ཀྲུང་གོ་བོད་ཀྱི་དྲ་བ།

ཤོ་བ་དགོན་པའི་རྟ་མགྲིན་རང་བྱོན་གྱི་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས། : དགེ་ལུགས་པའི་དྲ་བ།   རྩོམ་པ་པོ། : ཤོ་བ་དགོན་པ།   སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤོ་བ་དགོན་པ་ནི་ཨ་མདོའི་ས་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཆུན་ཁང་ཞའུ(བདེ་སྐྱིད་རྒྱལ་བོ)ལོ་ཉེར་བཞི(སྤྱི་ལོ1685)པར་ཤོ་བར་སྐུ་འཁྲུངས་པའི་ཨ་ལགས་བློ་བཟང་རྣམ་རྒྱལ་རིན་པོ་ཆེ་ཡིས་ཨ་མདོ་ས་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་ལྷ་སར་མཇལ་སྐོར་ལ་འགྲོ་བའི་འདོད་བློ་སྐོང་ཆེད་དང་། རྒྱལ་དབང་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་རྒྱ་མཚོའི་བཀའ་གསུང་ལྟར་ལྷ་སའི་སེ་ར་དགོན་པ་དཔེ་བླངས་ཏེ་ཤོ་བ་མཁས་གྲུབ་གླིང་བཏབ་པ་དང་རྟ་མགྲིན་ཡང་གསང་གི་ལྷ་ཁང་འདི་བཞེངས་པ་ཡིན།

ཤོ་བ་དགོན་པ་ནི་ཨ་མདོ་ས་ཁུལ་དུ་མཚན་སྙན་གྱི་གྲགས་པ་ཧ་ཅང་མཐོ། ཁྱད་པར་དུ་རྟ་མགྲིན་ཡང་གསང་གི་སྙན་པ་དེ་བས་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་ཁྱབ་ཡོད་པས་མདོ་སྨད་འདིར་ཕྱོགས་ཀུན་ནས་འགྲན་ཟླ་བྲལ་བ་ཞིག་ཡིན། འདི་ལྟར་སྙན་པ་ཕྱོགས་ཀུན་ཁྱབ་པའི་རྒྱུ་མཚན་ནི་འདིར་རྟ་མགྲིན་ཡང་གསང་ནི་བཞེངས་སྐུ་མ་ཡིན་པར་རང་བྱོན་ཡིན་པས་སོ། །ལོ་རྒྱུས་ལྟར་ན། བློ་བཟང་རྣམ་རྒྱལ་རིན་པོ་ཆེ་ལྷ་སར་ཕེབས་ནས་རིག་པའི་གནས་ཀུན་སྦྱངས་མཐར་ཕྱིན་པ་མཛད་དེ་ཕྱིར་ཕ་ཡུལ་ཕྱོགས་ལ་ཕེབས་གྲབས་གནང་སྐབས་རྒྱལ་དབང་ལྔ་བ་ཆེན་པོས་ཁོང་ལ་རྟ་མགྲིན་ཡང་གསང་གི་སྐུ་བརྙན་རང་བྱོན་དུ་བབས་ཡོད་པའི་རྡོ་རྟེན་ཁྱད་པར་ཅན་ཞིག་གནང་བྱུང་། ཁོང་གིས་རྡོ་རྟེན་ཁྱད་པར་ཅན་དེ་གཙུག་མཐོང་ཆེན་པོའི་ངང་ཕ་ཡུལ་འདིར་གདན་འདྲེན་འོང་བ་མ་ཟད། གནས་འགངས་ཆེན་དུང་དཀར་གཡས་སུ་འཁྱིལ་བའི་ལྟེ་གནས་སུ་ལྷ་ཁང་འདི་བཞེངས་པ་རེད། དུས་དེར་ཁོང་གིས་སྨན་སྐུ་བཟོ་བོ་སྐད་གྲགས་ཅན་དག་གནས་འདིར་གདན་འདྲེན་ཞུས་ནས་རྡོ་རྟེན་ཁྱད་པར་ཅན་དེ་གཟུངས་བཞུགས་སུ་བཞུགས་སུ་གསོལ་ཏེ་རྟ་མགྲིན་ཡང་གསང་གི་སྨན་སྐུ་བཞེངས་མགོ་བརྩམས། བཤད་རྒྱུན་ལྟར་ན། བཟོ་བོ་རྣམས་ཀྱིས་ཐེངས་མང་བཟོས་རུང་ལེགས་འགྲུབ་བྱུང་མ་ཐུབ་པར་རྟེན་ཅི་བྱ་གཏོལ་མེད་ངང་ཡུད་ཙམ་བཟོ་མཚམས་མི་འཇོག་ཀ་མེད་བྱུང་། བསམ་ཡིད་ལས་འདས་པ་ཞིག་ལ། བཟོ་བོ་རྣམས་ཉིན་ཕྱེད་ལྷག་ཙམ་འགྱངས་པའི་རྗེས་སུ་སླར་བཟོ་གནས་སུ་ཕྱིན་ཏེ་མུ་མཐུད་དུ་བཟོ་གྲབས་བྱེད་སྐབས་ཁོ་ཚོའི་མིག་ལམ་དུ་འཆར་བ་ནི་ལྟ་ན་མཚར་ཞིང་སྡུག་པ། རྔམས་ཞིང་བརྗིད་པའི་རྟ་མགྲིན་ཡང་གསང་གི་སྨན་སྐུ་ཆེས་ཁྱད་དུ་འཕགས་པ་ཞིག་མ་བཟོས་རང་གྲུབ་ཏུ་བྱོན་འདུག་པས་ཚང་མ་ཧ་ལས་སོང་། དུས་དེ་ནས་བཟུང་ཤོ་བ་རྟ་མགྲིན་རང་བྱོན་ཞེས་སྙན་པའི་དུང་སྐད་ས་སྟེང་འདིར་ལྷང་ལྷང་དུ་ཁྱབ་སོང་།

ལོ་ངོ་སུམ་བརྒྱ་ལྷག་གི་རིང་འདིར་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་མཇལ་སྐོར་པའི་རྒྱུན་མ་ཆད་མ་མྱོང་ལ། ཁྱད་པར་དུ་རྟ་མགྲིན་རང་བྱོན་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ཉམས་ཐག་ནད་ཅན་གྱི་ནད་པ་ཇི་སྙད་ཅིག་ནད་རིགས་ཀུན་ལས་གྲོལ་སོང་བ་སོགས་འགྲོ་དོན་བླ་ན་མེད་པ་མཛད་པ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་བོ། །

སྤྱི་ལོ1958ལོ་ནས་སྤྱི་ལོ1963ལོའི་བར་གནས་དགོན་འདིར་གཏོར་བརླགས་ཚབས་ཆེན་ཐེབས་བྱུང་། ཁྱད་པར་དུ་རིག་གནས་གསར་བརྗེའི་སྐབས་སུ་དེ་ལས་ལྷག་པའི་གཏོར་བརླགས་ཚབས་ཆེན་ཐེབས་བྱུང་། མདོར་ན་རྩ་བ་ནས་མེད་བརླག་ཏུ་བཟོས་ཟིན་ཞེས་བཤད་ཆོག་ཆོག་རེད། ཡིན་ནའང་། དགའ་འོས་པ་ཞིག་ལ། ས་གནས་འདིའི་དད་ལྡན་མི་སྣས་རྡོ་རྟེན་དེ་གསང་བའི་སྒོ་ནས་གཉེར་སྲུང་གང་ལེགས་བྱས་པས་ད་གཟོད་སྐྱོན་མེད་ངང་ཆག་འཇིགས་ལས་ཐར་པ་བྱུང་ཡོད། རྗེས་སུ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབབས་བྱས་འོག་སྤྱི་ལོ1981ལོར་ཤོ་བ་དགོན་པའི་ཆོས་སྒོ་སླར་ཡང་འབྱེད་ཐུབ་པའི་བསྐལ་བ་བཟང་བོ་འདི་བྱུང་བ་མ་ཟད། རྟ་མགྲིན་ལྷ་ཁང་ཡང་བདེ་བླགས་ངང་སྐྱར་བཞེངས་བྱས་ཟིན།

དེ་སྔ་རྟ་མགྲིན་རང་བྱོན་གྱི་བཞུགས་གནས་རྙིང་བའི་ལྟེ་གནས་སུ་ཙན་དན་དཀྱིལ་སྙིང་དམར་གྱི་སྡོང་བོ་ཞིག་སྐྱེས་ཡོད་པར། བྲག་སྒོམ་པ་སྐུ་ཕྲེང་བཞི་བའི་ཐུགས་བཀོད་ལྟར་སྡོང་བོ་དེ་སྲོག་ཤིང་བྱས་ཡོད་ལ། ཨ་ལགས་བསེ་ཚང་གིས་མཚོ་སྔོན་རེབ་གོང་ནས་སྐད་གྲགས་ཅན་གྱི་བཟོ་བོ་གདན་དྲངས་ཏེ་དཀྱིལ་སྙིང་དམར་པོའི་ཙན་དན་སྡོང་བོའི་སྲོག་ཤིང་སྟེང་རྟ་མགྲིན་ཡང་གསང་གི་སྨན་སྐུ་ལེགས་པར་བཞེངས་གྲུབ་བྱུང་ཡོད། དགོན་བདག་བྲག་སྒོམ་པ་ཚང་དང་ཨ་ལགས་བསེ་ཚང་རྣམ་གཉིས་ཀྱིས་སྤྱི་ལོ1982ལོར་རྡོ་རྟེན་ཁྱད་པར་ཅན་དང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་མནབས་བཟའ། དེ་མིན་གསུང་འབུམ་འབོར་ཆེན་བཅས་་་་་་་བའི་གཟུངས་བཞུགས་འབུལ་བའི་མཛད་སྒོ་གཟབ་རྒྱས་ངང་མཛད་པ་བཅས་བྱིན་རླབས་ཤིན་ཏུ་ཟབ། མདོར་ན་ལྷ་སའི་སེར་དགོན་གྱི་རྟ་མགྲིན་རང་བྱོན་ལྟར་མ་རུང་གདོན་བགེགས་མཐའ་དག་ཚར་བཅད་ནས་མར་གྱུར་སེམས་ཅན་ཐམས་ཅད་ལ་ནམ་ཡང་བདེ་བ་དང་བདེ་བའི་ལམ་ལ་འཇུག་པ་ལྟར་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་པར་མ་ཟད། ཨ་མདོའི་ས་ཁུལ་གྱི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དཀའ་བ་སྤྱད་ནས་ས་ཐག་རིང་པོ་ལྷ་སར་བསྐྱོད་མི་དགོས་པའི་འདོད་བློ་ཀྱང་ཕྱོགས་ཡོངས་ནས་སྐོང་ཐུབ་པ་བྱུང་ཡོད།

དེ་སྔ་དགོན་པར་གཏོར་བརླག་ཐེབས་སྐབས་གནས་དགོན་གཙོ་བྱས་པའི་མཐའ་འཁོར་ཡོངས་རྫོགས་ཐེམ་སྐས་ས་ཞིང་དུ་བཟོ་བཅོས་པས་ལྟ་ན་བརྗིད་ཞིང་ཆགས་པའི་དགོན་པ་དང་ལྷ་ཁང་། ནང་ཆེན་དང་གྲྭ་ཤག་སོགས་རྨི་ལམ་ཡུལ་གྱི་སྣང་བརྙན་ཙམ་མ་གཏོགས་ལྷག་ལུས་མེད་པར་རྩ་མེད་རྨག་མེད་དུ་བཟོས་སོང་བ་རེད། དེ་ལྟར་ལོ་མང་འདས་རྗེས་ཆོས་སྒོ་སླར་འབྱེད་དང་དགོན་པ་སྐྱར་བཞེངས་བྱེད་སྐབས་རྟ་མགྲིན་ལྷ་ཁང་གི་གནས་རྙིང་ལྟེ་གནས་ནོར་མེད་ངང་བཙལ་བར་དཀའ་ཁག་ཆེན་པོར་ཐུག དུས་དེར་ཨ་ལགས་བྲག་སྒོམ་པ་ཚང་ལ་ཞུས་པས། གནས་རྙིང་ལྟེ་གནས་ན་ཙན་ཏན་དམར་པོའི་སྡོང་ཕྲུག་ཞིག་སྐྱེས་ཡོད་ཞེས་ལུང་བསྟན་ལྟར་རྙེད་པས་ཚང་མ་ངོ་མཚར་ཆེན་པོ་སྐྱེས་སོ། །

ཅོ་ནེ་ཤོ་བ་མཁས་གྲུབ་གླིང་ངོ་སྤྲོད་ལས་བཤུས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།