སུམ་མདོ་དེ་ནས་བྱང་ཤར་མཚམས་ཀྱི་མ་ཡེན་ཕྱོགས་སུ་སྤྱི་ལེ་ཉི་ཤུར་ཉེ་བ་ཞིག་སོང་ན་སྙན་གྲགས་ཆེ་བའི་མཛོ་མོའི་མཁར་ལ་བསླེབ་ཐུབ། མཛོ་མོའི་མཁར་གྱི་མིང་ལ་མཛོ་མོའི་མཁར་ཞེས་པ་དེ་ཅི་ལྟར་ཐོགས་པ་སོགས་མི་ཤེས་ལ། སྔར་བྱམས་ཆེན་ཆོས་རྗེའི་སྐུ་དུས་སུ་ཡུལ་འདི་གར་ཡོད་པའི་མི་སེར་རྣམས་རྒྱ་བོད་གང་ཡིན་ཡང་བཤད་དཀའ་མོད། མཁར་གྱི་མིང་སོགས་གང་ལ་དཔག་ཀྱང་བོད་ས་ཞིག་ལོས་ཡིན་སྙམ། འོན་ཀྱང་ད་ལྟ་ཡུལ་གྱི་གཞུང་ཕལ་མོ་ཆེ་རྒྱ་རིགས་ཡིན་ལ། རི་སྒང་དང་ལ་ཕར་རྒྱབ་ཡོངས་རྫོགས་ཧུའེ་རིགས་ཀྱིས་བཟུང་བར་མ་ཟད། རྒྱའི་ཡུལ་སྡེ་དག་གི་ཁྲོད་དུའང་ཧུའེ་རིགས་ཁྱབ་ནས་ཡོད།

ངས་དེ་གའི་མི་རྒན་པ་ཞིག་ལ་ཁྱོད་རང་བོད་ཡིན་ནམ་རྒྱ་ཡིན་ཞེས་དྲིས་པར་ཁོས་རྒྱ་ཡིན་ཟེར། ངས་ཁོ་ལ། ཁྱོད་རང་རྒྱ་རིགས་གཙང་མ་ཞིག་ཡིན་མི་སྲིད། ཁྱོད་ཚོ་ཚང་མ་རིགས་འགྱུར་བའི་རྒྱ་རེད། སྔར་ཡུལ་གང་བོ་བོད་ཡིན་པས་ཁྱོད་ཚོའི་ཕ་མེས་རྣམས་རིམ་གྱིས་རྒྱ་རུ་གྱུར་པ་རེད་ཅེས་པར་ཁོས་ཀྱང་དེ་ལོ་རྒྱུས་རེད། ངས་ལོ་རྒྱུས་མི་ཤེས་ཟེར། དེ་གའི་དགོན་པ་ལ་གྲྭ་བ་འགའ་རེ་ཡོད་པ་རྣམས་ཀྱི་ན་བཟའ་ཡང་བོད་ལུགས་ལྟར་བྱེད་ལ། ཁོ་ཚོའི་སྐད་ཀྱི་ནང་དུའང་བོད་སྐད་ཡོད་པ་དཔེར་ན། ངས་དེ་གའི་ལོ་ལོན་ཞིག(དགོན་པའི་ནང་གི་ཤུལ་སྲུང་བ་ལྟ་བུ་ཞིག་རེད།)ལ་ཁྱོད་ཚོའི་གྲྭ་བ་རྣམས་གར་ཕེབས་སམ་ཞེས་དྲིས་པར་ཁོས到别人家“准曲”(གྲོང་ཆོག་ཅེས་པའི་སྒྲ།)念去了。ཟེར་ལ། དེ་ལས་བྱ་བ་གཙོ་བོའི་མིང་དེ་བོད་སྐད་ཡིན་པས། བྱ་ཚིག་བོད་སྐད་ཡིན་པ་འདི་དཔྱད་གཞི་ཆེན་པོ་ཞིག་རེད།

2.མཛོ་མོའི་མཁར་ཟེར་བ་ནི་མཁར་ཞིག་གི་མིང་ཡིན་ལ། དགོན་པ་ཞིག་གི་མིང་ཡང་རེད། སྤྱིར་མཁར་དང་དགོན་པའི་མིང་སོ་སོ་ཡིན་འདུག་མོད། རང་རེའི་ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་མཛོ་མོའི་མཁར་ཟེར་དུས་མཁར་ནང་གི་དགོན་པ་ལ་གོ་ཡི་འདུག སྤྱིར་ཡང་དང་ཐོག་མཁར་ནང་ན་དགོན་པ་མ་གཏོགས་གཞན་ཡོད་བཟོ་མི་འདུག ཁོ་ཚོས་བཤད་ན་དང་མ་ཡུལ་ཕྱོགས་འདི་གའི་མང་ཚོགས་རྣམས་དགོན་པ་ལ་དེ་ཙམ་དགའ་གུས་ཆེན་པོ་མེད་པས་དགོན་པས་རང་སྲུང་གི་ཚུལ་དུ་མཁར་འདི་བརྡུངས་པ་རེད་ཟེར། གང་ལྟར་རང་རེའི་ལྕགས་རི་དང་འདྲ་བོ་ཡོད་ཀྱང་། མཁར་ནི་རྫོང་མཁར་ཞིག་དང་འདྲ་བར་མཐོ་ཞིང་མཐུག་པས་དགོན་པ་ཞིག་གི་ལྕགས་རི་རེད་ཟེར་ན་བོད་མི་ཞིག་གི་རྣར་དེ་ཙམ་འགྲོ་བདེ་བོ་མི་འདུག འོན་ཀྱང་རྒྱ་ཡུལ་དུ་རང་རེ་དང་མི་འདྲ་བར་ཇག་པ་མང་པོས་དགོན་པ་བཅོམ་པའི་ལོ་རྒྱུས་ཤིན་ཏུ་མང་བས། མཐའི་དམུ་རྒོད་ཀྱི་དབུས་སུ་དགོན་པ་ཞིག་ཆགས་པ་ལ་མཁར་འདི་ཙམ་དགོས་ཟེར་ཡང་གནས་ལུགས་མེད་པ་ཞིག་ག་ལ་ཡིན།

དགོན་པ་དེ་ནི་བྱམས་ཆེན་ཆོས་རྗེ་ཁོང་གིས་དངོས་སུ་ཕྱག་བཏབ་པར་འདོད་མཁན་ཡང་ཡོད་ལ། ཡང་ཏ་མིང་གོང་མ་ཡུང་ལོས་བྱམས་ཆེན་ཆོས་རྗེའི་ལུང་བསྟན་ལྟར་བཏབ་པ་ཡིན་པར་བཤད་པའང་ཡོད། དེ་ནི་ཆོས་རྗེ་ཁོང་རྒྱ་ཡུལ་དུ་ཕེབས་སྐབས་གནས་དེ་ནས་དགོན་པ་ཞིག་བཏབ་ན་ལེགས་ཚུལ་གསུངས། རྗེས་སུ་བོད་དུ་བྱོན་པའི་ལམ་ནས་སྐུ་གཤེགས་ཤིང་སྐུ་གདུང་ཤིང་རྟར་དྲངས་པ་ད་ལྟའི་དགོན་ཤུལ་འདིར་སླེབས་སྐབས་ཤིང་རྟ་འདམ་ལ་ཟུག་སྟེ་འགྲོ་མ་ཐུབ་པས་གོང་མས་ཀྱང་སྔར་གྱི་ལུང་བསྟན་དྲན་ཏེ་མཁར་བརྩིགས་ནས་དགོན་པ་དེ་བཏབ་ཟེར། དེ་ལྟ་ན་གོང་མ་ཡུང་ལོ་དང་དུས་མི་འགྲིག་པས་དཔྱད་རྒྱུ་ཡོད། ཡང་བྱམས་ཆེན་ཆོས་རྗེའི་བུ་ཆེན་ཤཱཀྱ་ཚུལ་ཁྲིམས་ཀྱིས་མཛོ་མོའི་མཁར་དམ་ཆོས་ཐར་བ་གླིང་བཏབ། ས་སྐྱ་བསོད་ནམས་ཡེ་ཤེས་ཀྱིས་རྒྱུད་སྡེ་བཞིའི་གྲྭ་བཙུགས་ཟེར་བ་སོགས་བཤད་ཚུལ་མི་འདྲ་བ་འགའ་རེ་ཡོད་མོད། མདོར་དེད་ན་དགོན་པ་དེ་ནི་བྱམས་ཆེན་ཆོས་རྗེའི་ཐུགས་དགོངས་ལྟར་བཏབ་པ་དང་། དགེ་ལུགས་པའི་དགོན་པ་སྔ་ཤོས་དང་། མདོ་སྨད་ཀྱི་དགེ་ལུགས་པའི་དགོན་པ་ཆེས་ཐོག་མའི་གྲས་སུ་གཏོགས་པ་ནི་རྩོད་མེད་ཅིག་རེད།

དེ་ཡང་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཕོ་ཉ་མངགས་ནས་རྗེ་ཐམས་ཅད་མཁྱེན་པ་མཆོག་རྒྱ་ཡུལ་དུ་ཡང་ཡང་གདན་དྲངས་ཀྱང་མ་འདྲོངས་པར་མ་ཟད། གོང་མའི་ཕོ་ཉ་ཚོས་ཁོང་གི་ཞལ་ཙམ་ཡང་མཇལ་མ་ཐུབ་པར་དབུས་ཀྱི་མི་ཆེན་མང་པོར་ཞུ་སྣ་བཅོལ་དགོས་བྱུང་། རྗེས་སུ་ཁོང་གིས་ཐུགས་བསམ་ཡང་ཡང་བཞེས་མཐར་སློབ་མའི་ཁྲོད་ནས་བྱམས་ཆེན་ཆོས་རྗེ་ཉིད་འཕྲིན་ལས་རྒྱས་པར་དགོངས་ཏེ1408ལོར་རྒྱ་ཡུལ་དུ་མངགས།རྗེ་འདི་སྔོན་གནས་རྗེས་སུ་དྲན་པ་སོགས་ཡོན་ཏན་མང་པོ་དང་ལྡན།རྒྱ་ནག་གོང་མས་གཙོས་རྒྱ་ཡུལ་གྱི་དད་ལྡན་ཀུན་ལ་ཆོས་སྤེལ་བས་རྗེ་བླ་མའི་རིང་ལུགས་རྒྱ་ཡུལ་དུ་སྤེལ་མཁན་ཐོག་མར་གྱུར།

དེ་ནས་སླར་བོད་དུ་བྱོན་ཅིང་རྗེ་ཐམས་ཅད་མཁྱེན་པས་བཀའ་གནང་བ་ལྟར1419ལོར་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་ཅིང་འཆད་ཉན་གནང་། དེ་ནས་སླར་ཡང་གོང་མའི་གདན་ཞུ་བ་འབྱོར་བ་ལྟར1429ལོར་བཀའ་བཅུ་བ་དར་རྒྱས་བཟང་པོ་རང་གི་རྒྱལ་ཚབ་ཏུ་བསྐོས་རྗེས་སླར་རྒྱ་ཡུལ་དུ་བྱོན། (ད་ལྟ་མཛོ་མོའི་མཁར་དུ་རྡོ་རིང་ཞིག་ཡོད་པའི་སྟེང་གི་ལོ་ཚིགས་སོགས་འདི་དང་མི་མཐུན།)ཆོས་རྗེ་ཁོང་ཕེབས་སྐབས་ལམ་ནས་ད་ལྟའི་མཛོ་མོའི་མཁར་གྱི་ཤུལ་འདི་བརྒྱུད་ཅིང་། རང་གི་སློབ་མ་ཤཱཀྱ་ཚུལ་ཁྲིམས་ལ་བཀས་བསྐུལ་ཏེ་ཁྲི་གྱིན་ཧུང་ཧྭ་ཟིའམ་མཛོ་མོའི་མཁར་ཕྱག་བཏབ། དེ་ནས་ཁོང1435ལོར་སླར་བོད་དུ་བྱོན་པའི་ལམ་སྐབས་མཛོ་མོའི་མཁར་ནས་སྐུ་གཤེགས་པས་སྐུ་གདུང་གི་རིང་བསྲེལ་སྙིང་བོར་བཞུགས་པའི་མཆོད་རྟེན་ཡང་དགོན་པ་དེར་བཞུགས་སུ་གསོལ་བ་རིག་གསར་སྐབས་བརླགས་ནས་མེད་པར་བཏང་བ་ད་ལྟ་སླར་ཡང་མཇལ་དུ་ཡོད།

དགོན་པ་དེ་ནི་རྒྱབ་རི་གདུགས་ལྟར་མཛེས་པར་ཕུབས་པའི་འདབས་སུ་ཆགས་པའི་མདུན་ཐང་ཅུང་ཡངས་ལ། ཡུལ་བྱིངས་ས་ཞིང་དུ་སོང་གཤིས་དབྱར་གཞུང་ཤིན་ཏུ་མཛེས་ལ་དགུན་ཧྲིལ་པོར་སྐྱ་མདོག་འཕྱུར། དགོན་པ་ད་ལྟ་སླར་གསོ་བྱས་པ་ཕལ་ཆེར་གྲུབ་ཡོད་ཀྱང་།ནང་གི་རྟེན་རྙིང་སོགས་སྔར་གྱི་དེ་དག་ཇི་བཞིན་འཁྱོངས་ག་ལ་སྲིད། གྲྭ་བ་དྲུག་ཡོད་ཟེར་མོད། སྒོ་ཆེན་བརྒྱབས་ཤིང་གློ་སྒོའི་ཁར་ཁྱི་བཏགས་ཏེ་གྲོང་ཆོག་ཏུ་ཕེབས་ཟིན་པའི་ཤུལ་དུ་ཤུལ་སྲུང་ལོ་ལོན་རེ་གཉིས་ལས་མེད་པ་མཐོང་བས་ཡིད་ལ་སྐྱོ་བ་ཚད་མེད་པ་བྱུང་།

3.ཆོས་རྗེ་ཁོང་གི་སྐུ་གདུང་བཞུགས་པའི་འདུ་ཁང་གི་མཐའ་ན་མ་ཎི་འཁོར་ལོ་ཟངས་སྒམ་ཅན་མང་པོ་བཞུགས་ལ། དེའི་ལྟག་རྒྱབ་ཏུ་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་བཞུགས། རྭ་དཀྱིལ་དུ་སྤོས་ཕོར་ཆེན་པོ་ཞིག་དང་། དེའི་གཤམ་དུ་མེ་ཏོག་ལྡུམ་རྭ་སོགས་ཉམས་དགའ་བར་ཡོད་མོད། ནང་དུ་དམ་པའི་ཆོས་ཀྱི་འཆད་ཉན་ལྟ་ཅི། སྒྲ་ཙམ་སྒྲོག་བཞིན་ཡོད་མེད་ཀྱང་ཐེ་ཚོམ་པའི་གནས་སུ་གྱུར་ཡོད་པ་མཐོང་བས་རྗེ་བླ་མའི་རིང་ལུགས་མདོ་སྨད་དུ་སྤེལ་བའི་དང་པོའི་ཡུལ་ཡིན་པ་ལ་བསམ་ན་དངོས་གནས་དངན་པ་ཤོར་བའི་ཚོད་དུ་འདུག

སྒོ་ཆེན་མདུན་གྱི་ཐང་ཤིང་གཡས་ཟུར་ན་དམ་ཆོས་ཐར་བ་གླིང་སྟེ་མཛོ་མོའི་མཁར་དགོན་གྱི་དགོན་བདག་སྐལ་བཟང་བློ་གྲོས་རྒྱ་མཚོ་ཟེར་བས་སྣེ་ཁྲིད་དེ་ལྷ་སྡེ་མང་ཚོགས་ཀྱིས་མཆོད་རྟེན་ཆ་བརྒྱད་བྱོན་ལེགས་པར་བཞེངས་ཡོད་པ་དེས་དགོན་པ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་པ་གསལ་བཤད་བྱེད་བཞིན་པ་དང་འདྲ་ལ། སྒོ་སྟེགས་མཐོན་པོའི་སྟེང་དུ་འགོས་ན་ཅོང་ཆེན་པོ་ཞིག་ཀྱང་དཔྱངས་ཡོད་པ་དེས་ཡུལ་དེར་ད་དུང་བྱམས་ཆེན་ཆོས་རྗེའི་མཛད་འཕྲིན་གྱི་ཤུལ་ཙམ་ལུས་ཡོད་པ་ང་ཚོར་སྟོན་གྱིན་པ་དང་མཚུངས།

ད་དུང་རྭ་ནང་དུ་གཞི་བདག་གམ་སྲུང་མ་ལྟ་བུ་སོགས་ཀྱི་ལྷ་ཁང་རེ་ཡང་ཡོད་མོད། ཅི་ཡིན་གྱི་རྒྱུས་ཡེ་མ་བྱུང་། བཤད་ཚུལ་ལ་དཔག་ན་སྔར་མཁར་ནང་དུ་དགོན་པ་མ་གཏོགས་ཡོད་བཟོ་མི་འདུག་མོད། ད་ལྟ་གྲོང་བ་མི་ཁྱིམ་རེ་གཉིས་ཀྱང་མཁར་ནང་དུ་བབས་ནས་གཞི་བཟུང་འདུག་པ་སོགས་ཅི་ཡིན་ཆ་མ་འཚལ།

དགོན་པར་མཇལ་རྗེས་སེམས་ཁྲལ་ལམ་སྨྲེང་སྐྱོ་ཞིག་དང་ལྷན་དུ་ནུབ་ཁའི་ཉི་ཟེར་པང་ལ་བཟུང་སྟེ་མ་ཡེན་ཕྱོགས་སུ་ལོག འོན་ཀྱང་བྱམས་ཆེན་ཆོས་རྗེ་ཞེས་པའི་ཡིག་འབྲུ་འགའ་ལམ་སྐབས་ཧྲིལ་པོར་བདག་གི་དྲན་པའི་ངོས་སུ་ཡང་དང་བསྐྱར་དུ་འཁོར་ཞིང་རྩེན། ཁོང་རྒྱ་ཡུལ་དུ་བྱོན་པ་དེས་བོད་བརྒྱུད་ནང་བསྟན་སྤྱི་དང་ཡང་སྒོས་རི་བོ་དགེ་ལྡན་པའི་རིང་ལུགས་རྒྱ་ཡུལ་ཀུན་ཏུ་དར་བར་མ་ཟད། གོང་མའི་ཕོ་བྲང་དུ་བསྟན་པ་སྤེལ་བ་དེས་ད་ལྟ་རྒྱ་ཡུལ་གྱི་དགོན་སྡེ་རྙིང་པ་གང་ཡོད་ཚང་མ་ཕལ་ཆེར་རི་བོ་དགེ་ལྡན་པའི་རིང་ལུགས་ལྟ་བུར་སྣང་བའང་རྟེན་འབྲེལ་དེ་ཁོ་ན་ལ་རག་ལས་པ་ཡིན་ལ། རི་བོ་རྩེ་ལྔ་དང་རི་བོ་དགེ་ལྡན་པའི་ཆོས་འབྲེལ་གྱི་ཐོག་མའང་ཁོང་གིས་དངོས་སུ་བཙུགས་པའི་ལོ་རྒྱུས་དང་རྗེས་ཤུལ་རི་བོ་རྩེ་ལྔ་ནའང་མཇལ་རྒྱུ་ཡོད།

ངག་རྒྱུན་དུ་ཁོང་རྒྱ་ཡུལ་ནས་ཕྱིར་ཕེབས་སྐབས་ལམ་བར་ནས་རང་གི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་དེ་ཉིད་སང་ཉིན་སྐུ་གཤེགས་རྒྱུ་ཡིན་པ་མཁྱེན་པས་ཐུགས་ཀྱིས་མ་བཟོད་པར་ཁོང་ཉིན་གཅིག་གི་སྔོན་ལ་སྐུ་གཤེགས་པ་རེད་ཟེར། གང་ལྟར་བཅུ་པའི་ཉེར་བཞི་ལ་སྐུ་གཤེགས་པ་དངོས་བདེན་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།