ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་ལྡན་འབྲས་སྤུངས་སུ་མཇལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​གཏེར་ལུང་དཔལ་ལྡན།   སྤེལ་དུས། : 2020-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུལ་དབུས་ལྷ་སར་འབྱོར་བའི་ཉིན་གསུམ་པར་ས་གསུམ་ན་སྙན་པར་གྲགས་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་པར་མཇལ་དུ་སོང་། སློབ་དཔོན་ཨཱརྱ་དེ་ཝ་ལྟ་བུ་ནི་སྡེ་སྣོད་གསུམ་པོ་མཐའ་དག་བྱང་ཆུབ་པར་བྱས་པ་ན་ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་ལ་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན་པ་ཡིན་ཡང་།ངས་ནི་སྡེ་སྣོད་གསུམ་ལ་སེན་འབྲད་ཙམ་ཡང་བྱེད་དབང་མེད་པར་གནས་ཆེན་འདི་འདྲར་ལྷག་པར་གྱུར་ཏོ། ། དགོན་པ་འདི་ཉིད་ནི་འཇམ་དབྱངས་ཆོས་རྗེ་ཡིས1416ལོར་ཐོག་མར་ཕྱག་བཏབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ནི། རབ་བྱུང་དྲུག་པའི་ས་མོ་ལུག་གི་ལོ་ལ་བསམ་ཡས་སུ་འཁྲུངས། སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་ཞིང་རྩེ་ཐང་དུ་གྲལ་འཛིན་ཙམ་མཛད་དེ་གསང་ཕུར་ཕེབས་ནས་གསན་བསམ་མཛད། རྗེ་ཙོང་ཁ་པའི་དྲུང་ནས་བསྙེན་པར་རྫོགས་ཤིང་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པས་མཁྱེན་རྒྱ་འགྲན་ཟླ་བྲལ་བ་བྱུང་། རྗེ་རིན་པོ་ཆེས་པོ་ཏི་བརྒྱ་བློ་ནས་ཤོད་གསུངས་པས། གཞུང་ཆེན་མོ་བརྒྱ་དང་བཅོ་བརྒྱད་ཀྱི་ཚིག་དོན་མ་ལུས་པ་ཐུགས་ལ་བཟུང་ནས་འཆད་པ་ཡིན་ཚུལ་ཀུན་ལ་གྲགས། ཆོས་རྗེ་འདི་ཉིད་དང་། ཆོས་རྒྱལ་ནམ་མཁའ་བཟང་པོའི་མཆོད་ཡོན་ལ་ཆོས་སྡེ་འདི་འདེབས་དགོས་པར་བཀའ་སྔ་ཕྱིར་ཕབ་པར་བརྟེན་དགུང་ལོ་སོ་བརྒྱད་པར་ཆོས་སྡེ་འདི་ཉིད་ཕྱག་བཏབ། རྗེའི་ཞལ་ནས། དགོན་པ་བཏབ་ནས་ལོ་ངོ་གསུམ་ལས་མ་སོང་ཡང་འཕེལ་རྒྱས་ལེགས་པོ་བྱུང་འདུག ད་དུང་ཁྱོད་རང་ནས་བདག་གཉེར་བྱེད་དགོས་སོགས་ཀྱི་བཀའ་ནན་ཕེབས། སྐུ་ཚེ་མཛད་འཕྲིན་འོད་སྣང་དཀར་པོས་ས་ཆེན་པོ་གཅིག་ཏུ་ཁེབས་པར་བྱས་ཏེ་ས་མོ་སྦྲུལ་གྱི་ལོའི(1449)ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་མྱ་ངན་ལས་འདས། སྐུ་གདུང་ནི་བཤད་གྲྭ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་དངུལ་གྱི་མཆོད་རྟེན་ནང་དུ་བཞུགས་ཡོད་ཅེས་པཎ་ཆེན་བསོད་གྲགས་པ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་གཉིས་ཀྱིས་གསུངས་སོ། ། དགོན་པ་འདི་ཉིད་བོད་ཀྱི་ཆོས་སྲིད་གང་ལ་ཡང་མཛད་རྗེས་ཆེས་ཆེ་བའི་དགོན་པ་ཞིག་ཡིན། རང་ཉིད་མཇལ་སྐོར་ལ་ཕྱིན་པའི་ལོ་འདི་ནི་དགོན་པ་ཕྱག་བཏབ་ནས་མི་ལོ་དྲུག་བརྒྱའི་ནང་ལ་ཉག་མ་བཞི་ཆད་པའི་ལོ་ཡིན་འདུག འཇམ་དབྱངས་ཆོས་རྗེས་ཕྱག་བཏབ་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཁྲུངས་པའི་བར(1416–1648 )ལོ་གྲངས་ཉིས་བརྒྱ་སོ་གཉིས་ཕྱིན་འདུག དགོན་པ་འདིར་རྒྱལ་བ་ཙོང་ཁ་པས་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་དཀར་པོ་གཡས་འཁྱིལ་གྱི་རྟེན་འགངས་ཆེན་ཞིག་བཞུགས་པར་བཤད་དེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་གནང་སྟེ་ཁྱེད་ཀྱིས་འགོག་པ་རིར་གཏེར་དུ་སྦོས་ཤིག་དང་མ་འོངས་པ་ན་དགེ་སློང་ངད་ལྡན་དེ་ཡི་ཚོགས་དུང་བྱེད་དོ་ཞེས་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པ་ཉིད་དོ། ། རྭ་ལོ་ཙཱ་བའི་སྐུ་དམར་གདུང་མཆོད་རྟེན་སྐྱིད་ཤོད་སྟོང་ལྡན་གསང་སྔགས་ཆོས་རྫོང་དུ་བཞུགས་པ་འཇམ་དབྱངས་ཆོས་རྗེས་དགོན་གསར་འདེབས་ཀྱི་ལོར་འབྲས་སྤུངས་སུ་གདན་དྲངས་ནས་འཇིགས་བྱེད་ཀྱི་ནང་རྟེན་དུ་བཞུགས་སུ་གསོལ་བ་དང་། འཇིགས་བྱེད་དེ་ཉིད་བཞེངས་སྐབས་རྗེ་ཙོང་ཁ་པ་ཆེན་པོས་འཇིམ་པ་མཐེབ་སྐྱུ་རེ་ལ་ཡ་མ་རཱ་ཛ་སྟོང་ཕྲག་རེ་བཟླས་ནས་བཞེངས་པ་ཡིན་ཚུལ་སོགས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་གསལ།

རྗེ་རིན་པོ་ཆེས་ཆོས་དུང་དེ་ཉིད་ཆོས་རྗེ་འདི་ཉིད་ལ་གནང་ནས་མ་དགོན་ལས་བུ་དགོན་ལེགས་པ་འབྱུང་བར་ལུང་བསྟན། གླིང་བར་དག་སྲིད་གཞུང་གིས་ཞིག་གསོ་ཡིས་འགྲོ་དཀའ་བའི་ཚོད་དུ་གདའ། ཐོག་མར་རྟེན་འབྲེལ་ལ་བསམས་ནས་ཚོགས་ཆེན་འདུ་ཁང་ལ་མཇལ། ཚོགས་ཆེན་འདུ་ཁང་གི་སྦུག་གཙང་ཁང་དབུས་མའི་ནང་རྟེན་དུ་སྣེའུ་རྫོང་གིས་སྦྱིན་བདག་མཛད་ནས་བཞེངས་པའི་དུས་གསུམ་སངས་རྒྱས། འདིའི་ནང་རྟེན་ལ་སངས་རྒྱས་ཀྱི་རིང་བསྲེལ་རྟ་མགོ་མར་གྲགས་པ་བདུན་དང་སངས་རྒྱས་གསེར་ཐུབ་ཀྱི་ཚེམས། རྒྱལ་བ་ཙོང་ཁ་པའི་ཚེམས། ལྷོ་བྲག་ཕྱག་རྡོར་གྱི་དབུ་ལོ་སོགས་ངོ་མཚར་བ་མང་དུ་བཞུགས་པར་གསུང་། འདུ་ཁང་ནུབ་རྒྱུད་དུ་དཔལ་ལྡན་དམག་ཟོར་མའི་རྟེན་ཁང་། འདུ་ཁང་སྟེང་ཤར་རྒྱུད་དུ་མཆོད་ཁང་སྡེ་བ་དང་བཅས་པའི་ལས་ཤག ལས་ཤག་ནི་ལྟ་རྟོག་བདག་བྱེད་མཁན་ཡིན་འདུག གཞུང་སྒོའི་སྟེང་འབྲས་སྤུངས་བླ་སྤྱི་ཚོགས་ཡུལ་རབ་གསལ། ཚོགས་ཆེན་སྟེང་ཐོག་ཏུ་རྒྱལ་དབང་ལྔ་པ་ཆེན་པོའི་འཁྲུངས་རབས་ལྷ་ཁང་། བྱམས་པ་མཐོང་གྲོལ་ལྷ་ཁང་། ཇོ་བོ་ལྷ་ཁང་དང་དེའི་སྦུག་ཏུ་འཇམ་དབྱངས་ཆོས་རྗེའི་གསུང་འབུམ་བཀའ་རྒྱ་མ་དང་གནས་བརྟན་བཅུ་དྲུག སྟོན་པའི་མཛད་རྣམ་དཔག་བསམ་འཁྲི་ཤིང་ལྟར་བྲིས་པའི་ལྡེབས་རིས། གསེར་དངུལ་ཟངས་གསུམ་ལས་གྲུབ་པའི་སྐུ་འདྲ་སྣ་ཚོགས། བཀའ་བསྟན་གསེར་དངུལ་གྱིས་བྲིས་པའི་གསུང་རྟེན་གླེགས་བམ། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་། དངུལ་སྲང་སྟོང་ཕྲག་ལས་གྲུབ་པའི་ཤཱཀ་ཐུབ་ཀྱིས་མཚོན་པའི་མཆོད་རྟེན། གཞན་ཡང་། གནས་བརྟན་བཅུ་དྲུག་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། བསྐལ་བཟང་ལྷ་ཁང་སོགས་ལྷ་ཁང་མང་དུ་བཞུགས། བྱམས་ཁང་། རྒྱལ་དབང་ལྔ་པའི་སྐབས་ཁོ་ནར་བཞེངས་པའི་རྟེན་ངོ་མཚར་བརྗོད་ལས་འདས་པ་མང་དུ་བཞུགས་ཡོད་མོད་ཞིབ་ཏུ་བརྗོད་དགོས་ན་ད་རེབ་ཀྱི་མཆོད་མཇལ་ཙམ་གྱིས་འོང་བ་ཞིག་གཏན་ནས་ཡིན་མི་འདུག དེ་ལ་རྒྱལ་དབང་ལྔ་པའི་སྐུ་གསུང་ཐུགས་རྟེན་གསར་བཞེངས་རིན་པོ་ཆེའི་མཆོད་རྫས་ཁང་བཟང་དཀར་ཆག་དང་། རང་རྣམ། སྡེ་སྲིད་ཆེན་མོའི་བཻ་སེར་སོགས་ལ་མཇལ་ན་ཤེས་ནུས་སོ། །

ཚོགས་ཆེན་ལ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་འདི་ལོར་སྐུ་བསྙུང་བཞེས་པའི་ཚུལ་མཛད་པ་ལ་སྐྱབས་འཇུག་ཞུ་རྟེན་ཕུལ་བ་དང་སྐུ་རིམ་བཅོལ། སྐབས་འདིར་ངས་ཁམས་ཚན་ཉེར་དྲུག་ཡོད་པ་ལས་ཀླུ་འབུམ་ཁང་ཚན་དུ་དཔལ་ལྡན་བླ་མ་གང་ཉིད་ཀྱི་སྐུ་ཕྲེང་དང་པོ་བསེ་ངག་དབང་བཀྲ་ཤིས་ཐོག་མར་བཞུགས་ནས་ཐོས་བསམ་རྡོ་རུས་གཏུགས་པའི་ལོ་རྒྱུས་ངོ་མཚར་བ་མང་དུ་ཡོད་པ་དྲན་ཡོང་། ཐུགས་གཉེར་མཛད་པའི་སྐབས་དེ་དག་ཏུ་ཉིན་མོར་ཆོས་གྲྭ་ནས་རྩོད་པ་འབའ་ཞིག་མཛད་ཅིང་། མཚན་མོར་ཁོར་ཡུག་ཏུ་རེས་ཚིག་བཞག་སྐྱོར་བས་ནམ་ཟད་འགྲོ། ན་བཟའ་དང་ཆས་ཀ་གཞན་ལྟ་ཅི་སྨོས། ཐ་ན་ན་བཟའི་གྲྭ་ལ་འཚེམ་ཡང་མི་གནང་། གསོལ་ཇ་གསོལ་བ་ཙམ་གྱི་གཡེང་བ་མེད་པར་ཞབས་རྗེན་ལ་ཆོས་གྲྭར་ཆག་མེད་དུ་ཕེབས་པས་ཞབས་ལ་སེར་ཁ་ཆེན་པོ་བྱུང་ནས་ཁྲག་འཛག་པ་བྱུང་། ཁང་ཚན་རྭ་སྐོར་དུ་མཚན་སྐྱོར་མཛད་པའི་ཚེ། གཟིམས་དཀྲོག་པའི་ཆེད་དུ་ཕ་བོང་ཆེན་པོ་ཞིག་ལ་རྡོ་ཞིག་གིས་རྡེག་བཞིན་དུ་ཚིག་བཞག་སྐྱོར་བས་ཕ་བོང་དེ་རྡོ་སྣོད་ཆེན་པོ་ལྟ་བུ་ཞིག་ཏུ་སོང་བ་སྔ་སོར་ཀླུ་འབུམ་ཁང་ཚན་ན་མཇལ་དུ་ཡོད། ཡང་གཟིམས་སྤྱིལ་ནང་དུ་མཚན་སྐྱོར་གྱི་ཆེད་མགྲིན་པ་ལ་ཐག་པ་བཏགས་ནས་ལྕམ་གྱི་གསེབ་ཏུ་བཏགས་པའི་ཐག་པ་དང་ཆ་རུ་ཡིས་སྦྲེལ་ཏེ་བརྟོད་ནས་ཚིག་བཞག་སྐྱོར་བར་མཛད་པས་མགྲིན་པ་ཤ་རྨེན་དུ་སོང་ཡོད་པ་ཁང་ཚན་གཞན་རྣམས་ཀྱི་གྲྭ་ཐོག་ཕྱི་མའི་ཕྱི་མ་བརྒྱུད་དེ་ད་ལྟའི་དུས་ནའང་གླེང་བཞིན་ཡོད་དོ། ། གཏམ་རྒྱུད་འདི་བླ་མ་རིན་པོ་ཆེའི་ཞལ་ནས་ཡང་ཡང་ཐོས་མྱོང་། བསྙེན་པར་རྫོགས་པ་ནས་སྐུ་འདའ་ཁའི་བར་དུ་སྐུ་ཆིངས་བཀྲོལ་བ་དང་གློས་ཕབས་ནས་གཟིམས་པ་གང་ཡང་གནང་མ་མྱོང་ཞིང་། མཚན་མོ་གཟིམ་དུས་ཀྱང་ཙོག་བུ་འབའ་ཞིག་ལ་གཟིམས་པའི་སྦྱངས་ཡོན་ལ་གནས་པར་མཐོང་ཞེས་བླ་མ་རིན་པོ་ཆེས་ངེད་ཅག་ལ་སློབ་སྦྱོང་ལ་སྙིང་རུས་བསྐྱེད་དགོས་པའི་སློབ་སྟོན་གྱི་སྐབས་ཀུན་ཏུ་གསུངས། དགོན་པ་འདིའི་ཐོག་མའི་གྲྭ་ཚང་བདུན་པོ་ནི། བློ་གསལ་གླིང་། སྒོ་མང་། བདེ་ཡངས། ཤག་སྒོམ་རྒྱལ་པོའམ་ཐོས་བསམ་གླིང་། འདུལ་བ། སྔགས་པ་གྲྭ་ཚང་བཅས་དང་། ས་གནས་མི་འདྲ་བ་ནས་ཡོང་བའི་དགེ་འདུན་མང་བས་སློབ་གཉེར་སོགས་བྱེད་སྐབས་སྟབས་བདེ་མེད་པས་ཁང་ཚན་ཉི་ཤུ་རྩ་དྲུག་ཆགས་པ་དང་། སྒོ་མང་གྲྭ་ཚང་ཁོ་ནར་ཡང་ཁང་ཚན་བཅུ་དྲུག་ཆགས་ཡོད། ཕྱིས་སུ་གྲྭ་བཞིར་བསྒྲིལ་བ་ནི། སྔགས་པ། བདེ་ཡངས། བློ་གསལ་གླིང་། སྒོ་མང་བཅས་གྲྭ་ཚང་བཞི་ཡོད། འདི་དག་ལས་ཀྱང་ཉི་ཟླ་ལྟར་གྲགས་པ་ནི་གྲྭ་ཚང་ཤར་ནུབ་གཉིས་ཏེ་ནུབ་བློ་གསལ་གླིང་དང་། ཤར་སྒོ་མང་གྲྭ་ཚང་གཉིས་སོ། ། གདན་ས་འདི་ལ་ཡིག་ཆ་གསར་རྙིང་གཉིས་ཡོད་ལ། གཅིག་ནི་པཎ་ཆེན་བསོད་གྲགས་པའི་ཡིག་ཆ་དང་། ཕྱི་མ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ཡིན་ནོ། ། དེ་ཡང་རྒྱལ་བ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པས་རྒྱལ་དབང་སྐུ་ཕྲེང་གི་གདན་ས་དངོས་བཀྲ་ཤིས་ལྷུན་པོ་ཡིན་འདུག་ནའང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐབས་དགོས་དབང་ལྟ་བུས་གདན་ས་དངོས་དཔལ་ལྡན་འབྲས་སྤུངས་འདི་ཉིད་མཛད་པ་ཡིན་ལ། འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་གཅིག་པུར་བསམ་ཀྱང་གོ་བ་རྙེད་ཐུབ་བོ། ། གདན་རབས་དང་པོ་འཇམ་དབྱངས་ཆོས་རྗེ་ནས་གྲྭ་ཚོགས་ཀྱི་བཅའ་ཁྲིམས་འཆད་ཉན་སོགས་ཕུན་སུམ་ཚོགས་པའི་དཀར་ཕྱོགས་ཀྱི་གཉིས་སྐྱེས་རྒྱལ་པོའི་དཀྱིལ་འཁོར་བཞིན་དུ་འཕེལ་བས།ཉེ་རབས་ཀྱི་མཁས་དབང་རྡོ་སྦིས་ཤེས་རབ་ལ་ཐུག་གི་བར་གྱི་དགེ་བཤེས་ཤིན་ཏུ་ཕོན་ཆེ་བ། ཟླ་དང་བྲལ་བས་དེང་སང་གི་མཁས་པའི་མདུན་ས་ཀུན་གྱི་བླ་ལྷག་ཏུ་གྱུར་ཏེ་དུས་ཀྱི་མཐའ་འདི་ནའང་ཕྱོགས་ཀྱི་མཛེས་མའི་སྙན་ཤལ་དུ་འཕྱང་བཞིན་པ་འདི་ལགས་སོ། ། འབྲས་སྤུངས་ཆོས་སྐྱོང་གིས་བསྐོར་བར་གྲགས་པའི་ཆོས་སྐྱོང་ནི། དཔལ་ལྡན་འབྲས་སྤུངས་ཀྱི་རྒྱབ་རི་ནི་སྨན་རི་རབ་འབྱམས་བསྟན་སྐྱོང་རྡོ་རྗེ་གྲགས་རྒྱལ་མའི་བླ་རི་ཡིན་པར་བཤད་ལ། རྒྱབ་རིའི་མགུལ་མཚམས་ན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཕྱག་བཏབ་པར་གྲགས་པའི་འབྲས་སྤུངས་དགེ་འཕེལ་རི་ཁྲོད། གནས་འདི་ན་ཡང་བྲག་ཕུག་ལྟ་བུའི་སྒྲུབ་ཕུག་མང་། རྒྱབ་རིའི་བྱང་ཤར་མཚམས་ངོས་སུ་འབྲས་སྤུངས་བསྟན་མ་ཁང་། དེའི་གཤམ་ངོས་སུ་གཞུང་བསྟེན་དགྲ་ལྷའི་གཙོ་བོའི་བསྟི་གནས་གནས་ཆུང་སྒྲ་དབྱངས་གླིང་། ནུབ་མཚམས་སུ་དགའ་གདོང་ཆོས་སྐྱོང་ཆེན་མོ་སོགས་མདོར་ན། འབྲས་སྤུངས་དགོན་པ་འདི་རྒྱལ་པོ་སྐུ་ལྔ་སོགས་བསྟན་ལ་དཀར་བའི་བསྟན་སྲུང་མང་པོས་སྲུང་བའི་ཚུལ་དུ་བསྐོར་ནས་བཞུགས་པ་ལྟ་བུར་མངོན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།