ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་འཁོད་པའི་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་རྡོ་བརྩིགས་ཁ་མགོ་བ་རྡོ་སྦིས་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ངོ་སྤྲོད་པའི་ཚིག་ཐོར་བུ།

  རྩོམ་པ་པོ། : མ་གཞིས་སུམ་པ་ཁབ་རྒོད་དོན་གྲུབ།   སྤེལ་དུས། : 2018-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   བོད་ཀྱི་བཟོ་རིག་སྤྱིར་བསྟན་པ།

         བོད་ཀྱི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་ཏེ་བཟོ་རིག་པ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ།  རྣམ་གྲངས་དང་རིགས་དབྱེ་མཐའ་ཡས་པའི་ཤེས་བྱ་གཏོས་ཆེ་བ་ཞིག་རེད་ཅེས་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བསྔགས་པའི་བདེན་ཚིག་བརྗོད་པ་ནི་སྨོས་ཅི་དགོས། དེར་ཡང་ལུས་བཟོ་དང་ངག་བཟོ།  ཡིད་བཟོ་གསུམ་དུ་ཕྱེ་བ་ལས། ལུས་བཟོ་ལའང་སྐུ་རྟེན་དང་གསུང་རྟེན།  ཐུགས་རྟེན་བཅས་གསུམ་དུ་བསྡུ་ཆོག་ཅིང་།  བྱེ་བྲག་སྐུ་རྟེན་ལ་བྲིས་འབུར་གཉིས་ཀྱིས་མ་ཁྱབ་པ་མེད་ཅེས་སྨྲས་ཀྱང་འཐུས་སོ། །རང་རེའི་གངས་ཅན་གྱི་ཡུལ་གྲུ་འདིར་རྒྱལ་བསྟན་མ་དར་བའི་གོང་རོལ་ནས་བཟོ་རྩལ་ཕལ་བ་དར་ཡོད་པ་ནི་གནའ་རྫས་དང་ཡིག་ཚང་གང་རུང་གིས་བསྒྲུབ་པར་བཏུབ་ལ། དུས་ཕྱིས་སུ་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་ཕོ་བྲང་ཐོག་མ་ཡུམ་བུ་བླ་སྒང་བརྩིགས་པ་ནས་བཟུང་།  རྡོ་བཟོ་དང་ཤིང་བཟོ།  ལྕགས་བཟོ་བཅས་རིམ་པ་བཞིན་དར་ཞིང་རྒྱས་པར་གྱུར་ཏེ། བཟོ་རྩལ་གྱི་ཕྱག་ལེན་དེ་དག་དུས་ད་ལྟར་ཐུག་གི་བར་དུ་གྲ་མ་ཆག་གྲུ་མ་ཉམས་པར་རྒྱུན་མཐུད་ཅིང་ངང་བསྲིངས་ཏེ་འོངས་པ་རེད། ལྷག་དོན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ནང་བསྟན་དབུ་བརྙེས་པ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བོད་ཀྱི་ཡུལ་གྲུ་ཡངས་པོར་དར་སྤེལ་མཛད་རྗེས། རི་བོ་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་ཇོ་ཁང་རྣམ་གཉིས། དེ་བས་ཀྱང་ལྷ་ས་དམར་པོ་རིའི་སྟེང་མཆོད་རྟེན་དཀར་པོ་ཞིག་ཐོག་མར་བཞེངས་པའི་ཚུན་ཆད་དུ། བོད་གངས་ཅན་ལྗོངས་འདིར་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱིས་གྲུབ་པའི་མཆོད་རྟེན་བཞེང་བའི་ལུགས་སྲོལ་རྨ་མེད་པ་ཞིག་གྲུབ་ཅིང་། ཕྱིའི་བཟོ་བཀོད་དང་ནང་གི་བྱིན་རྟེན་སོགས་ཁྱད་དུ་འཕགས་པར་མ་ཟད། ཐུན་མིན་ངོ་མཚར་གྱི་ཁྱད་ཆོས་ཀྱང་རང་ཆས་སུ་གྲུབ་ནས་ཡོད། རིམ་བཞིན་བོད་ཀྱི་ཆོས་རྒྱལ་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་སྔ་ཕྱིར་གཅིག་ལ་གཅིག་འགྲན་པ་བཞིན་བསམ་ཡས་མི་འགྱུར་གཙུག་ལག་ཁང་དང་སེར་འབྲས་དགེ་གསུམ། གཙང་བཀྲ་ཤིས་ལྷུན་པོ། སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ། ཆབ་མདོ་བྱམས་པ་གླིང་། གསེར་རྟ་བླ་རུང་སྒར། རྔ་བ་བཀྲ་ཤིས་སྒོ་མང་སོགས་ལྷ་ཁང་གསེར་ཁང་དང་གཙུག་ལག་མཆོད་རྟེན་སོགས་ནམ་མཁའི་སྐར་མ་ས་ལ་བརྡལ་པ་ལྟར་བཞེངས་པས་ནི། བོད་ཡུལ་མཛེས་པའི་རྒྱན་དང་བསྟན་པ་རྒྱས་པའི་གཞི་རུ་བསྔོས་པ་དང་སྦྲགས། འཛམ་གླིང་ཤར་ནུབ་བཟོ་བཀོད་ལག་རྩལ་གྱི་སྡིངས་ཆར་ངོམས་ཀྱང་རུང་བའི་ལག་ནོམ་འབའ་ཞིག་ཏུ་ཀུན་གྱིས་ཁས་འཆེས་པར་མ་ཟད། ས་སྟེང་སྐྱེ་འགྲོ་ཀུན་གྱི་ཡིད་སྨོན་དང་ཞིབ་འཇུག་བྱེད་སའི་རྟེན་གཞི་ཉག་གཅིག་ཏུའང་བལྟས་པར་ཟད་དོ།

དེང་གི་ཆར་ཡང་། བོད་ཀྱི་བཟོ་རྩལ་དེ་ཀོར་ཤ་ཞེན་རུས་གཏིང་ནས་ཆེ་བའི་མཁས་པ་རྒན་དར་གཞོན་གསུམ་ཐུན་མོང་ནས་གུས་རྟག་བརྩོན་འགྲུས་དང་དཀའ་སྤྱད་ཁུར་བཟོད་ཀྱི་བརྟུལ་ཞུགས་གཡེལ་མེད་དུ་བསྐྱངས་པའི་མུར། བཟོ་རྩལ་དེའི་ཕྱག་རྒྱུན་མ་ལུས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ། ཐིགས་པ་བསགས་པས་རྒྱ་མཚོ་དང་ས་རྡུལ་སྤུངས་པས་རི་རབ་ཀྱི་དཔེ་ཇི་བཞིན་རབ་ཀྱི་ཕུད་དང་ལེགས་པའི་རྩེ་མོར་བསྐྱོན་པའི་རྨད་བྱུང་དགེ་ལེགས་ཀྱི་རྣམ་ཐར་དེར། ང་ཚོས་གུས་འདུད་དང་བཀའ་དྲིན་གྱི་གཏམ་སྙིང་ཁོང་རུས་པའི་གཏིང་ནས་མི་བརྗོད་རང་དབང་ཅི། 

མདོ་སྨད་ཡ་རྫི་ཡུལ་གྱི་བཟོ་རྩལ་མདོར་བསྟན་པ།

   སྤྱིར་ན་ཡ་རྫིའི་ཡུལ་གྲུ་འདི་ནི་ས་རྒྱ་ཆུང་ཞིང་མི་གྲངས་ཉུང་བ་ཞིག་ཡིན་ནའང་། བོད་ཀྱི་ལོ་རྒྱུས་ཐོག་དམ་པའི་ཆོས་དང་ཐ་སྙད་རིག་གནས་གང་གི་ཐད་ལའང་བྱས་རྗེས་བླ་ན་མེད་པ་བཞག་པའི་བཙན་པོ་རང་གི་གདུང་རྒྱུད་འཁྲུལ་མེད་དུ་ངོས་བཟུང་ཞིང་འཛིན་པ་རེད། ཡུལ་འདིར་བླ་སྤྲུལ་དང་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་རིམ་པར་བྱོན་པ་ནི། བསྟན་པ་ཡང་དར་གྱི་དེད་དཔོན་ཆེན་མོ༧ཀུན་གཟིགས་པཎ་ཆེན་བཅུ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་གཙོས་བསྟན་པ་སྔ་དར་གྱི་མེས་པོ་བླ་ཆེན་པོ་དགོངས་པ་རབ་གསལ་དང་། དགེ་བསྟན་བསྟན་པའི་ལུང་དང་གདམས་ངག་གི་བང་མཛོད་ཁོང་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ།  ཀླུ་འབུམ་ལྷ་རམས་འཕར་མའི་མཚན་བཏགས་ཅན་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།  མི་མཁས་པ་སྐྱེས་པའི་ཕྱི་མ་སྙིགས་དུས་ཀྱི་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་སོགས་བགྲང་བའི་ཡུལ་ལས་འགོངས་ཤིང་། ཡུལ་འདིར་འཁོད་པའི་སྐྱེ་བོ་རྣམས་ཀྱང་རང་གཤིས་འཇམ་ལ་ངང་རྒྱུད་རིང་བ། ཆོས་དད་ཆེ་ལ་བརྩོན་པ་ལྡན་པ། ཀུན་ལ་བྱམས་ཤིང་སྙིང་རྗེ་ཆེ་བ་ཤ་སྟག་ཅན་དུ་ངེས། ནང་སྒོས་སུ་ཡུལ་གྲུ་དེའི་ཡ་གྱལ་གཡང་སྡེ་ཉིན་པ་ཟེར་བ་ནི་རྡོ་སྦིས་སྟོད་སྨད་བར་གསུམ་གྱི་རི་གྲོང་རྒྱ་མཚོའི་ནང་ནས་ཆེས་ཆེ་ཤོས་སུ་གཏོགས་ཏེ། བསྡོམས་པས་ཁྱིམ་ཁ་ཉིས་བརྒྱ་ལྷག་དང་མི་གྲངས་དགུ་བརྒྱ་ཡས་མས་མཆིས་པ་རེད། སྡེ་བ་འདི་ནི་རི་ཆུ་ནགས་གསུམ་འཛོམས་པའི་གཡང་སྡེ་མར་ཁུ་འཁྱིལ་འདྲ་ཞིག་ཡིན་པར་མ་ཟད། བོད་རང་གི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་ཤིན་ཏུ་བྱེད་མཁན་ཞིག་ཡིན་པའི་ཆ་ནས།  རྣམ་ཐར་ཟློས་གར་དང་ལྷ་རྩེད་མི་རྩེད་སོགས་ཀྱིས་མཚོན་པའི་རང་ཁྱད་ཅན་གྱི་སྒྱུ་རྩལ་སྣ་ཚོགས་ལ་ཁ་བྱང་ལག་བྱང་དུ་སོང་བར་མངོན། ལྷག་དོན་ཕ་མེས་ཡང་མེས་ནས་བརྒྱུད་པའི་ལྷ་ཁང་གསེར་ཁང་བཞེང་བའི་རྡོ་བརྩིགས་ཨར་ལས་ཀྱི་ལག་རྩལ་ཁྱད་པར་བ་ཞིག་རང་འཇགས་རྒྱུན་འབྱམས་སུ་བདོག་པ་དེ་ནི།  མདོ་ཁམས་ཀྱི་ཡུལ་གྲུ་ཕལ་མོ་ཆེར་ས་གྲགས་གནམ་གྲགས་སུ་སོང་བ་དཔེར་ན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་སྔ་གཞུག་གཉིས་དང་གུང་ཐང་མཆོད་རྟེན། རྡོ་སྦིས་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་། བིས་མདོ་དགོན་ཆེན་གྱི་སྐུ་གདུང་མཆོད་རྟེན་སོགས་སོར་མོའི་འདུ་བྱེད་དུ་བསྒྱུར་ཏེ་སྐྱེ་འགྲོ་ཡོངས་ཀྱི་དད་པའི་རྟེན་དུ་བསླངས་པས་མཚོན།  བོད་ཀྱི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀར་ཤིན་ཏུ་སྨར་བའི་ཕན་པ་དང་བདེ་བ་ཇི་སྙེད་ཅིག་བསྐྲུན་པའི་མུར།  དུས་ད་ལྟའང་བྱས་འབྲས་མི་དམན་པའི་དན་རྟགས་རབ་དང་རིམ་པ་བཞག་དང་འཇོག་བཞིན་མཆིས། 

འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ཉུང་ངུར་བཤད་པ།

   ཡོངས་གྲགས་སུ་རྒྱལ་དབང་ལྔ་པ་ཆེན་མོའི་གསེར་གདུང་ལ་གསེར་གདུང་འཛམ་གླིང་རྒྱན་གཅིག་ཅེས་གསེར་སྦྱངས་བཙོ་མས་བྱུགས་པའི་མཆོད་རྟེན་སྐད་གྲགས་ཅན་ཞིག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར། འདིར་བིས་མདོ་དཔོན་ཚང་གི་ཉེ་འདབས་སུ་ཆགས་པའི་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་པར་ཡང་འཛམ་གླིང་མཆོད་རྟེན་ཆེན་མོའི་མཚན་གྱིས་བསྔགས་ཤིང་། ཅི་ཉི་སིའི་གདན་ཐོབ་ཏུ་ཚུད་པའི་གཟིགས་བཟོས་ཡི་གེ་དང་བཅས་པ་བདག་རྐྱེན་དུ་བསྩལ་པ་ནི།  སྔ་ན་མེད་པའི་བོད་ཀྱི་ལོ་རྒྱུས་གསར་བ་ཞིག་བསྐྲུན་པར་གོར་མ་ཆག་སྟེ། ཐ་ན་མཆོད་རྟེན་ཆེན་མོ་དེའི་ཕྱིའི་བཟོ་བཀོད་དང་རྣམ་པ་བརྗིད་ཆགས་ལྟ་ན་སྡུག་ཅིང་།  ནང་གི་གཟུངས་གཞུག་དང་གཙུག་ལག་བྱིན་ཅན་ཚོམ་དང་ཚོམ་བུར་སྤུངས་པ།  མཐའི་ལྕགས་ར་དང་ལྕགས་རི་མུ་འབྲེལ་ཚར་དུ་དངར་བ་བཅས་ཁོ་ནས་ཀྱང་ཁྱེད་ཀྱི་རྣ་བའི་བཅུད་ལེན་དང་མིག་གི་དཔང་པོར་འཕེར་སྲིད་དོ།།

   ཉེ་ཆར།  ལོ་ངོ༡༢རིང་ལ་རྒྱུ་འབྱོར་གྱི་འགྲོ་སོང་དང་ལག་ལས་ཀའི་དཀའ་ཚེགས་མི་ཉུང་བ་གྲོན་པ་བརྒྱུད།  འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་པའི་བཟོ་བཀོད་ཆེན་པོ་དེ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་གེགས་མེད་བདེ་བླག་ངང་བལྟམས་པ་དང་འབྲེལ། འཛམ་གླིང་ཡང་རྩེ་ཞེས་པའི་དུས་དེབ་སྐད་གྲགས་ཅན་དེས་ཡིག་རིས་སུ་ཕབ་སྟེ།  ཆེས་མཐོ་བ་དང་ཆེས་བརྗིད་ཉམས་ལྡན་པའི་མཆོད་རྟེན་ཞེས་པའི་གསོལ་རས་ཀྱི་མིང་གིས་མཚན་པར་གྱུར་པ་འདི་ནི་མཐར་གཏུགས་ན།  བོད་ཀྱི་ཤེས་འཇོན་དང་ལག་རྩལ་ནི་འཛམ་གླིང་ལག་ཤེས་ཁྲོམ་རའི་ཟིལ་ཤུགས་དང་འགྲན་བཟོད་པའི་ཤེས་བྱེད་ངོ་མ་དེའང་ངོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་ཆོག་རེད།                                        

真的.jpg

 ལེགས་གྲུབ་བྱུང་བའི་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན། 

རྡོ་སྦིས་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ངོ་སྤྲོད་པའི་ཚིག་བྱེ་བྲག་ཏུ་བརྗོད་པ།

དང་པོ།  ཁྱིམ་ཚང་གི་ཁོར་ཡུག་དང་བག་ཆགས།

   འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་འདི་གསར་དུ་བཞེང་མཁན་ནི། མདོ་སྨད་ས་ཡི་ཐིག་ལེ་ཡུལ་ཙོང་ཁའི་ཤར་ཕྱོགས་སུ་གཞིས་ཆགས་པའི་རྡོ་སྦིས་གསེར་སྨུག་ལྗོངས་ཀྱི་ཡན་ལག་གསེར་གྱི་ཀ་བ་བཞིའི་ཉིང་ལག་སྟེ་གཡང་སྡེ་ཕྱུག་མོ་ཉིན་པ་སྡེ་བ་ཞེས་པར། དང་པོ་ལྟེ་ཕྲག་འཕོས་ཤིང་བར་དུ་གཉོམ་ལག་རྒྱས་པའི་རྡོ་བརྩིགས་ཁ་མགོ་པ་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་གཙོས་ཁོའི་ཨ་ཕ་མ་གཞིས་སུམ་པ་ཁབ་རྒོད་སྐལ་བཟང་བསམ་གཏན་དང་། ཁོའི་ཨ་ཁུ་མ་གཞིས་སུམ་པ་ཁབ་རྒོད་བློ་བཟང་རྣམ་རྒྱལ་སོགས་རེད། མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ནི་སྤྱི་ལོ༡༩༦༦ལོར་མདོ་སྨད་ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོ་ཉིན་པ་སྡེ་བར། ཕ་མ་གཞིས་སུམ་པ་ཁབ་རྒོད་སྐལ་བཟང་བསམ་གཏན་དང་མ་རྒན་རྒྱ་ཚང་མཁའ་མོ་རྒྱལ་གཉིས་ཀྱི་བུ་རུ་སྐྱེས། ཁྱིམ་གྱི་རུས་མིང་ལ་མ་གཞིས་སུམ་པ་ཁབ་རྒོད་ཚང་ཟེར་བ་སྟེ། མེས་པོའི་ངག་རྒྱུན་ལ་གཞིར་བཅོལ་ནས་བཤད་ན།   མ་གཞིས་ནི་མེས་པོ་གོང་མའི་གོང་མ་ཞིག་ཆོས་རྗེ་དོན་གྲུབ་རིན་པོ་ཆེའི་མ་ཡུམ་གྱི་འཁྲུངས་གཞིས་ལས་མཆེད་པས་ན་མ་གཞིས་དང་། སུམ་པ་ནི་བཙན་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་དར་ཡོད་པའི་བོད་རང་གི་རུས་ཆེན་གདུང་རྒྱུད་ཅིག་གི་མཚན་དང་། ཁབ་རྒོད་ནི་སུམ་པ་རྒྱལ་ཕྲན་གྱི་ནང་གསེས་རུས་ཆེན་གསུམ་ཡོད་པ་ལས་རྒོད་ཚང་སྟོད་སྨད་གཉིས་ཀྱི་ཡ་གྱལ་སུམ་པ་ཁབ་རྒོད་ཚང་ཞེས་པའི་ཆ་ནས་ཐོགས་པས་ལོས་ཡིན་སྙམ་མོ།

   མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོ་ཆུང་དུས་ནས་རིག་སྟོབས་ཆེ་ལ་ལག་རྩལ་ལྡན་པས་སློབ་གྲྭར་སོང་ན་སློབ་མགོ་མི་དམན་པ་འཁྱོངས་ཤིང་། ཁྱིམ་དུ་བསྡད་ནའང་ལག་ལས་ཀ་གང་ཡིན་ཐད་འཇོན་ཚད་མཐོན་པོར་གནས་པས། སྡེ་མི་ཀུན་གྱིས་ཡ་རབས་བསམ་ཤེས་ཀྱི་མིག་ལྟོས་སུ་བསྟོད་པའི་མཐེ་བོང་སྒྲེང་བར་བྱེད། དེ་ནི་ཕ་མ་བཟང་བོའི་བུ་ཕྲུག་དང་དགེ་རྒན་བཟང་བོའི་སློབ་མ་ཟེར་བ་ལྟར།  རང་ཉིད་ཆུང་དུས་ནས་དྲིན་གྱིས་བསྐྱངས་ཡོང་བའི་ཕ་སྐལ་བཟང་བསམ་གཏན་དང་མ་མཁའ་མོ་རྒྱལ་བཅས་པའི་ཁྱིམ་ཚང་གི་བག་ཆགས་མཐུག་པོ་དེར་འབྲེལ་བ་དམ་ཟབ་མཆིས་པ་ནི་སྨོས་ཅི་དགོས།  ཕ་སྐལ་བཟང་བསམ་གཏན་ལ་མཚོན་ན།  ཆུང་དུས་ནས་ཆོས་དད་ཆེ་ཞིང་ངང་རྒྱུད་དྲང་ལ།  བརྟུན་པ་ཆེ་བ་ཅན་ཞིག་རེད། མི་ཚེ་རིང་མོར་རྒ་བའི་ཁུར་གྱིས་ལྕི་ཞིང་དུབ་པའི་བར་དུ། གསེར་ལས་ལྷག་པའི་དུས་ཚོད་མང་བོ་ཤིང་བཟོའི་ལས་ཀར་བསྟིམས་ཤིང་ཐིམ་པའི་འབྲས་བུར། སྤྱི་ལོ༡༩༩༢ནས༡༩༩༣བར་རྡོ་སྦིས་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་དང་། སྤྱི་ལོ༡༩༩༤ལོར་རང་སྡེ་ཉིན་པའི་ཚོགས་ཆེན་འདུ་ཁང་གཉིས་གཙོས་ཕྱོགས་ཡས་མས་སུ་ལྷ་ཁང་གསེར་ཁང་མང་པོ་གསར་བཞེང་བྱེད་ཞོར། ཡུལ་སྡོད་ཀྱི་ཁང་གསར་བགྲང་གིས་མི་ལང་བ་ཞིག་ཀྱང་སོར་མོའི་འདུ་བྱེད་ཀྱི་རྩལ་དུ་བསྐྲུན།  གོ་རིམ་དེ་དག་གི་ཁྲོད་དུ། ཤིང་བཟོའི་ལས་ལ་འཁྲེང་ཞིང་དུང་བའི་གསར་སྐྱེས་མང་པོ་ལག་པ་གར་ཁྲིད་དང་མཛུབ་མོ་རི་སྟོན་གྱི་ཚུལ་དུ་སྐྱེད་སྲིང་གནང་སྟེ།  རང་རྒྱུད་ཀྱི་ལག་རྩལ་གང་ཤེས་མ་ལུས་མཁྱུད་མེད་དུ་བསླབས་ཤིང་འཇོན་པར་གྱུར་པ་ནི་མི་རབས་རྗེས་མར་བཞག་པའི་ལག་རྗེས་ཆེན་པོར་ཅིས་ཀྱང་བགྲང་རུང་ངོ་། དུས་ད་ལྟ་རང་གི་ཚ་བོ་མ་གཞིས་སུམ་པ་ཁབ་རྒོད་དོན་གྲུབ་ཚེ་རིང་དང་། མ་གཞིས་སུམ་པ་ཁབ་རྒོད་བུ་ཆུང་བ་བོང་གོ་ཐར། མག་པ་ཚེ་ལོ་སོགས་ཤིང་བཟོའི་ལས་ལ་བྱང་ཆ་ལྡན་པའི་བུ་སློབ་གཅིག་ལ་གཅིག་འགྲན་པ་བཞིན་བྱུང་སྟེ།  ལུས་བཟོ་ཕལ་པའི་ལག་རྩལ་དེའང་ཆུ་རྔ་བྱེ་ཐང་དུ་ལུས་པའི་དཔེ་རུ་མ་སོང་ཞིང་། མི་རབས་ནས་མི་རབས་བར་སྣེ་མཐུད་པ་དང་རྒྱུན་སྲིང་བ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་སྲོང་བོར་བརྗོད་པ་ཇི་བཞིན་ཡིན། ཕ་སྐལ་བཟང་བསམ་གཏན་ལ་མཚོན་ན།  སྔ་རབས་ནས་དར་ཞིང་འོངས་པའི་ཤིང་བཟོའི་ལག་རྩལ་དེར་ཆུ་ལམ་བརྒྱུད་དང་རྡོ་ལག་བརྒྱུད་ཀྱི་ཚུལ་བཞིན་སློབ་སྦྱོང་ཏན་ཏིག་དང་རྒྱུན་འཛིན་གང་ལེགས་བྱས་པའི་ཁར། རང་ཉིད་ཀྱི་བློ་གྲོས་རྩལ་དུ་སྤྲུགས་ནས་སྔར་མེད་གསར་གཏོད་ཀྱི་ལས་ལ་ཤ་ཐང་ཐང་དུ་འབད་ཅིང་། རང་ཚོད་ཀྱི་ནུས་པ་འགངས་ཆེན་ཕྱིར་བཏོན་པ་ནི་དཔེར་ན།  སྐབས་ཤིག་རིང་བླ་བྲང་ཚོགས་ཆེན་འདུ་ཁང་གསར་བཞེང་བྱེད་དུས། ཁོས་རྡོ་བརྩིགས་ཀྱི་གྲུ་ཁ་དྲང་འཁྱོག་ཡིན་མིན་ལ་ཚད་འཇལ་བྱེད་ཀྱི་དངོས་པོ་ཆུ་ཐིག་ཅེས་པ་ཞིག་གསར་དུ་བཟོས་པ་དང་སྦྲགས།  ཅ་ག་ཆུང་ཆུང་དེའི་ཁྱད་ཆོས་དང་བྱེད་ནུས་ལ་དེར་འདུས་མགོ་པ་དང་ལས་བཟོ་བ་རྣམས་ཡིད་འཕྲོག་པར་གྱུར་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་མ་ཟད།  ཕྱིས་ཀྱི་མི་ཚང་མས་སྔར་མུས་སུ་ཐབས་འདི་སྤྱོད་བཞིན་པའང་ཕྱི་གསལ་ནང་གསལ་གྱི་གཏམ་རེད།  གཞན་ཡང་བྱིས་པ་རྣམས་རྩེད་འཇོར་རོལ་བའི་འདོད་པ་བསྐང་ཆེད་དར་ཤུད་སྟེག་སྤྱད་བཟོས་པ་དང་། ཁང་བར་དཀར་ས་བརྒྱུག་པའི་ཕྱིར་ཁང་བའི་གནམ་ངོར་སྔོན་ཆད་ཀྱི་དཀར་ཁུང་ལས་ལོགས་སུ་ཕྱེ་ཞིང་། དུད་ལྕོག་གི་དབྱིབས་སུ་ཐོན་པའི་ཧྲག་ག་ཆེན་པོ་གཞན་དང་མི་མཐུན་པ་ཞིག་བསྐྲུན་པ། དེར་མ་ཟད། ཡུལ་མིའི་ཤིང་ཁང་གི་བློས་བསླངས་སྒྲིག་གཞི་སོགས་ཀྱང་ཕྱི་མིག་རྒྱགས་ཆེ་ལ་ནང་སྤྱོད་སྒོ་བྲ་བ་ཅན་འབའ་ཞིག་ཏུ་བསྒྲུབས་པས།  མཐོང་ཚད་ཀུན་གྱིས་གསར་བཟོར་མཁས་པའི་རྒད་པོ་བློ་རིག་ཅན་ཞིག་རེད་ཅེས་བསྟོད་ཚིག་མི་བརྗོད་མཁན་གཅིག་ཀྱང་མ་མཆིས།

   གཞན་ཡང་།  མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོའི་ཨ་ཁུ་མ་གཞིས་སུམ་པ་ཁབ་རྒོད་བློ་བཟང་རྣམ་རྒྱལ་ལ་མཚོན་ནའང་བློ་རིག་རྣོ་ལ་ཤེས་རྒྱ་ཆེ་བ་དང་།  གཤིས་སྤྱོད་འཇམ་ལ་ངང་རྒྱུད་རིང་བ་ཅན་ཞིག་ཡིན་པར། ཆུང་དུས་ནས་ཚོང་ལས་ཐད་རང་སྟོབས་མི་དམན་པ་རྒྱས་ཏེ། སྟོད་ཀྱི་ཛ་ཏི་མེ་ཏོག་ལྷུང་ས་མན་ཆད་ནས་སྨད་ཀྱི་ཆུ་ལ་དར་གོས་འཐག་ས་ཡན་ཆད་བར་དུ་ཚོང་འགྲུལ་གྱི་ལས་སྒོ་སྣ་མང་གཉེར་མཐར།  དེའི་དུས་རྡོ་སྦིས་ས་ཆའི་ཚོང་བ་སྔ་ཤོས་གྲས་ཀྱི་རྒད་པོ་འཇོན་ཐང་ཅན་ཞིག་ཡིན་ཞེས་སྡེ་མི་ཀུན་གྱིས་ཡང་ཡང་གླེང་བར་བྱེད།

不打扰很热是.jpg

མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ལགས་ཀྱི་ཕ་ཡུལ་ཉིན་པ་སྡེ་བའི་སྒོ་ཆེན། 

གཉིས་པ། རྡོ་བརྩིགས་ཀྱི་ལས་ཀར་དངོས་སུ་ཞུགས་པ།

   སྤྱི་ལོ༡༩༨༦ལོར། མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོ་ལོ་ན༡༩པར་སོན་མ་ཐག ཆེས་ཐོག་མར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་འདུ་ཁང་གསར་བཞེང་གི་ཨར་འདམ་དང་རྡོ་ཁུར་གྱི་ལས་ཀ་བསྒྲུབ་པར་སོང་། ལོ་ངོ་གཉིས་གསུམ་རིང་ཉིན་ཐོག་ཟླ་བརྩེགས་ཀྱིས་བཞེང་བའི་གོ་རིམ་ཁྲོད། མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོས་ཀྱང་ཉམས་མྱོང་གང་ཅི་རིམ་པ་བཞིན་དུ་བསགས་མཐར།  ཐོག་མའི་རྡོ་ཁུར་པ་ནས་བར་གྱི་རྡོ་བརྩིགས་པའི་འགན་ཁུར་དང་དུ་བླངས་ཤིང་ལག་ལེན་དུ་བསྟར་ཐུབ་པ་བྱུང་། སྐབས་དེའི་མགོ་པ་ནི་རྡོ་སྦིས་ཉིན་པའི་ཡར་མགོ་ཚེ་ལོ་དང་རྒན་རྒྱའི་མཁའ་འབུམ་བྱམས། མགོ་པའི་ལག་རོགས་ནགས་ཚང་ཚེ་རིང་རྒྱལ་དང་བཀའ་མ་སྐལ་བཟང་ཆོས་གྲགས་སོགས་རེད།  ཡར་མགོ་ཚེ་ལོ་དང་རྒན་རྒྱའི་མཁའ་འབུམ་བྱམས་ཁོང་གཉིས་བློ་ཤེས་རིག་དང་ལག་ལས་ཀ་གང་ཅིའི་ཐད་གཞན་ལས་ཁྱད་དུ་འཕགས་ཤིང་།  རྡོ་སྦིས་རྡོ་བརྩིགས་ཀྱི་མགོ་པ་ཆེས་སྔ་གྲས་དང་ཆེས་སྐད་གྲགས་ཅན་དུ་ཀུན་གྱིས་བརྩི་བར་བྱེད་ལ། སྐབས་དེར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་ཁྲི་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་རྣམ་གཉིས་ནས་ཕྱག་མོ་གཟིགས་པར་བརྟེན། བླ་བྲང་ཚོགས་ཆེན་འདུ་ཁང་གསར་བཞེང་གི་རྡོ་བརྩིགས་ཁ་མགོ་བར་ཇི་བཞིན་དུ་བསྐོས་ཐོག བླ་མའི་ཐུགས་སྨོན་ལྟར་སྔར་མེད་བྱོན་ལེགས་བྱུང་། ཡར་མགོ་ཚེ་ལོ་ཁོང་གཙོར་བྱས་མགོ་པ་གཞན་བྱིངས་སོ་སོར་ཡང་ཁྱད་ཆོས་མི་འདྲ་བ་མཆིས་ཤིང་འཇོན་ནུས་ཐུན་མིན་དུ་ལྡན་པ་ནི་འདིར་གཅམ་གསག་གི་ཚིག་ཁོ་ནར་ཐལ་བའི་དཔེ་མ་ཡིན་ནོ།།དེ་ལྟར་ཉིན་པའི་མགོ་པ་སྔ་རྗེས་ཡོངས་ཀྱི་བཀའ་དྲིན་སྐུ་དྲིན་དང་དཀའ་ལས་སྐུ་ཚེགས་ལ་བརྟེན།  མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་དེ་དམ་པའི་ཆོས་ཀྱི་བསྟི་གནས་དང་སྐྱེ་འགྲོའི་དད་པའི་མཛེས་རྒྱན་དུ་གེགས་མེད་བྱོན་ལེགས་དང་བཅས་ལེགས་གྲུབ་བྱུང་སྟེ།  མདོ་སྨད་རྡོ་སྦིས་ཀྱི་རྡོ་བརྩིགས་ཞེས་ག་ས་ཀུན་ཏུ་མཚན་སྙན་རྒྱས་མགོ་ཚུགས། དེའི་འཕྲོས་སུ། རང་ཡུལ་གཙོས་པའི་ཕྱོགས་སོ་སོའི་དགོན་སྡེ་གང་མང་གི་བཟོ་བཀོད་གཅིག་ལས་གཅིག་ལྷག་པ་བདེ་བླག་ངང་བཞེངས་པས་ཡག་ཐོག་ཡག་བརྩེགས་ཀྱི་གཏམ་སྙན་བརྗིད་ཅན་དུ་ཆགས། ལོ་དང་ཟླ་བ་དེ་དག་གི་རིང་། ལང་ཚོའི་གཉོམ་ལག་རྒྱས་བཞིན་པའི་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་གྱིས་མིང་གྲགས་ཆེ་བའི་མགོ་པ་བཀའ་དྲིན་ཅན་དེ་དག་གི་ཤེས་བྱ་ཡོན་ཏན་དང་བཅས་པར་ཉམས་མྱོང་གནད་སྨིན་དུ་ལེན་པའི་གོ་སྐབས་དམ་འཛིན་བྱས། 

   དེ་ལྟའི་མཚན་སྙན་གྲགས་དང་བློ་རིག་པ་རྒོད་པའི་མགོ་པ་དེ་དག་གི་ཐུགས་ཁུར་དང་བྱམས་སྐྱོང་འོག མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོ་ལོ་ངོ་དུ་མའི་རིང་ལ་རྡོ་བརྩིགས་ཀྱི་ལས་ཀར་ཆག་མེད་དུ་སོང་བ་དག་ནི། སྤྱི་ལོ༡༩༨༧ལོར་བླ་བྲང་དགོན་པར་ཚོགས་ཆེན་འདུ་ཁང་གི་གྱོ་ཐོག་མ་བཟོས་པ་དང་། སྤྱི་ལོ༡༩༨༨ལོ་ནས་བཟུང་རང་ངོས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་བསྐྲུན་པ་དང་། སྤྱི་ལོ༡༩༨༩ལོར་དཔོན་ཚང་སྲང་མགོའི་མཆོད་རྟེན་དཀར་པོ་བརྩིགས་པ་དང་། སྤྱི་ལོ༡༩༨༩ལོ་ནས༡༩༩༠ལོའི་བར་བིས་མདོ་དགོན་པར་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་བཞེངས་པ་དང་། སྤྱི་ལོ༡༩༩༡ལོ་ནས༡༩༩༤ལོའི་བར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་ཆུང་བརྩན་ཁང་བསྒྲུབས་པ་དང་།  གཞན་ཡང་།  རྡོ་སྦིས་གྲྭ་ཚང་དགེ་ལྡན་འཕེལ་རྒྱས་གླིང་གི་ཚོགས་ཆེན་འདུ་ཁང་གི་རྩིག་པ་བརྒྱབ་པ་བཅས་ཀྱིས་མཚོན་ནོ།།

辅导员瑟瑟.jpg

སྨིན་ཐང་དགོན་པས་ཕུལ་བའི་བཀའ་དྲིན་ཞུ་ཡིག

གསུམ་པ། རང་འགན་རང་ཁུར་གྱི་སྟ་གོན་བགྱིས་པའི་ཚུལ།

   སྤྱི་ལོ༡༩༩༥ལོ་ནས་བཟུང་། རྡོ་སྦིས་ཉིན་པའི་ཡར་མགོ་ཚེ་ལོ་དང་རྒན་རྒྱའི་མཁའ་འབུམ་བྱམས་གཉིས་ཀྱི་མཛུབ་སྟོན་འོག མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོས་ཆེས་ཐོག་མར་རྡོ་བརྩིགས་ཁ་མགོ་བའི་མིང་ཁུར་ཐོག  རང་ནུས་ཅི་ལྕོགས་སྒོས་རྡོ་བརྩིགས་ཨར་ལས་ཀྱི་ལས་གཞི་དངོས་སུ་མགོ་བཙུགས་ཤིང་། ལས་ཀའི་འགན་ཆ་ཚང་རང་སྟེང་དུ་བླངས་ཏེ་རང་འགན་རང་ཁུར་གྱི་ལམ་བུར་གོམ་པ་དང་པོ་སྤོ་བའི་སྟ་གོན་ཉེར་བསྡོགས་གྲུབ། དེ་ཡང་སྤྱི་ལོ༡༩༩༥ནས༡༩༩༦ལོའི་བར་གྱི་ལོ་གཉིས་རིང་། ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་སར་མ་ཨ་འཁོར་དགོན་པའི་ཚོགས་ཆེན་འདུ་ཁང་བཞེངས་པས་ལེགས་འགྲུབ་བླ་ན་མེད་པ་ཞིག་བྱུང་སྟེ། ཀུན་གྱི་ཡིད་སྨོན་དང་རྗེས་སུ་ཡི་རང་གི་ངོ་སོ་མི་དམན་པ་ཐོབ་པ་དང་ཆབས་ཅིག་ཏུ། བཀྲ་ཤིས་པའི་དགེ་མཚན་གྱི་རྟེན་འབྲེལ་མགོ་མ་མ་བསྒྲིགས་རང་འགྲིགས་སུ་སོང་། སྤྱི་ལོ༡༩༩༧ནས༡༩༩༨ལོའི་བར། ཁོ་རང་ཉིད་ཀྱིས་གཙོ་འགན་ཁུར་བའི་མིང་ཐོག་ནས། སྔ་ཕྱིར་བིས་མདོ་དགོན་ཆེན་གྱི་མགོན་ཁང་དང་འགྲེམས་སྟོན་ཁང་གཉིས་གསར་བཞེང་གནང་བ་དང་། སྤྱི་ལོ༡༩༩༩ནས༢༠༠༠བར། རྔ་བ་སྒོ་མང་གྲྭ་ཚང་དུ་གནས་ཆུང་བཙན་ཁང་བཞེངས་པའི་ཞར་ལ། སྙན་རྩེ་དགོན་པའི་བཀའ་འགྱུར་ལྷ་ཁང་གསར་བཞེང་གི་ལས་གཞིའང་གཅིག་ལྕོགས་སུ་གྲུབ་པས་མཚོན།   རང་འགན་རང་ཁུར་གྱི་འགན་ལྕི་མ་ལུས་ཆོས་དང་ཟང་ཟིང་གི་སྦྱིན་བདག་ཐམས་ཅད་ཡིད་ཚིམས་པ་དང་མགུ་གང་བའི་སྐྱེས་སུ་བསྟབས་པར་གྲགས།

  བཞི་པ། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས་རྒྱུའི་ཐུགས་དམ་དང་ཁས་ལེན་དམ་བཅའ།

   སྤྱི་ལོ༢༠༠༡ལོར། བིས་མདོ་དགོན་ཆེན་དུ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུ་ཚ་ཨ་ལགས་སྒར་བ་ངག་དབང་བཟང་བོ་མཆོག་གིས༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་རྫོགས་པ་དང་། མགོན་པོ་གང་གི་བླ་མེད་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ཞེས་པ་ཞིག་བསྟན་འགྲོ་དང་འཛམ་གླིང་ཞི་བདེའི་དགའ་སྟོན་དུ་གསར་བཞེངས་བྱ་རྒྱུའི་ཐུགས་འདུན་ལྟར། གངས་ཅན་ཁ་བའི་ལྗོངས་ཀྱི་རྡོ་བརྩིགས་ཁ་མགོ་བ་གང་མང་ཞིག་ལ་དངོས་བཅར་གྱིས་བརྩད་ཅིང་དྲིས་ཐོག སྟོང་གི་ནང་ནས་བརྒྱ་དང་། བརྒྱ་ཡི་ནང་ནས་བརྒྱད། བརྒྱད་ཀྱི་ནང་ནས་གཅིག་འདེམ་པའི་སྟ་གོན་ལ་ཞུགས་པའི་ཁྲོད།  མཇུག་མཐར་ཁོང་རྣམ་པ་ནས་ཐག་ཆོད་དང་བདམས་ཐོན་བྱུང་བའི་མགོ་པ་དང་པོ་དེ་ནི་རྡོ་སྦིས་ཉིན་པའི་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་རེད་འདུག དེ་ཡང་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོའི་སྔོན་བསགས་ཀྱི་ལས་དང་སྨོན་ལམ་གྱི་མཐུ་སྟོབས་ཁོ་ནར་ཟད་པ་ལས། རང་ངོས་ནས་འདི་ལྟ་བུའི་སྙན་གྲགས་ཅན་གྱི་མཆོད་རྟེན་ཞིག་བཞེང་རྒྱུའི་སྐལ་བ་མངོན་དུ་གྱུར་པ་ནི་སྲིད་པའི་མཐར་ཡང་དབེན་པ་སྨོས་ལྟ་ཅི་དགོས་མོད། འོན་ཏེ་གང་བསགས་སྔ་མའི་ལས་དང་བསོད་ནམས་ཐམས་ཅད་སྐྱེ་བ་འདིའི་རང་ཐོག་ཏུ་སྨིན་པ་འདྲ་བས། དགའ་བ་འབུམ་གྱིས་མྱོས་ཤིང་སྤྲོ་བ་བརྒྱ་འགྱུར་གྱིས་བརྟས་ཏེ། འདི་བཞིན་ཉིན་ཡང་བཀྲ་ཤིས་མཚན་ཡང་བཀྲ་ཤིས་ཤོག། ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག། ཅེས་མཆོད་རྟེན་ལེགས་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་ཚིག་གིས་སྔོན་བསུས་པ་དང་ཆབས་ཅིག་ཏུ། རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་པ་དང་།། མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་བ་དང་།། བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས།། མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་ཤོག།ཅེས་ཐུགས་བསྐྱེད་སྨོན་ལམ་དང་བཅས་མཆོད་རྟེན་གསར་བཞེངས་བྱ་རྒྱུའི་ཁས་ལེན་དམ་བཅའ་སྙིང་ཁོང་རུས་པའི་གཏིང་དུ་བརྐོས་པ་རེད། དེ་ལྟར་ཁོའི་ཨ་ཕ་མ་གཞིས་སུམ་པ་ཁབ་རྒོད་བསམ་གཏན་དང་། ཨ་ཁུ་མ་གཞིས་སུམ་པ་ཁབ་རྒོད་བློ་བཟང་རྣམ་རྒྱལ་གཉིས་ཀྱིས་ཀྱང་མཆོད་རྟེན་འདི་འདྲ་བ་གསར་བཞེངས་བྱ་རྒྱུ་ནི་ཚེ་འདི་ཕྱི་གཉིས་ཀར་ཕན་པའི་རྣམ་དཀར་དགེ་བའི་ལས་ཆེན་པོ་ཞིག་ཏུ་ཡང་ཡང་བསྒོམས་ཏེ། ལོ་ན་ཚོད་ཀྱིས་སྨིན་ནའང་ཕྱར་བ་གྲུ་འདེགས་དང་ཆར་བ་མེ་གྲོགས་ཀྱི་ཚུལ་དུ་སོ་སོ་ནས་རྡོ་བརྩིགས་ཁ་མགོ་པའི་འོས་འགན་ཅི་བབས་ཁུར་རྐྱང་བྱས་པ་རེད། དེར་མ་ཟད། མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོའི་ཤ་ཉེ་རིང་དང་བཟང་ས་རྒྱན་ས། ཁ་ཡ་ན་ཟླ་སོགས་སྡེ་མི་གོང་འོག་བར་གསུམ་ནས་ཀྱང་ཐུགས་ཁུར་ཟོལ་མེད་དང་རྒྱབ་སྐྱོར་བླ་མེད་བྱས་པར་བརྟེན། སྤྱི་ལོ༢༠༠༤ལོའི་ཟླ༢པའི་ཚེས༡༡ཉིན་བཀྲ་ཤིས་སྒོ་མང་མཆོད་རྟེན་ཉིད་བཞེང་བའི་སྟ་གོན་དངོས་སུ་ཚུགས་ཐུབ་པར་གྱུར། 

啊啊啊啊.jpg

54533亲.jpg

འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས་བཞིན་པ། 

མཆོད་རྟེན་འདིའི་མཐོ་ཚད་ལ་སྨི༦༠དང་ཞེང་ལ་སྨི༥༧མཆིས་ཤིང་། མཆོད་རྟེན་གྱི་བཀོད་པ་ཡོངས་ཕྱི་ནང་བར་གསུམ་དུ་ཕྱེ་ཡོད་པའི་ནང་དུ་བང་རིམ་ལྔ་དང་ཕྱི་རུ་ལྷ་ཁང་གི་སྒོ་མོ༡༠༨། ལྷ་ཁང་ཆེ་ཆུང་བསྡོམས་པས༡༢༨བཅས་འཆར་ཅན་དུ་བཀོད། ནང་རྟེན་ལ་སྐུ་བརྙན་ཆིག་ཁྲི།བཀའ་བསྟན་གཙོས་གླེགས་བམ་གྱི་གསུང་རབ་ཁྲི་ཕྲག་བཅས་བཞུགས་སུ་གསོལ་ཡོད། མཇུག་མཐར། བཟོ་ལས་ལ་དུང་བའི་དད་ལྡན་རྣམ་པས་ཉིན་རེ་ནས་ཉིན་རེར་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་། རང་རང་གི་ལག་རྗེས་རྐང་རྗེས་ཀྱི་རྔུལ་ཆུ་དང་ཤ་ཁྲག་སྙིང་རུས་ཀྱི་འབད་རྩོལ་ལ་བརྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་རྡོ་བརྩིགས་ལས་གཞི་རྒྱ་ཆེན་པོ་དེ་མི་ལོ་ཧྲིལ་བོ༡༢རིང་གི་དུས་ཚོད་གྲོན་པ་བརྒྱུད་ཡོངས་སུ་ལེགས་གྲུབ་བྱུང་བ་རེད། བཀྲ་ཤིས་སྒོ་མང་མཆོད་རྟེན་ལེགས་གྲུབ་བྱུང་རྗེས་སུའང་།  མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོས་མུ་མཐུད་དུ་ལོ་འགའ་ཤས་ལ་མཆོད་རྟེན་གཡས་གཡོན་གྱི་གྱང་བརྩིགས་དང་མདུན་གྱི་ར་བ། སྒོ་ཆེན་སོགས་ཀྱི་ལས་འཕྲོ་རྒྱུན་བསྐྱངས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་རྫོགས་ཚིག་ཡོངས་སུ་བཀོད། 

         牛好感动.jpg

    མདོ་སྨད་བུས་མདོ་མཁར་གྱི་སྒོ་ཆེན། 

ལྔ་པ།  འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ལེགས་གྲུབ་མཛད་སྒོ་དང་རབ་གནས།

   བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་གསུངས་པ་ལྟར། ཕོ་བྲང་དང་ལྷ་ཁང་དང་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པ་དག་དང་། རབ་གནས་བྱེད་པ་སོགས་ཀྱི་ཕན་ཡོན་ནི་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་ནས། ཚེ་འདིར་བཀྲ་ཤིས་ཀུན་ལྡན་ཞིང་། བླ་མེད་འབྲས་བུ་འཐོབ་ཅེས་བཀའ་སྩལ་པ་བཞིན། ད་རེབ་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་བཞེངས་པ་གྲུབ་རྗེས་སུ། སྐྱེས་ཆེན་དམ་པ་རྣམས་ཀྱིས་ལེགས་གྲུབ་ཀྱི་རབ་གནས་གནང་བའང་དགེ་བའི་ངོ་བོར་འགྲོ་བ་ཇི་ལྟ་དེ་ལྟར། སྤྱི་ལོ༢༠༡༦ལོའི་ཟླ༧པའི་ཚེས༡༠ཉིན། རྒྱལ་ཁབ་ཕྱི་ནང་དང་བོད་ཡུལ་སྟོད་སྨད་བར་གསུམ་ནས་ཡོང་བའི་བླ་སྤྲུལ་དང་བཤེས་གཉེན་ཆེ་ཁག་མང་པོ་དཀྱིལ་འཁོར་གཅིག་ཏུ་གདན་འཛོམས་ཐོག འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་འགྲུབ་སྟོན་གྱི་ཡོ་ལང་རྒྱ་ཆེར་བསྒྲུབས་པ་དང་།  རབ་གནས་ཀྱི་ཆོ་ག་མ་ལུས་ཀྱང་ཚད་ལྡན་ལྟར་དུ་གནང་བར་ངེས།  

 v 公司的.jpg

མཆོད་རྟེན་ལེགས་གྲུབ་བྱུང་རྗེས་ཨ་ལགས་སྒར་བ་ངག་དབང་བཟང་བོ་དང་ལྷན་དུ་བསྐྱོན་པའི་རྗེས་དྲན་འདྲ་པར། 

དྲུག་པ།  མུ་མཐུད་དུ་གསར་བཞེངས་བྱེད་པའི་རྡོ་བརྩིགས་ཨར་ལས་ཀྱི་སྐོར།

   སྤྱིར་ན་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོས་མི་ལོ་དུ་མར་དཀའ་སྡུག་རབ་དང་རིམ་པ་མྱངས་པས་ད་ནི་གཟུགས་པོའི་བདེ་ཐང་ཡང་ཉིན་བཞིན་ཇེ་རྡུགས་སུ་སོང་སྟེ་ལུས་ཁམས་གསོ་བཅོས་ཀྱི་ཚད་ལ་སླེབས་མོད་ཀྱི། འོན་ཏེ་ཕྱོགས་གཞན་ནས་ཡོང་བའི་བླ་མ་དང་དགོན་པ་སོགས་ཀྱིས་སོ་སོའི་ལྷ་ཁང་གསེར་ཁང་བཞེང་དགོས་པའི་འབོད་སྐུལ་ཡང་ཡང་གནང་བར་བརྟེན། ཁོ་རང་ངོས་ནས་དེ་དག་གི་ངོ་བཟློག་མ་ཐུབ་པ་དང་གཅིག  དད་འདུན་གྱིས་ཀུན་ནས་བསླངས་པ་དང་གཉིས་ཀྱིས་རེ་བ་སྟོང་ཟད་དུ་མ་བཏང་བར་གསར་བཞེངས་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཇི་བཞིན། སྤྱི་ལོ༢༠༡༣ནས༢༠༡༤ལོའི་བར། མགོ་ལོག་གཅིག་སྒྲིལ་རྫོང་ཁང་སར་སྨིན་ཐང་དགོན་པའི་ཚོགས་ཆེན་འདུ་ཁང་བཞེངས་པ་དང་། སྤྱི་ལོ༢༠༡༤ནས༢༠༡༨ལོའི་བར། བིས་མདོ་དགོན་ཆེན་གྱི་ལྷ་ཁང་གསེར་ཁང་གི་ཕྱི་ནང་དང་། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་མདུན་སྒོ་ཆེན་མོ་དང་གཡས་གཡོན་གྱི་ཕྱི་ར་ནང་ར་ལས་ཞོར་དུ། མཚོ་ལྷོ་འབའ་རྫོང་གསེར་ལག་དགོན་པའི་ཚོགས་ཆེན་འདུ་ཁང་ཡང་གསར་བཞེང་གི་རྨང་རྡོ་བཙུགས་ཏེ། སྤྱི་ལོ༢༠༡༨ལོའི་ཟླ༩པའི་ནང་གེགས་མེད་བདེ་བླག་དང་བཅས་ཡོངས་སུ་མཇུག་བསྒྲིལ་པའི་མཛད་སྒོའི་སྟེང་། བོད་རང་གི་ལུགས་སྲོལ་ལྟར་དགོན་པ་སྤྱི་གཞུང་ནས་ཨ་ཤེ་དཀར་པོ་སྲིད་དུ་རིང་བ་ཞིག་དང་གྱི་ལིང་རྟ་མཆོག་མིག་ལ་བརྗིད་པ་ཅན་གཅིག་གིས་སྔོན་བསུས་ཐོག ལེགས་སོའི་གཏམ་དང་གསོལ་རས་སྤམ་མཐོ་བར་གནང་བ་འདི་ཡང་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་ཁོ་སོ་སྐྱེ་ཕལ་བ་ཞིག་གི་བྱས་རྗེས་གང་འགབ་དེའི་མཚོན་བྱེད་ཁོ་ནར་འགྲོ་སྲིད་དོ།།

བདུན་པ། འཛམ་གླིང་ཅི་ཉི་སིའི་མཚན་སྙན་བསྒྲོན་པ།

   འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་དེར།   སྤྱི་ལོ༢༠༡༧ལོར་ཧྲང་ཧའེ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་སྤྱི་ཁྱབ་པུའུ་ནས་ཞིབ་དཔྱད་དང་རྩད་བསྡུར་གང་མང་བརྒྱུད་མཐར། སྤྱི་ལོ༢༠༡༨ལོའི་ཟླ༡པོར་འཛམ་གླིང་ཆེན་མོ་ཅི་ཉི་སིའི་ཡང་རྩེ་སྟེ། བོད་ལུགས་མཆོད་རྟེན་གྱི་བཀོད་པ་ཆེས་མཆོག་ཏུ་གྱུར་པ་ཞེས་པའི་མཚན་སྙན་བསྒྲོན་པ་གཞིར་བྱས། ཀྲུང་གོའི་བོད་ལུགས་མཆོད་རྟེན་ཆེས་ཆེ་ཤོས་ཀྱི་གཟི་བརྗིད་དཔང་ཡིག་ཀྱང་དངོས་སུ་སྤྲད་གནང་བ་རེད། འཛམ་གླིང་ཆེན་མོ་ཅི་ཉི་སིའི་མཚན་སྙན་བསྩལ་པ་འདི་ཡང། འཛམ་གླིང་ལོ་རྒྱུས་ཁྲོད་བོད་རང་གི་ལག་ཤེས་བཟོ་རྩལ་གྱི་ཤེས་བྱ་ཞིག་མངོན་ཐུབ་པ་དང་། བོད་རང་གི་ལག་ཤེས་བཟོ་རྩལ་གྱི་ལོ་རྒྱུས་དན་རྟགས་མི་ཉམས་པ་ཞིག་འགོད་ཐུབ་པའི་རྒྱུ་མཚན་ཁོ་ནར་ངེས་སོ།།

积极举报你呢.jpg

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ཚ་ཨ་ལགས་སྒར་བ་ངག་དབང་བཟང་བོ་མཆོག་དང་མཉམ་དུ། 

反反复复.jpg

མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་དང་འཛམ་གླིང་ཆེན་མོ་ཅི་ཉི་སིའི་མཚན་སྙན་ཐོབ་པའི་དཔང་ཡིག

   སྔ་དུས་སུ་བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་སྨད་དུ་རང་གི་བཟོ་བཀོད་དང་ཚོན་རྩི་སྦྱར་བར་བརྟེན། ལྷ་ཁང་དང་མཆོད་རྟེན་མང་པོ་ཞིག་བཞེངས་སྐད་དུ་ཐོས་པ་ཇི་བཞིན། ད་རེབ་ཀྱང་མདོ་སྨད་ཡ་རྫི་རྫོང་ཁོངས་ཀྱི་ཆོས་དད་པ་གཉིས་ཀྱིས་ལོ་རྒྱུས་དེབ་ཐེར་དུ་ཡང་བསྐྱར་ཟིན་ཐོ་གསར་བ་ཞིག་གི་རྟིང་མ་ཁ་སྣོན་བྱས་པ་ནི།  འདིར་དོན་གྱིས་དམིགས་སུ་བཟུང་ན༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་ཚ་ཨ་ལགས་སྒར་བ་ངག་དབང་བཟང་བོ་མཆོག་དང་། མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་གཙོས་ས་ལྕགས་ཁེམ་གང་ཡན་ཆད་ཀྱི་ཐེབས་དང་དཀར་ཐིགས་འབུལ་མཁན་ཡོངས་ཀྱི་བཀའ་དྲིན་སྐུ་དྲིན་ལས་གཞན་སུ་ཞིག་མཆིས། ཇི་སྐད་དུ། བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་ཡ་གྱལ་དུ་ཡོད་པའི་ཆོས་འཁོར་མཆོད་རྟེན་ཆེན་མོའམ་བཀྲ་ཤིས་སྒོ་མང་མཆོད་རྟེན་འདི་ནི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན་དུ་གྲགས་པ་ལྟར། དུས་དེ་རིང་གངས་ལྗོངས་འཛིན་མའི་ཁྱོན་ཡངས་པོར་ཡང་གཅིག་ཆོས་སྒྲ་ལྷང་ལྷང་དུ་གྲག་པ་ཡང་རང་རིགས་རྣམས་ལ་མཚོན་ན་ཆེས་དགའ་འོས་པ་ཞིག་དང་ཆེས་སྤོབས་པ་བསྐྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་མ་ཟད། ཁོང་རྣམ་པར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཞུས་ན་འབབ་ཅིང་། ཅི་ནས་ཀྱང་ཞུ་དགོས་པར་མཐོང་ངོ་།།མཐར་མགོན་པོ་གང་གིས་ཐུགས་བརྩེ་བའི་སྒོ་ནས་སྐུ་ཚ་ཨ་ལགས་སྒར་བ་ངག་དབང་བཟང་བོ་མཆོག་དང་རྡོ་བརྩིགས་ཁ་མགོ་བ་མ་གཞིས་སུམ་པ་ཁབ་རྒོད་བཀྲ་ཤིས་རྒྱལ་གཙོས་པའི་ལས་བཟོ་པ་རྣམས་སྤྱན་དཀྱུས་ལས་མི་འདོར་བར་བྱིན་གྱིས་རློབ་པ་དང་། མ་འོངས་པར་ཡང་ཐུགས་བརྩེ་བའི་སྒོ་ནས་རྗེས་སུ་བཟུང་སྟེ། བྱ་བཞག་ཐམས་ཅད་རྣམ་དཀར་དགེ་བའི་ལས་སུ་ཡར་ངོའི་ཟླ་ལྟར་འཕེལ་བར་གྱུར་ཅིག དགེའོ།། 

   བོད་རྒྱལ་ལོ༢༡༤༥རབ་གནས་ས་ཁྱི་ལོའི་ཟླ༡༠པའི་ཚེས༢༥དང་། སྤྱི་ལོ༢༠༡༨ལོའི་ཟླ༡༢པའི་ཚེས༠༢ཉིན། དགའ་ལྡན་ལྔ་མཆོད་ཀྱི་དུས་ཁྱད་པར་བ་དང་བསྟུན།  འདིར་བྲིས་ཡི་གེ་འབྲུ་གཅིག་ཡན་ཆད་ཀྱང་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པར་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་བའི་སྨོན་ལམ་དང་བཅས་ཕུལ་པ་དགེའོ།། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།