ཀྲུང་གོ་བོད་ཀྱི་དྲ་བ།

ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་མཇལ་སྐོར་དུ་ཕྱིན་པའི་རེག་ཟིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མགོ་ལོག)ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2017-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

36.jpg

ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ལྷ་ཁང་།

མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་གནས་པའི་མགོ་ལོག་ཁང་སར་ཡུལ་དུ་འཚོ་བ་རོལ་ཏེ་ལོ་ངོ་ཉེར་ལྔར་ཉེ་ན་ཡང་།ཁད་ཉེ་བའི་རྔ་བ་རྫོང་ལ་མཁོ་དངོས་རྩག་རྩིག་ཉོ་རུའམ་ཆེད་དུ་བཟའ་བཏུང་དང་རྩེད་འཇོར་རོལ་ཏུ་གྲངས་ཀྱིས་མི་ཟིན་པ་ཞིག་སོང་བ་ལས།རྔ་བ་ཁུལ་གྱི་ཁོངས་ན་བཞུགས་པའི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོར་མ་མཇལ་ད་རེག་ཏུ་ལུས།ཕལ་ཆེར་ང་དང་ང་ལྟ་བུ་གཞུང་ལས་ཁང་ངམ་ཁྱིམ་ཕུག་ཏུ་འཕྱི་བ་སྒོང་སྒོང་ལྟར་སྡོད་རྒྱུར་ལོབས་པའི་སྒྱིད་ལུག་ཅན་རེ་འགའ་ལས་ས་འདིའི་མི་མང་པོ་ཞིག་ཐུགས་རྗེ་ཆེན་པོ་ལ་ལན་གཅིག་མིན་པར་མཇལ་སྐོར་དུ་སོང་བ་རྒྱུན་དུ་རྣ་ཐོས་སུ་འབྱུང་བཞིན་ཡོད།ལྷག་ཏུ་རྐང་ཐང་ལ་དཔག་ཚད་དུ་མས་ཆོད་པའི་གནས་ཆེན་དེར་མཇལ་ཕྱག་ཏུ་སོང་བ་ཐོས་ཚེ།ཡིད་ལ་ངོ་མཚར་དང་དད་དུངས་ཟབ་མོ་ཞིག་ངང་གིས་འཕེལ་བར་བྱས་པའི་མོད་ལ།རང་ཉིད་ཐག་མི་རིང་བའི་ས་ན་ཡོད་བཞིན་དུ་ད་དུང་ཞལ་མཇལ་མ་ཐུབ་པ་ལ་ཕངས་སེམས་ཆེན་པོ་ཞིག་སྐྱེས།དེ་བས་ཆུང་མས་མོ་དང་མོའི་གྲོགས་མོ་དང་གྲོགས་མོའི་མ་རྒན་བཅས་ཐུགས་ཆེན་ལ་མཇལ་དུ་འགྲོ་རྒྱུ་བྱས་ཡོད།ཁྱོད་འགྲོའམ་ཞེས་དྲིས་པ་ན།ངས་ཀྱང་འགྲོ་འདོད་ཡོད་ཚུལ་མོ་ལ་བཤད།ཏག་ཏག་ཆུང་མས་དེ་ལྟར་འདྲི་སྐབས།རྒྱ་ཡི་ཟླ་མཆོད་དུས་ཆེན་ལ་ཡང་བསླེབ་ལ་ཉེ་བས།ངས་གཏན་འཁེལ་གྱི་ངལ་གསོའི་གནང་བ་འདི་བེད་སྤྱད་དེ་ཕྱི་རུ་མཇལ་སྐོར་དུ་འགྲོ་རྒྱུ་སེམས་ཐག་བཅད་པ་ཡིན།

ཟླ9པའི་ཚེས14ཉིན་གྱི་ཞོགས་པ་ནམ་གསལ་བ་དང་ང་ཚོ་ལམ་ལ་ཆས་པ་ཡིན།ཆུང་མའི་གྲོགས་མོས་རང་གི་མ་རྒན་ལས་གཞན་མོའི་ལོ་ན་བཞི་ལྔ་ཙམ་གྱི་བྱིས་པ་ཡང་ཁྲིད་འདུག (ཕལ་ཆེར་མོ་ལམ་ལ་ཆས་ཁར་བྱིས་པ་ཡུལ་ནས་བསྐྱུར་བར་བློས་མ་ཆོད་པས་རྗེས་སུ་འཁྲིད་རྒྱུ་གློ་རྡེག་ཏུ་སེམས་ལ་དྲན་པ་འདྲ་སྟེ།འདིའི་སྔོན་ལ་བྱིས་པ་མཇལ་སྐོར་དུ་འཁྲིད་རྒྱུ་གླེང་མ་བྱུང་།)ང་ཚོ་རྒན་དར་ཆུང་གསུམ་མི་ལྔ་བོ་གླ་འཁོར་ཞིག་ལ་བསྡད་དེ་རྔ་བའི་ཕྱོགས་སུ་བཞུད་པ་ཡིན།སྤྱི་ལེ་ལྔ་དྲུག་ལྷག་བརྒལ་བ་ན་གསའ་ཆུའི་ཕར་ངོགས་ཀྱི་ཉིན་དུ་ཆགས་པའི་མགོ་ལོག་ཁང་སར་ཉིན་ཡོས་དགོན་མིག་ལམ་དུ་མངོན་བྱུང་།མཇལ་སྐོར་འགྲོ་རོགས་བགྲེས་མོ་འདི་ཐེངས་དང་པོར་མགོ་ལོག་ཏུ་ཡོང་བ་ཡིན་པས།ས་འདི་ལ་ཆ་རྒྱུས་གང་ན་ཡོད།ཆུང་མས་ཉིན་ཡོས་དགོན་སྟོན་བཞིན་དགོན་པའི་མིང་དང་།བླ་བྲང་དགོན་པའི་དགོན་ལག་ཅིག་ཡིན་ཚུལ་བགྲེས་མོ་དེ་ལ་ངོ་སྦྱོར་བྱས་བྱུང་།དེ་ནས་ཡུད་ཙམ་སོང་བ་དང་།མར་གྲོད་རིལ་གཅིག་གྲིས་བཅད་པ་ལྟ་བུའི་རྔ་བ་དང་གཅིག་སྒྲིལ་བར་གྱི་ས་མཚམས་དེ་འཇེབ་འཁོར་དེས་ཚེགས་ཡང་བའི་ཁྱིམ་བདག་མ་ཞིག་གི་ཡང་ཟོར་རྡོག་པས་རྒྱ་སྒོའི་མ་ཐེམ་བརྒལ་བརྒལ་གྱིས་དངོས་སུ་རྔ་བའི་མངའ་ཁོངས་ཀྱི་རི་ལུང་ཁྲོད་དུ་ཞུགས།ལམ་ངོས་སྙོམས་ལ་བདེ་བ་དང་།དཀྱོགས་དང་ཁུག་ཉུང་བས་ཅང་མ་འགོར་བར་རྔ་བའི་རོང་ཁུལ་དུ་ཉེ་བྱུང་།ཐོག་མར་ཞིང་བར་གྱི་ས་ཡི་མཁར་གྱང་མཐོན་པོ་དང་ས་གྱང་མཐོན་པོས་བསྐོར་བའི་རྩེག་གཉིས་ནས་གསུམ་ཅན་གྱི་ཤིང་གི་ཁང་བཟང་དེ་དག་བདེ་མོ་ཐང་ན་ལྷམ་མེར་གནས་པ་མིག་ལམ་དུ་མངོན།མཚོ་སྔོན་རོང་ཁུལ་གྱི་སྡོད་ཁང་དག་དང་མི་འདྲ་བ་ནི་རྔ་བའི་སྡོད་ཁང་ཕལ་ཆེ་བ་རྩེག་རིམ་ཅན་དུ་བསྐྲུན་ཡོད་ལ།རྒྱུ་ནི་ཤུག་པ་ལས་གྲུབ་པ་མང་ལ།མཚོ་སྔོན་རོང་ཁུལ་གྱི་ཁང་པ་མང་ཤོས་ཁང་ལེབ་ཅན་ཏེ་རྒྱུ་གསོམ་ཤིང་གིས་གྲུབ་པ་ཤས་ཆེ།རྨ་ཀླུང་རྒྱུད་ཀྱི་རོང་པའི་གཞིས་ཁང་གི་མཁར་སྟེང་ན་ཆ་མ་བརྩིགས་པ་མང་དུ་མཐོང་མོད།རྔ་བའི་རོང་ཁུལ་གྱི་མཁར་སྟེང་ན་ཆ་མ་བརྩིགས་པ་མ་མཐོང་།འདི་ནི་གཉིས་ཀའི་མི་འདྲ་ས་ཡིན་མོད།གཉིས་ཀར་ཐུན་མོང་དུ་འཛོམས་པ་ནི་ཁང་ཀླད་དམ་མཁར་སྟེང་།སྒོ་ཁ་ན་རླུང་གིས་སྐྱོད་པའི་དར་ལྕོག་དང་དར་མོ་ཆེ་ཡིན་པས།བོད་པ་སུས་མཐོང་ན་རྒྱུས་ཡོད་སྙིང་ཉེ་ཞིག་ཅི་ལ་མིན།ང་ཚོ་ལམ་བརྒྱུད་དེ་འགྲོ་སྐབས་སྟོན་མཇུག་ལ་ཁེལ་བས།ནས་ཞིང་ནས་བརྔ་བསྡུ་བྱས་ཚར་ཏེ།མཁར་ཐོག་ན་ནས་ཤོག་འགའ་རེ་སྤུངས་ཡོད་པ་མཐོང་།ཡང་སྲན་ཞིང་ན་ཞིང་པ་འགའ་རེས་སྲན་མ་བཏོག་སྟེ་འགྱིག་སྒྱེ་རུ་བླུགས་ཤིང་།དེ་ནས་ཞིང་ཁར་ཁྱེར་ཡོང་སྟེ་སྔོ་ལམ་མེར་ཤོག་སྒམ་རེ་རེའི་ནང་དུ་འཇུག་པར་བལྟས་ན།ཁྱིམ་གྱི་འབྲུ་ཡི་བང་བར་མི་སྤུངས་པར་ཞིང་ཁ་ནས་ཐད་ཀར་དུ་ཕྱི་ཚོང་བྱེད་བཞིན་ལོས་ཡོད་སྙམ།སྲན་མ་བཏོགས་ཚར་བའི་ཞིང་ནང་དུ་རྟ་དང་མཛོ་མོ་སོགས་སྲན་རྩྭ་སྔོ་ལོ་ལ་བཀྲམ་འདུག འདི་ཡང་ངའི་ཕ་ཡུལ་དང་མི་མཚུངས་ཏེ།ངའི་ཡུལ་མི་ཚོས་གྲོ་ཤོག་དང་ནས་ཤོག སྲན་ཤོག་སོགས་བསྡུས་ཏེ་གཡུལ་ཁར་སྤུངས་རྗེས་གཞི་ནས་སྒོ་ཟོག་སོག་མར་རྒྱག་པ་ཡིན།རྔ་བའི་སྟོན་བསྡུ་ནི་དེ་འདྲའི་དལ་ལྷོད་ཆེ་ལ།ངའི་ཕ་ཡུལ་གྱི་སྟོན་བསྡུ་ནི་དེ་ལྟར་མ་ཡིན་པར་ཟེད་ཟེད་ལིང་ལོང་གི་བྲེལ་འཚུབ་ཆེ།དེ་བས་ངའི་ཕ་ཡུལ་དུ་སྟོན་ལངས་ནད་པ་ཁྱིམ་དུ་འདུག་ཁོམ་མེད་ཅེས་པའི་བཤད་སྲོལ་དེ་བྱུང་བ་རེད།ཡང་ང་ལ་ཅུང་ཙམ་གསལ་བ་ནི་རྔ་བའི་རོང་པ་ཚོས་དཔྱིད་དུས་རྨོ་འདེབས་བྱས་ཚར་རྗེས།སྔོ་ས་ལ་བུད་པ་དང་།བཟའ་མི་དང་རུ་སྐོར་གཅིག་གི་ཡུལ་མི་ཚོ་སྐོར་དང་ཁྱུ་བྱས་ཏེ།མགོ་ལོག་སོགས་སུ་དབྱར་རྩྭ་དགུན་འབུ་རྐོ་རུ་འགྲོ་བ་དང་།དབྱར་རྩྭ་བརྐོས་ཚར་ཏེ་ཟླ་གཉིས་ཙམ་སོང་བ་དང་།ཡང་སྐོར་དང་ཁྱུ་བྱས་ཏེ་སྙི་བ་རྐོ་རུ་འགྲོ་བ་རེད་ལ།ཁོ་ཚོ་མི་འགའ་ཞིག་གིས་དབྱར་རྩྭ་དང་སྙི་བ་བཙོངས་པའི་ཡོང་འབབ་དེ་ཁྱིམ་འཁོར་བའི་འགྲོ་སོང་ཙམ་ལ་མི་གཏོང་བར།དེ་ཉིད་མ་རྩར་བཟུང་སྟེ་ཚོང་གཉེར་བ་རེད་ཅེས་གོ།རྔ་བ་རུ་གནའ་ནས་བཟུང་བརྗེ་རེས་ཉོ་ཚོང་དར་བ་ཡིན་ལ།མི་རབས་ཕྱི་མ་ཚོས་ཀྱང་ཕ་མེས་ཡང་མེས་རིང་གི་ཚོང་གཉེར་སྲོལ་རྒྱུན་བསྐྱངས་པས།ད་ལྟ་ཡང་བོད་ཁམས་ཡོངས་ལ་རྔ་བའི་ཚོང་པ་ཞེས་པའི་མིང་གི་གྲགས་པ་འབྲུག་བཞིན་ལྡིར་གྱིན་མཆིས།ང་ཚོ་དེ་ལྟར་ཞིང་བར་དུ་འཐེན་པའི་གཞུང་ལམ་བརྒྱུད་དེ་སོང་གིན་སོང་གིན་ས་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་འདུག་ལ།ལུང་ཁ་ཕྱོགས་བཞིར་ཐད་ཀྱིས་བརྒྱངས་ཏེ་འཁོབས་ཆེ་བས་ལྟ་བའི་མི་ལ་ཡང་བློ་ཁོག་ཆེ་རུ་བསྐྱེད་པའི་བདེ་བ་དང་སྐྱིད་སྣང་ཟད་མི་ཤེས་པ་ཞིག་སྟེར།ངའི་བསམ་པར་ས་ཁ་ཡངས་འཁོབས་ཡངས་འདིས་རྔ་བ་ཚོ་ལ་ཡང་མིག་རྒྱང་རིང་ཞིང་བློ་ཁོག་ཡངས་པ་ཞིག་བསྩལ་སོང་བ་རེད་སྙམ།ཅི་ལ་ཞེ་ན་རྔ་བ་ཚོས་ཕྱི་ཚོང་ནང་ལ་བཀུག་སྟེ་ཁྱིམ་གྱི་སྟོབས་འབྱོར་སྤེལ་བ་ཙམ་དང་རུ་སྡེ་གཅིག་པུའི་ཁོག་དཔུང་རྩོད་པ་ཙམ་དུ་མི་ལུས་པར།ཚོང་པ་ཚོ་དཔུང་རྡང་བསྒྲིགས་ཏེ།འཁོས་ཆུང་གི་ལག་ནས་འཇུས་ཤིང་རྒྱབ་ནས་བསྐྱོར་ཏེ།ཚང་མ་མཉམ་དུ་ཡར་རྒྱས་སུ་སྐྱོད་པར་བསྐུལ་བར་མ་ཟད།སྤྱི་དང་ཐུན་མོང་གི་ལས་ཀར་ཡང་མཐུན་རྐྱེན་སྦྱོར་བཞིན་པ་ཡང་ང་ཚོས་མིག་གིས་མཐོང་ཞིང་རྣ་ཡིས་གོ་བཞིན་པ་དེའོ། །ནམ་རྒྱུན་རྔ་བར(བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི《འཛམ་གླིང་རྒྱས་བཤད》དུའང་རྔ་བའི་ཡུལ་གྲུ་འདི་བོད་ཀྱི་ཡུལ་སྡེ་ཆེན་པོ་ཞིག་ཏུ་བགྲང་འདུག་པ་མཐོང)འགྲོ་ཐེངས་རེར་ང་རང་ སྨོན་པ་ཤོར་བ་ལས་གཞན་རང་ཅག་བོད་པ་ལ་ཡང་ཡིད་ཆེས་ཤིག་དབང་མེད་དུ་སྐྱེ་བཞིན་འདུག་ལ།དེ་རིང་གནས་མཇལ་དུ་འགྲོ་བའི་ལམ་བར་དུ་ཡང་ཡིད་སེམས་དབང་མེད་དུ་གཡོས་བྱུང་།རྒྱ་སྟོད་ཡུལ་ཚོ་བརྒལ་བ་ན་ས་ཁོད་སྙོམས་ཤིག་ཏུ་ཆགས་པའི་སྒོ་མང་དགོན་པ་མཐོང་ལམ་དུ་ལྷང་ངེར་ མངོན།ཆུང་མས་སྔར་བཞིན་འགྲོ་རོགས་ལོ་ལོན་ལ་དགོན་པའི་མིང་དང་བླ་བྲང་དགོན་པའི་བུ་དགོན་ཡིན་ཚུལ་སོགས་མཚམས་སྦྱོར་བྱས་བྱུང་།དེ་དང་ཁད་ཉེ་བའི་ཀིརྟི་དགོན་གྱི་མཐའ་དང་མདུན་རོལ་དེང་རབས་བཟོ་བཀོད་དག་གིས་ཅུང་བསྒྲིབས་འདུག་པས།ཆུང་མས་ཨ་ཡེ་ལོ་ལོན་ལ་དགོན་པའི་མིང་ཙམ་ལས་ལག་པས་གསལ་པོ་ཞིག་སྟོན་མ་ཐུབ།དུས་ཚོད་གཅིག་ལྷག་འདས་རྗེས་ང་ཚོ་རྔ་བའི་རྫོང་མཁར་དུ་སླེབས་བྱུང་།རླངས་འཁོར་ས་ཚིགས་སུ་སླེབས་པ་ན་སྔ་དྲོའི་དུས་ཚོད་བརྒྱད་ཡོལ་འདུག འབར་ཁམས་སུ་འགྲོ་བའི་རེས་འཁོར་ནི་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུ་ཐོག་མ་གཏོགས་མི་གཏོང་བ་ཤེས་པས།ང་ཚོ་སྔ་གཏོང་འགྲུལ་འཁོར་དེའི་རྗེས་སུ་མ་ཆོད་པར་ཕངས་པ་དང་བྲེལ་བ་ཕྲན་བུ་ཞིག་སྐྱེས་མོད།བདེ་འཇགས་གཙོ་བོར་སྒོམ་བཞིན་དུས་ཚོད་གཉིས་རིང་ལ་དེ་རུ་ངང་སྒུག་བྱས།རེས་གཏོང་གི་དུས་ཚོད་ལ་ལྷགས་པ་ན།འགྲུལ་འཁོར་དུས་ལྟར་བཏང་བྱུང་།ང་ཚོ་ཡང་མུ་མཐུད་དུ་ལམ་ལ་ཆས་ཤིང་རྔ་སྨད་ཕྱོགས་སུ་བསྐྱོད་པ་ཡིན།ཅུང་ཙམ་སོང་བ་ན།གསོམ་ཤིང་གིས་ཁྱབ་པའི་ནགས་རི་མང་པོ་གཅིག་འཕྲོར་གཅིག་ཀུན་གྱི་མིག་ལམ་དུ་མངོན་བྱུང་།རི་སྐེད་ཀྱི་ནགས་དེ་དག་མཐོང་བ་ན།བྱ་བར་ཞུགས་མ་ཐག་གི་ལོ་དེ་དག་ལ་དེང་སང་ལྟར་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས།ང་དང་རྫོང་ཁག་གཅིག་ན་བྱ་བ་སྒྲུབ་བཞིན་པའི་ངོ་ཤེས་ཚོ་ལམ་འདི་བསྐོར་ཏེ་མགོ་ལོག་ཏུ་བསྐྱོད་པའི་རྣམ་པ་དེ་མིག་ལམ་དུ་ཤར་བྱུང་།བགྲང་བྱ་ཉི་ཤུ་འདས་པའི་དེ་རིང་ཡང་བསྐྱར་ལུང་གཞུང་དང་རི་སྐེད་གང་སར་འཁྲིགས་པའི་ནགས་ཚལ་དེ་དག་མཐོང་བ་དང་། ལོ་ཟླ་ནི་སྐད་ཅིག་སྐད་ཅིག་འདས་པ་ལ་རྨི་ལམ་ལྟ་བུའི་འཁྲུལ་སྣང་ཞིག་ང་ལ་སྐྱེས།གདོད་མའི་ནགས་ཚལ་ལ་བལྟས་ཀྱིན་བལྟས་ཀྱིན་དལ་ཙམ་ལ་རླངས་འཁོར་གྱི་ལྡིར་སྒྲ་དང་ནང་གི་མི་དག་གི་ཁ་བརྡའི་ཟིང་ཆ་དག་བརྗེད་དེ།རྒྱང་རིང་དབེན་པའི་གནས་ཀྱི་ལྷིང་འཇགས་ཤིག་དབང་པོས་ཚོར་ཐུབ་ལ།ནགས་གསེབ་ཀྱི་ཁང་ཆུང་ཐོ་རེ་བ་དག་མཐོང་མུར།དབེན་གནས་གན་དག་འཁོར་བ་བློས་གཏོང་མཁན་ཚོའི་སྒྲུབ་པ་ཉམས་ལེན་བྱེད་སའི་རང་བྱུང་ལྷུན་གྲུབ་ཀྱི་གནས་བཟང་པོ་འབའ་ཞིག་རེད་སྙམ།མུ་རྒྱུད་དུ་ཆགས་པའི་ནགས་རི་འགའ་དང་སྤང་རི་བརྒྱུད་དེ་སོང་བ་ན། རླངས་འཁོར་ཡང་སྐབས་རེར་ནགས་ཀྱི་འདབས་ན་འགྲོས་དལ་མོས་ཡོམ་ཡོམ་གྱིས་བསྐྱོད་ལ།ཡང་སྐབས་རེར་སྤང་གི་ཁུད་ན་དྲང་ཤར་སེར་སྐྱོད་ཀྱིན་འདུག  ང་ཚོས་སྒེའུ་ཁྲའི་ཕྱི་རོལ་གྱི་ངོ་མཚར་སྣོད་ཀྱི་བཀོད་པ་མི་གཅིག་པ་དག་རེས་མོས་སུ་མྱོང་བཞིན།མཐའ་ཡས་པའི་ཁྱུང་མཆུ་རྩྭ་ཐང་ལ་སླེབས།ཐང་ཨ་ལོང་མེ་ལོང་ཞེས་པའི་བསྔགས་སྨོན་གྱི་ཚིག་འདི་དངོས་གནས་ཁྱུང་མཆུ་རྩྭ་ཐང་ལ་སྦྱར་ན་ཤིན་ཏུ་ནས་འོས་ཤིང་འཚམ་པ་ལ།སྟོན་མཇུག་ཏུ་སླེབས་ན་ཡང་དབྱར་གྱི་རང་མདངས་མ་ཡལ་བར་ག་ས་གང་དུ་སྔོ་ལྗང་གཡུ་ཡི་མདངས་སུ་འཚེར་བ་ནི།ལང་ཚོའི་དཔལ་གྱིས་སྙེམས་པའི་གཞོན་ནུ་མ་ཞིག་གི་བཞིན་གྱི་ནེམ་ཤ་དང་།མགོའི་ཤིག་ཤིག་ལན་བུ་བཞིན་ཡི་གར་འོང་ཞིང་སེམས་ལ་འཚེར།སྔོ་བསངས་མའི་མཐོངས་ན་སྤྲིན་དཀར་ཚོམ་བུ་དང་ཚོམ་བུར་རྒྱུ་ཞིང་།དཀར་ནག་ནོར་ལུག་སྤང་ན་ཁྱུ་དང་ཁྱུ་རུ་བཀྲམ་པའི་གནམ་ས་གཉིས་ཀྱི་ཆ་འགྲིག་མཛེས་ཉམས་དེས།རླངས་འཁོར་ནང་གི་མགྲོན་པོ་ཚོའི་གཉིད་འཐིབས་ཀྱང་གང་ཞིག་ལ་དེད་པ་ལྟར།མིག་གི་དབང་པོ་ཕྱི་རོལ་ཏུ་ཡང་ཡང་གཏོད་པར་བྱས།ཁྱུང་མཆུ་རྫོང་ཁོངས་ཀྱི་ལྷ་རྒྱལ་གླིང་གྲོང་རྡལ་བརྒལ་བ་ན་ས་བབ་རིམ་གྱིས་དམའ་ནས་དམའ་རུ་འགྲོ་ལ།ལུང་ཁ་ཇེ་རུབ་ནས་ཇེ་རུབ་དང་།ལམ་གཡས་གཡོན་གྱི་རི་བྲག་གཟར་ལ།ལུང་མཐིལ་གྱི་ཆུ་བོ་དྲག་ཏུ་རྒྱུག་བཞིན་པས།ང་ཚོ་རྒྱལ་རོང་ཁོག་ཏུ་འཛུལ་བཞིན་པ་ཤེས།ང་ཚོ་སྟོད་ཀྱི་འབྲོག་ནས་ཡུན་རིང་གནས་བཅས་པ་དག་གློ་བུར་དུ་གྲོག་རོང་དོག་མོར་སླེབས་པ་ན།དབུགས་གཅོད་ལ་ཁད་ཀྱི་ཚོར་བ་མི་བདེ་བ་ངང་གིས་སྐྱེས།དེའི་ཁར་འཕྲང་དོག་པ་དང་།རི་ངོས་འགའ་རེ་ན་བྲག་རྡོ་ལྷུང་ལ་ཁད་དུ་དཔྱངས་ཤིང་།གྲོག་རོང་ཞབས་ཀྱི་ཤག་ཤག་རྦ་ཀློང་འཁྲིགས་པའི་ཆུ་བོ་དག་མིག་ལ་རྒྱུ་བ་ན།སྐྱི་གཡའ་བའི་སྤུ་ལོང་དབང་མེད་དུ་གཡོ་བས་མུ་མཐུད་དུ་ལྟ་མི་བཟོད་པར་འདུག ཡིན་ཡང་གནམ་དུ་ཟུག་པའི་གནའ་བོའི་སོ་ཁང་དེ་དག་མཐོང་བ་ན།ཆུང་མས་ངག་ནས་ངོ་མཚར་གྱི་སྒྲ་སྒྲོག་བཞིན་འདུག་སྟེགས་ནས་ཡར་ལངས་ཤིང་ཕར་སོང་སྟེ།ཁ་ལོ་པའི་ཉེ་ལོགས་ཀྱི་སྟེགས་བུ་དེ་ལ་ཁེན་ཏེ།སོ་མང་ཆུ་བོའི་འགྲམ་ངོགས་ཀྱི་རྡོ་ཁང་དག་ལག་འཁྱེར་ཁ་པར་གྱིས་པར་དུ་ངོམས་མེད་དུ་རྡེབ། འགག་དང་འཕྲང་དུ་མ་ཞིག་བརྒྱུད་མཐར་ང་ཚོ་གཞི་ནས་འབར་ཁམས་ལ་འབྱོར།ང་ཚོ་མགྲོན་སྐྱེལ་ས་ཚིགས་ནས་བུད་པ་དང་།སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་འབར་ཁམས་རྫོང་མཁར་གྱི་གྲོང་དཀྱིལ་དུ་སོང་།དེ་ནས་གླ་འཁོར་ཞིག་ལ་བསྡད་དེ་ཐུགས་རྗེ་ཆེན་པོ་བཞུགས་སའི་ཕྱོགས་སུ་བཞུད།སོ་མང་ཆུ་བོའི་འགྲམ་རྒྱུད་བརྒྱུད་དེ་སོང་བ་ན།སྔོན་ཆད་བརྙན་འཕྲིན་ལས་མ་གཏོགས་མི་མཐོང་བའི་རྡོ་ཁང་དག་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར།རྡོ་ཁང་དེ་དག་ཚ་ཁོ་པ་ཚོའི་ལག་རྩལ་ལས་གྲུབ་པ་ཤ་སྟག་ཡིན་ཏེ།ལོ་ཟླ་རིང་མོ་ཞིག་སོ་མང་ཆུ་བོ་བཞིན་རྒྱང་དུ་བཞུར་ན་ཡང་།བརྟན་བརླིང་ཀྲོང་ངེར་འགྱིང་བའི་རྡོ་ཁང་དེ་དག་ལོ་རྒྱུས་ཀྱི་དན་རྟགས་གསོན་པོ་ཡིན།ཕ་ས་དྲོན་མོ་སྲུང་ཆེད།བོད་རུས་ཆེན་སྦྲ་ཡི་རྒྱུད་པ་རྒྱལ་རོང་པ་ཚོས་སེམས་ཀྱི་དཔའ་བསྐྱེད་ཅིང་ལུས་ཀྱི་རྩལ་སྤྲུགས་ཏེ།འགག་དོག་མོ་སྲུང་བའི་གཡུལ་འགྱེད་ཁྲོད།རྡོ་ཁང་དེ་དག་གིས་རྒྱལ་ས་ནས་ཆུ་ལོག་བཞིན་བརྡོལ་ཡོང་བའི་ཆིང་གོང་མ་རྒྱལ་པོའི་དམག་ཀྱང་སྡུག་ལ་གཏད་སོང་བ་དེང་སང་པེ་ཅིན་གྲོང་ཁྱེར་ཞང་ཧྲན་བོད་སྡེ་ཡིས་བདེན་དཔང་བྱེད་པ་དེ་ལྟར་རོ། །རྒྱལ་རོང་ཚ་ཁོ་པ་ཚོ་ཕ་མེས་ཡང་མེས་རིང་ནས་རྡོ་རྩིག་ལ་མཁས་པས།རྡོ་སྦིས་རྡོ་རྩིག་གྲགས་མ་ཆེ་གོང་།མགོ་ལོག་གི་ས་ཆ་ཁ་ཤས་སུ་སྔོན་ནས་བཟུང་ཚ་ཁོ་རྡོ་རྩིག་ཅེས་གྲགས་ཆེ་བ་ནི་ཁས་མི་ལེན་ཐབས་མེད་ཡིན།ང་ཚོས་གནའ་བོའི་རྩིག་བཟོ་ཡི་བརྗིད་དང་ཉམས་མིག་གིས་ལོངས་སུ་སྤྱོད་ཀྱིན་སྨད་ནས་སྨད་ཕྱོགས་སུ་སོང་།ལམ་གྱི་གཡས་གཡོན་གྱི་རི་ངོས་སུ་ནགས་ཤིང་སྟུག་པོས་ཁེབས་ཤིང་།ལམ་ཁ་དང་ནགས་གསེབ་ཏུ་ཆང་བ་ལི་དང་།སྟར་ཀ་སོགས་ཤིང་ཏོག་སྣ་ཚོགས་མདུད་ལོག་བརྒྱབ་སྟེ་ཐུར་དུ་དཔྱངས་ཤིང་།དེ་མཐོང་བའི་མོད་ལ་འགྲམ་ཟུར་ནས་ཆུ་ནི་དབང་མེད་དུ་འཁྱིལ་ཡོང་།འོན་ཀྱང་ས་ཞིང་དེ་འདྲ་མི་མོད་དེ།བྲག་ཐེམ་ལག་མཐིལ་འདྲ་བོའི་སྟེང་ན་ཙི་ཏྲ་ཀ་དང་མ་རྨོས་ལོ་ཏོག་སོགས་ཚལ་ཞིང་དང་འབྲུ་ཞིང་ཀར་ཀོར་ཙམ་ལས་མི་མཐོང་།དེ་ལ་བལྟས་ན།ཡུལ་འདིའི་མི་རྣམས་ཀྱི་འཚོ་བའི་ཡོང་ཁུངས་གཙོ་བོ་ནི་ཤིང་ཏོག་དང་སྔོ་ཚོད་ཀྱི་རིགས་ཡིན་པ་ཤེས་ཐུབ་ལ།ཁོ་ཚོའི་མེས་པོའི་རིང་ལ་ཡང་ཤིང་ཏོག་དང་སྨན་ཏོག རི་དྭགས་ཀྱི་ཤ་ལ་བརྟེན་ནས་འཚོ་བ་རོལ་བ་ལོས་ཡིན་སྙམ།འོན་ཏེ་བགྲོད་སའི་ལམ་ནི་མུ་ནས་མུ་རུ་འགག་འཕྲང་དོག་མོའི་གསེང་དུ་ཟུག་ཡོད་པས།སྤྱི་ལེ་བརྒྱད་ཅུའི་ལམ་ཐག་དེ་དུས་ཚོད་གཉིས་རིང་སོང་རྗེས།ཕྱི་དྲོའི་དུས་ཚོད་དྲུག་ཡོལ་བ་ན་ང་ཚོ་གཞི་ནས་ཁྲོ་སྐྱབས་ཁོག་གི་ཐུགས་རྗེ་ཆེན་པོ་བཞུགས་སའི་བླ་ལེ་རིའི་འདབས་རོལ་ཏེ།ཆུ་ཆེན་ནམ་རྒྱལ་མོ་རྔུལ་ཆུ་རུ་འབོད་པའི་འགྲམ་རྒྱུད་དུ་ཆགས་པའི་ལྕགས་ཟམ་ཁ་ཞེས་པའི་གྲོང་རྡལ(དེང་སང་ས་མིང་ལ་ཐུགས་ཆེན་ཟམ་པ་ཞེས་འབོད)དེ་རུ་སླེབས།མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱེད་སྐབས།སྦྱིན་བདག་མའི་ཁ་ནས་མགྲོན་ཁང་དེ་རུ་ཞག་སྡོད་བྱེད་མཁན་ང་ཚོ་ལས་གཞན་བོད་མོ་སྐོར་ཞིག་ཡོད་པ་དང་།མོ་རང་ཚོ་ཐག་རིང་ས་ནས་རྐང་ཐང་དུ་ཐུགས་རྗེ་ཆེན་པོ་ལ་མཇལ་དུ་འོངས་པ་དང་།སང་ཉིན་སྔ་མོ་ནས་གནས་སྐོར་ལ་འགྲོ་རྒྱུ་རེད་ཟེར།སྐད་ཆ་དེ་གོ་རྗེས་རླངས་འཁོར་ལ་བསྡད་དེ་སྐྱིད་པོ་བདེ་མོར་འབྱོར་བའི་ང་ཚོས་ཁོ་ཚོར་སེམས་ནས་གུས་ཕྱག་ཕུལ་ལ།སང་ཉིན་ནམ་གསལ་མ་ཐག་ཏུ་གནས་སྐོར་ལ་འགྲོ་བའི་དད་པའི་སྟོབས་ལ་ལྷག་ཏུ་དད་གུས་བྱེད་དགོས་བྱུང་།ང་ཚོས་མགྲོན་ཁང་ནས་ཁྲེས་པོ་ཕོག་ཅིང་ངལ་ཅུང་ཙམ་གསོས་པ་དང་།ཟ་མ་ཟ་རུ་འགྲོ་རྩིས་བྱས་པ་ན།ཨ་ཡེ་ལོ་ལོན་པོ་ཐང་ཆད་དྲགས་པས་མུ་མཐུད་དུ་ངལ་གསོ་འདོད་བསྟན་བྱུང་།མོར་ཁག་མེད་དེ།ལོ་ན་དོན་བདུན་ལ་སོན་པའི་མོ།དེ་རིང་ལམ་བར་ཀུན་ཏུ་རླངས་འཁོར་གྱིས་གནོད་དེ་ཡང་ཡང་བསྐྱུགས་བྱུང་བས།རྒ་བས་དུད་པའི་ལུས་པོར་མནར་གཅོད་མི་ཉུང་བ་ཞིག་བྱས་ཟིན་པ་གདོན་ཅི་ལ་ཟ།དེ་ནས་ངེད་ཅག་དར་མ་གསུམ་པོ་དང་བྱིས་པ་གཅིག་བཅས་སྒོ་རུ་བུད་དེ།སྲང་ནས་འཆམ་འཆམ་བྱེད་བཞིན་ཟ་ཁང་ཞིག་ཏུ་འཛུལ་བ་ཡིན།ནུབ་ཟས་ཟོས་ཚར་རྗེས།ཕྱིར་མགྲོན་ཁང་ཕྱོགས་སུ་ལྡོག་ཞོར་དུ་ཟ་ཁང་ཞིག་ནས་ཨ་ཡེ་ལོ་ལོན་པོ་ལ་ཕྱེ་ཐུག་དཀར་ཡོལ་གང་ཉོས་པ་ཡིན།མགྲོན་ཁང་ནས་ཡར་མར་གྱི་ཁ་བརྡ་ཡུད་ཙམ་ལ་བྱས་པ་དང་།སང་ཉིན་སྔ་མོར་ཐུགས་ཆེན་ལ་མཇལ་དུ་འགྲོ་རྒྱུ་ཐག་གིས་བཅད་རྗེས་མལ་དུ་ཉལ་ཏེ་ངལ་གསོས་པ་ཡིན།ཕྱི་ཉིན་ང་ཚོ་མལ་ལས་ལངས་དུས་ནམ་ཡོངས་སུ་གསལ་ཏེ།ཁང་པའི་ནང་དཀར་ཆིལ་ལེར་འདུག རྩེག་རིམ་གསུམ་པ་དེའི་སྒེའུ་ཁུང་ནས་ཕར་བལྟས་ན་རི་ལུང་ཀུན་ལ་སྨུག་སྤྲིན་སྔོ་ནག་ལང་ལོང་དུ་འཁྲིགས་པ་མཐོང་བས།རི་ངོས་ཀྱི་དུད་ཁྱིམ་ཐར་ཐོར་དང་།རིའི་གདོང་སྣའི་མ་ཎི་འཁོར་ལོ་ཆེན་པོ་དེ་དག་ཆར་སྨུག་གིས་བརླན་བཞིན་ཡོད་པ་མིན་ནམ་སྙམ་མུར།དེ་རིང་ནམ་ཟླ་བཟང་པོ་ཞིག་ལ་འཕྲད་དཀའ་ངེས་ཞེས་སེམས་ཁྲལ་ཞིག་དབང་མེད་དུ་སྐྱེས།ང་ཚོས་ནངས་ཇ་བཏུངས་ཏེ་ཐུགས་ཆེན་ལྷ་ཁང་ལ་འགྲོ་བའི་རླངས་འཁོར་བཙལ་བ་ན།མགྲོན་ཁང་དེའི་སྦྱིན་བདག་མའི་ཁྱོ་བོས་དགོད་ཞོར་དུ“ཁྱོད་ཚོ་སྔ་འདུག ལྷ་ཁང་གི་སྒོ་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་མ་གཏོགས་འབྱེད་ནི་མ་རེད”ཟེར། ཡིན་ཡང་ང་ཚོས་སྔ་ན་སྔ་རུ་གྱིས།འདིར་སླེབས་པ་ལ་སྔ་མོར་སོང་སྟེ་ཕྱག་སྐོར་བྱས་ན་བཟང་ཞེས་བཤད་ཀྱིན།བླ་ལེ་རི་ཕྱོགས་སུ་ཆས་པ་ཡིན།རི་འདབས་ནས་ཡར་དཀྱོགས་ཏེ་ཅུང་ཙམ་སོང་བ་ན།ཐག་རིང་གནས་སྐོར་པ་ཚོའི་དད་པའི་སྟོབས་ཀྱིས་སམ་ཡང་ན་ང་ཚོ་མཇལ་བ་ཚོའི་ལྷག་པའི་བསམ་པ་ཡིས་གནས་འདིའི་ས་བདག་ཆུ་བདག་གི་ཐུགས་མཉེས་པར་བྱས་པ་ཡིན་ནམ།སེར་ལམ་ལམ་གྱི་ཉི་མའི་འོད་ཕྲེང་སྤྲིན་ཕུང་བརྟོལ་ཏེ་ནགས་རྩེ་དང་ལམ་གཞུང་།དེ་ནས་རླངས་འཁོར་གྱི་ནང་དུ་འཐེན་བྱུང་བས་ང་ཚོའི་སེམས་ཁོང་དུའང་དྭངས་ཆིལ་ཆིལ་དང་དྲོད་ལམ་མེར་གྱུར། ལྷ་ཁང་གི་ཕྱོགས་སུ་བསྲིངས་པའི་རི་སྐེད་ཀྱི་ལམ་བུ་ནས་བསང་ཤུག་གི་བསུང་ངད་སྣུམ་ལ་གཙང་སིང་ངེ་བ་ཞིག་དལ་གྱིས་དྲི་འཛིན་ལམ་དུ་ལྡང་འོང་བ་ན།སྔོན་ནས་རྒྱུད་ལ་གོམས་ཤིང་འདྲིས་ལ།རྣམ་ཤེས་ལ་ཐིམ་པའི་དྲི་ངད་དེས་ང་ཚོར་ཆེས་རྒྱུས་མངའ་བའི་མཉེས་གཤིན་ཞིག་ལ་འཐམ་འཁྱུད་བྱས་པ་ལྟ་བུའི་བདེ་བ་སྨྲ་མི་ཤེས་པ་ཞིག་སྟེར།ལམ་དོག་མོ་རུ་ཁ་ལོ་སྒྱུར་བར་བྱང་ཆ་ཆེ་བའི་ཁ་ལོ་པས་རླངས་འཁོར་ཕར་དཀྱུ་ཚུར་དཀྱུ་བྱེད་བཞིན་ང་ཚོ་སྐད་ཅིག་ཙམ་ལ་ལྷ་ཁང་མདུན་རོལ་ཏུ་བསྐྱལ་བྱུང་།མཇལ་པ་སྐོར་ཞིག་སྔ་མོ་ནས་དེ་རུ་སླེབས་ཏེ།ལྷ་ཁང་གི་ཕྱོགས་སུ་འཁོར་ཏེ་བརྐྱངས་ཕྱག་འཚལ་བཞིན་འདུག་ལ།སྐད་ཆ་བཤད་སྟངས་དང་སྐྱེས་པ་ཚོས་མགོར་སྔགས་རལ་དཀྲིས་པར་བལྟས་ན་རེབ་གོང་ཕྱོགས་ནས་ཡོང་བ་འདྲ། 

37.jpg

ཡང་རྐང་ཐང་ལ་ཡོང་བའི་མཇལ་པ་ཚོ་གཡས་ཟུར་ནས་གཅིག་རྗེས་གཉིས་མཐུད་དུ་ལྷ་ཁང་གི་མདུན་དུ་འོང་བཞིན་གདའ།དེར་ནམ་ཟླ་ཡང་ཞོགས་པ་མལ་ལས་ལྡང་དུས་མཐོང་བ་ལྟར་མ་ཡིན་པར།གནམ་ངོ་སྔོ་ཞིང་བསངས་ལ།ཉི་འོད་ལྷུག་ལྷུག་ལུས་ལ་འཕྲོས་པ་ན།བརྩེ་ལྡན་མ་ལོའི་མཉེན་འཇམ་ཕྱག་ལ་འཇུས་པ་བཞིན་འོད་ཀྱི་ཕྲེང་བ་རེ་རེར་བྱམས་བརྩེའི་དྲོལ་ཁོལ་ཞིག་འཁྱིལ་འདུག ང་ཚོས་ཕྱག་འཚལ་བ་དང་།ཕྱོགས་བཞིར་མིག་གཡེང་བྱས་པ་ན།ཉི་འོད་ཀྱི་མཆུ་སྦྱོར་རེག་པའི་སྨུག་སྤྲིན་དག་དུམ་བུར་ཆད་དེ།རི་སྐེད་དང་རི་ཁུད་ན་གོས་ཀྱི་སྐེད་ཆིངས་སམ་བལ་དཀར་གྱི་རྨུ་ཐག་བཞིན་འཐེན།བྱང་ཕྱོགས་ཀྱི་རི་སུལ་ནས་རྨོ་ཞིང་དང་དུད་ཁྱིམ་ཐར་ཐོར་རེ་དང་།གླང་ཆེན་ཞིག་གི་ཚང་རར་མཚུངས་པའི་རིའི་གདོང་སྣར་རྡེའུ་དཀར་བསྒྲིགས་ཏེ་བྱོན་ལེགས་པའི་མ་ཎི་ཡིག་དྲུག་ཡིག་ཕྲེང་གཅིག་ཀྱང་དད་ལྡན་རྣམས་ཀྱི་མིག་གི་གསོས་སུ་ཁྲ་ལམ་མེར་མངོན་གྱིན་གདའ། ཡང་ཤར་ཕྱོགས་སུ་མིག་རྒྱང་རིང་དུ་འཕངས་པ་ན།རྒྱང་རིང་རི་ཚོགས་སུ་སྤྲིན་པ་ལྷུང་སྟེ།གནམ་ས་གཉིས་གཞི་གཅིག་ཏུ་འདྲེས་སྙམ་ཡིད་ལ་ཤར།མར་གཤམ་དུ་བལྟས་པ་ན།ལྕགས་ཟམ་ཁ་གྲོང་རྡལ་གྱི་རྩེག་ཁང་དག་དམའ་ཞིང་ཆུང་ངུར་སྣང་བ་ནི།ཤིང་གི་སྒམ་ཆུང་དུ་མ་ཡར་བསླངས་པ་དང་གཉིས་སུ་མ་མཆིས།རྒྱལ་མོ་རྔུལ་ཆུས་ཤེལ་གྱི་མེ་ལོང་ནར་མོ་ཞིག་ལ་ཉི་འོད་ཕོག་པ་ལྟར་ལྡོག་འོག་ལམ་ལམ་སྤྲོ།མཐོན་མཐིང་དགུང་སྔོན་དབྱིངས་ཀྱི་སྤྲིན་དཀར་དང་།སྔོ་ལྗང་རི་བོའི་སྨུག་སྤྲིན་དག་གིས་བླ་ལེ་རི་བོ་འདི་ཡང་སྤྲིན་དཀར་དང་སྨུག་པའི་ཡང་སྟེང་ན་འཕྱོ་བའི་སྒྱུ་མའི་ཞིང་ཁམས་ཀྱི་ངོ་མཚར་དཔག་དཀའི་མཛེས་པ་ཞིག་ང་ཚོར་ལོངས་སྤྱོད་དུ་བསྟབས་པས།གནས་ཁྱད་པར་དེའི་འགུག་ཤུགས་སུས་འགོག་ཐུབ་བམ།ང་ཚོས་ངོ་མཚར་གྱི་སྒྲ་སྒྲོག་བཞིན་ལྟ་བས་མི་ངོམས་རང་བྱུང་མཛེས་པ་པར་དུ་བཏབ།ཞོགས་པའི་མཛེས་པར་ཅི་དགར་རོལ་རྗེས་ང་ཚོ་མི་ལྔ་བོ་ཐུགས་རྗེ་ཆེན་པོར་ཕྱི་སྐོར་བྱེད་དུ་སོང་བ་ཡིན།འདུ་ཁང་གི་ཕྱི་སྒོའི་གཡས་གཡོན་གཉིས་ན་ཨར་འདམ་གྱི་ཐེམ་སྐས་རེ་མཆིས།ཐེམ་སྐས་ལ་འཛེགས་ཏེ་སོང་བ་ན།ལྷ་ཁང་གི་ཕྱི་སྒོ་ནང་སྒོ་གཉིས་ལས།ཕྱི་སྒོ་ཕྱེས་ཏེ་མི་མང་པོ་ཞིག་གིས་འཁོར་ཁང་ན་སྐོར་བ་རྒྱག་གིན་འདུག ང་ཚོ་རྒན་དར་ཆུང་གསུམ་མི་ལྔ་བོ་ཡང་དེ་འཕྲལ་མི་ཚོགས་སུ་ཞུགས་ཏེ་མ་ཎི་འཁོར་ལོ་སྐོར་བཞིན་ཐུགས་ཆེན་ལ་ཕྱི་སྐོར་བརྒྱབ་པ་ཡིན།ཕྱི་སྐོར་ལན་འགའ་བརྒྱབ་རྗེས་ང་ཚོ་གློ་སྒོ་ནས་བུད་དེ་ལྷ་ཁང་རྒྱབ་ཀྱི་ཐེམ་ཐོག་ལ་སོང་སྟེ་མུ་མཐུད་དུ་ཁོར་ཡུག་གི་མཛེས་ལྗོངས་ལ་རོལ་བ་ཡིན།མཛེས་ལྗོངས་ལ་ཡུད་ཙམ་རོལ་རྗེས།ང་ཚོ་གཡས་སྐོར་རྒྱག་བཞིན་ཕྱིར་འདུ་ཁང་གི་ཐང་ཆེན་དུ་ཡོང་ལ།མར་ཞོལ་ལ་འཐེན་པའི་ཨར་འདམ་གྱི་སྐས་སྒམ་དེའི་གཡོན་གྱི་མ་ཎི་འཁོར་ལོ་དྲུག་པོ་སྐོར་བཞིན་མར་བབས།སྐས་རྟིང་གི་ཐང་དེ་པུ་ཤུད་ཀྱིས་བསྐོར་བའི་སྟེགས་བུ་ཞིག་ཏུ་བསྐྲུན་འདུག  ཐོག་ན་རྒྱ་ནང་ནས་ཡོང་བའི་ཡུལ་སྐོར་པ་འགའ་རེས་ཕྱོགས་བཞིར་གཡེང་བཞིན་ལག་འཁྱེར་ཁ་པར་གྱིས་ཡུལ་ལྗོངས་པར་དུ་རྡེབ་ཀྱིན་མཆིས་ལ།ཡང་གཅིག་གིས་ལུས་ཀྱི་ཉམས་འགྱུར་སྣ་ཚོགས་སྟོན་ན།གཅིག་གིས་དེའི་ཉམས་འགྱུར་དང་བསྟུན་ནས་པར་དུ་ལེན།ང་ཚོས་ཀྱང་སྟེགས་བུ་འདི་ནས་ཡུལ་ལྗོངས་ལ་ཡུད་ཙམ་གཡེང་བ་དང་།སྐས་སྒམ་གཡས་ཀྱི་མ་ཎི་འཁོར་ལོ་སྐོར་བཞིན་སྐས་མགོར་བུད།སྐབས་དེར་ལྷ་ཁང་གི་ནང་སྒོ་ཕྱེས་ཏེ་མི་རྣམས་ནང་དུ་འཛུལ་བཞིན་པ་མཐོང་།དེ་ནས་ང་ཚོ་ཡང་ནང་དུ་འཛུལ་ཞིང་ཐོག་མར་ཐུགས་རྗེ་ཆེན་པོའི་སྐུ་མདུན་ལ་མཛོད་བཏགས་སེར་པོ་ཡུག་གཅིག་རེ་མཇལ་དར་དུ་ཕུལ།མཇལ་རྟེན་ཕུལ་ཚར་རྗེས་ཚང་མས་ཕྱག་བཙལ།ཆུང་མ་དང་མོའི་གྲོགས་མོ་གཉིས་ཀྱིས་མགོ་ལོག་ནས་གྲ་སྒྲིག་བྱས་ཏེ་ཁྱེར་ཡོང་བའི་མར་ཁུ་བླངས་ཏེ་སྐུ་མདུན་གྱི་མཆོད་རྐོང་དུ་བླུགས།ཚང་མས་སྤྱན་རས་གཟིགས་ཕྱག་བཞི་པ་དེའི་ཞལ་ལ་ཅེར་བཞིན་ལག་པའི་སྙིམ་པད་བྲང་ལ་སྦྱར་ཏེ།རང་ལ་ཚེ་ཐོག་འདིར་ལས་ཀྱིས་འབྲེལ་བའི་ཤི་གསོན་གཉིས་ཀར་སྐྱབས་འཇུག་སྙིང་ནས་ཞུས།ཆུང་མས་སྐྱབས་འཇུག་ཞུ་སྐབས་སྐད་ངག་ཅུང་འདར་ལ།མིག་མཐར་ཡང་མཆི་མས་བརླན་འདུག གོ་ཐོས་ལ་བོད་པ་ལོ་ན་ཅུང་མཐོ་བ་སུ་ཞིག་ཡིན་ཡང་ལྷ་སའི་ཇོ་བོ་རིག་མ་ཐག་མིག་ཆུ་དབང་མེད་དུ་ལྷུང་འགྲོ་ཟེར།ཆུང་དུས་སྡེ་མི་རྣམས་དང་མཉམ་དུ་བླ་ཆེན་གང་ཞིག་ལ་མཇལ་སྐབས།ལོ་ལོན་ཚོར་མཆི་མ་ལྷུང་བ་ངས་དངོས་སུ་མཐོང་མྱོང་།དེ་ནི་བོད་མིས་རང་གི་སེམས་ཀྱི་དད་རྟེན་མཐོང་བས།དགའ་དད་སྤྲོ་གསུམ་འཕེལ་ཏེ་ཡིད་ཀྱི་སྤྲོ་རླབས་མཆི་མར་བཞུར་བར་ཡིན་འདོད་ལ།ཡང་འཁོར་བ་མཐའ་མེད་ཀྱི་ཀློང་ནས་སྐྱབས་དང་གྲོགས་ལ་ཕྲད་པས་འགྱུར་བ་མེད་པའི་ཡིད་ཆེས་ཤིག་གིས་སེམས་ཀྱི་གསང་བ་མཆི་མས་གླེང་བ་ཡིན་ནམ་སྙམ། ཆུང་མའི་མཆི་མ་དེ་མཐོང་བ་དང་ང་རང་དབང་མེད་དུ་སེམས་འགྱུ་སྣ་ཚོགས་ཤིག་གི་ཀློང་དུ་རྩེན་པར་བྱས་སོང་།ང་ཚོའི་མདུན་ན་བཞུགས་པའི་ཐུགས་ཆེན་འདི་གནས་འདིར་བྱོན་ཚུལ་ལ་ངག་རྒྱུན་ཡིད་དབང་འཕྲོག་པ་ཞིག་ཡོད་པ་ནི།སྔོན་ཆད་ཞིང་པ་ཞིག་གིས་ས་ཞིང་སློག་སྐབས་ས་འོག་ནས་ཨ་ཚ་ཚ་ཞེས་བསྒྲགས་པ་གོ་བས།ཞིང་པའི་སེམས་ལ་ས་འདི་ན་ཁོ་མ་གཏོགས་མི་གཞན་མེད།འདི་ཅི་ཡིན་ནམ་ཞེས་ཡ་མཚན་ཞིང་སྐྲག་སྣང་དང་བཅས་སྒྲ་དེ་གྲགས་འོང་ས་ནས་མར་བསློགས་པ་ན།ཐུགས་རྗེ་ཆེན་པོའི་སྐུ་སྟོད་ས་འོག་ནས་བུད་ལ།དཔྲལ་བར་གཤོལ་མགོས་བྲད་པའི་ཤུལ་ཞིག་ཀྱང་བཏོད་ཡོད་ཅེས་སྔོན་བྱུང་ངོ་མཚར་གཏམ་དེ་ངག་ནས་ངག་ཏུ་བརྒྱུད་པ་རེད།ད་ལྟ་ང་ཚོས་མཐོང་བའི་གསེར་སྐུ་ལི་མའི་སྤྱན་རས་གཟིགས་ཕྱག་བཞི་པ་དེའི་གཟུངས་གཞུག་ལ་ཇོ་སྐུ་རང་བྱོན་དེ་བཞུགས་སྐད།བླ་ལེ་རི་དེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཁྲོ་སྐྱབས་ཁོག་ཏུ་ཆགས་སྟབས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ཞེས་གླིང་ལ་གྲགས་ཤིང་།དེ་ནས་བཟུང་ཕྱོགས་བཞིའི་མཇལ་སྐོར་པ་ནམ་མཁའི་སྤྲིན་ཕུང་བཞིན་འདུ་བ་རེད།ང་ཚོས་སྐུ་མདུན་ནས་མཇལ་ཕྱག་བྱས་ཚར་བ་དང་ཇོ་སྐུ་ལ་ནང་སྐོར་ལན་འགའ་བརྒྱབ་རྗེས་སྒོ་རུ་བུད་དེ་ཕྱིར་ལོག་རྩིས་བྱས་པ་ན།འཇེབ་འཁོར་སྐོར་བའི་གསར་བུ་ཞིག་གིས་ང་ཚོ་རི་འདབས་སུ་འགྲོ་བ་ཤེས་ཏེ།ང་ཚོར་མར་སྐྱེལ་ཆོག་ལ་གླ་མི་དགོས་ཞེས་བཤད་བྱུང་།ང་ཚོ་སེམས་མགུ་སྟེ་ནང་དུ་འདུག་གྲབས་བྱེད་པར།ཨ་ཡེ་ལོ་ལོན་གྱིས་རུམ་ན་བཅུག་པའི་བལ་དཀྲི་གློ་བུར་དུ་དྲན་བྱུང་།ཆུང་མ་དང་ཨ་ཡེའི་བུ་མོ་གཉིས་དེ་འཕྲལ་ཨ་ཡེའི་རོགས་ལ་ལྗོན་པར་བལ་དཀྲི་འདོགས་སུ་ཕྱིན།ཁ་ལོ་པས་བྲེལ་མི་སློང་བར་དེའི་རིང་ལ་ངང་སྒུག་བྱས་པས།ང་ཚོས་ཁོ་ལ་བཀའ་དྲིན་ཡང་ཡང་ཞུས།ཁ་བརྡ་བྱས་པ་ན།རླངས་འཁོར་གྱི་བདག་པོ་ལུང་ཁོག་དེའི་མི་ཡིན་པ་ཤེས་ལ།དེ་རིང་ཁོ་ཡང་མཇལ་སྐོར་དུ་ཡོང་བ་ཡིན་ཟེར།ལམ་བར་དུ་ངས་ཚོད་ལྟའི་ཚུལ་དུ་བོད་སྐད་ཀྱིས་རླངས་འཁོར་དང་ཆང་བ་ལི་སོགས་ཐ་སྙད་འགའ་རེ་གླེང་བ་ན།རྒྱལ་རོང་པ་དེས་ཀྱང་དོན་གོ་བ་མ་ཟད།ངེད་གཉིས་ཕན་ཚུན་ལ་བརྡ་ཐུང་ཐུང་རེ་སྤྲོད་ཐུབ་བྱུང་བ་ལ།ང་སེམས་ནས་དགའ་རྒྱུ་ཞིག་བྱུང་།སྔོན་ཆད་ངའི་སྣང་ངོར་རྒྱལ་རོང་ཡུལ་གྲུ་འདི་རྒྱང་རིང་ཆ་མེད་ཅིག་ཏུ་ཤར་མོད།དེ་རིང་ག་ལེར་ཁ་བརྡ་བྱས་ན་བརྡ་འཕྲོད་ཐུབ་པ་འདིས་ང་ལ་རྒྱལ་རོང་དང་ཉེ་ནས་ཉེ་རུ་བཅར་བའི་ཡིད་ཆེས་ཤིག་བསྩལ་སོང་།ལྕགས་ཟམ་ཁ་གྲོང་རྡལ་དུ་སླེབས་པ་དང་།གསར་བུ་དེས་རྒྱལ་རོང་སྐད་རྒྱག་བཞིན་ང་ཚོར་འབར་ཁམས་ལ་འགྲོ་བའི་གླ་འཁོར་ཞིག་འཚོལ་རོགས་བྱས་བྱུང་།ངའི་ཚོར་སྣང་ཞིག་ལ་ལྕགས་ཟམ་ཁ་རུ་མགྲོན་ཁང་དང་ཚོང་ཁང་གཉེར་མཁན།ད་དུང་ཡར་མར་ལ་རྒྱུག་པའི་གླ་འཁོར་སྐོར་མཁན་མང་ཤོས་རྔ་པའི་བོད་པ་དང་རྒྱལ་རོང་པ་ཡིན་ལ།ཟ་ཁང་གཉེར་མཁན་ཕལ་ཆེ་བ་སི་ཁྲོན་རྒྱ་མི་རེད། གང་ལྟར་ཚང་མས་གནས་རིའི་ཁྱད་པར་ཅན་གྱི་བྱིན་རླབས་ལ་བརྟེན་ཏེ་ཡུལ་སྐོར་པ་དང་མཇལ་སྐོར་པར་གང་མཁོ་གང་སྤྲོད་ཀྱིས་ཁེ་སྤོགས་འཚོལ་བཞིན་འདུག  གླ་འཁོར་དེ་ཟམ་སྣེ་ཞིག་ལ་བུད་པ་དང་།ལོ་ན་དྲུག་ཅུ་ལྷག་ལོས་ཡིན་སྙམ་པའི་སྐྱེས་པ་ཞིག་གིས་ཀྱང་ཁ་ལོ་པར་རྒྱལ་རོང་སྐད་ཀྱིས་ཁ་བརྡ་བྱེད་བཞིན་རླངས་འཁོར་དེར་བསྡད་བྱུང་།སྐྱེས་པ་དེས་ད་དུང་རྔ་བའི་སྐད་དག་མོ་ཞིག་སྨྲ་ཤེས།ཡར་མར་གྱི་ལབ་གླེང་ཁྲོད་ཆུང་མས་ཁོ་ལ་སློབ་དཔོན་བཻ་རོ་ཙ་ནའི་སྒྲུབ་ཕུག་གར་ཡོད་དྲིས་པ་ན།ཁོས་ལྕགས་ཟམ་ཁ་དང་མི་རིང་བའི་ས་ན་ཡོད་ཅེས་བཤད་བྱུང་།སྐད་ཆ་དེས་ང་ལ་སྔོན་ཆད་བཞག་པའི་བག་ཆགས་རབ་རིབ་དེ་མ་ཉིད་དུ་སད་པར་བྱས་ཤིང་།ལྷག་ཏུ་བརྗེད་ངས་ཀྱིས་ཁྱེར་བའི་དྲན་ཤེས་ཤིག་གློ་བུར་དུ་སད་པར་བྱས་པས།རང་གི་རྒྱུད་ན་ལོ་རྒྱུས་མི་སྣའི་སྐོར་གྱི་ཤེས་བྱ་ནི་ཏིལ་འབྲུ་ཙམ་ལས་མེད་པར་ངོ་ཤིན་ཏུ་གནོང་བྱུང་།ངས་སྔོན་ཆད་གཞན་གྱི་ངག་དང་དཔེ་ཆ་ལས་སློབ་དཔོན་བཻ་རོ་ཙ་ན་རྒྱལ་རོང་ཁོག་ཏུ་སྤྱུགས་པའི་ལོ་རྒྱུས་ཐོར་བུ་རེ་གོ་ཐོས་བྱུང་མོད།ཁེ་ཉིན་མཇལ་སྐོར་དུ་ཆས་དུས་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་གར་ཡོད་ཀྱི་རྩད་གཅོད་རྒྱུ་ཀླད་པའི་དགུ་ཡུལ་དུའང་མ་ཤར་ལ།ལམ་དེ་བརྒྱུད་དེ་ཡོང་སྐབས་ཀྱང་སྣང་འཇོག་བྱེད་ཐུབ་མ་བྱུང་། དེ་ནི་རང་ཉིད་དཔྱོད་པའི་བློ་མིག་ཕྲ་བའི་རྐྱེན་གྱིས་མིན་ནམ།

38.jpg

སྔོན་བྱོན་དམ་པ་ཚོས་ཞབས་ཀྱིས་བཅགས་པའི་རི་མོར་མཇལ་བའི་དུངས་ཞེན་ཉམས་མགོ་རྩོམ་པའི་སྔ་ལྟས་མིན་ནམ་ཅི།ཕྱིར་ལྡོག་པའི་ལམ་བར་ནས་སྟེས་དབང་དུ་ཕྲད་པའི་གོ་སྐབས་དེ་མིན་ཚེ།སློབ་དཔོན་ཆེན་པོའི་སྒྲུབ་ཕུག་དང་གཟུར་ཏེ་འགྲོ་བ་ནི་སྨྲས་མ་དགོས།ང་ཚོས་ཁ་ལོ་པར་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཉེ་འདབས་སུ་སླེབས་པ་དང་ཏབ་ཙམ་ལ་སྒུག་རོགས་གནང་རྒྱུ་ཞུས་པ་ན།ཁ་ལོ་པ་ཡང་འཐད་བྱུང་།ང་ཚོས་ཁ་ལོ་པ་དང་རླངས་འཁོར་གཅིག་ཏུ་སྡོད་པའི་སྐྱེས་པ་དེས་བསྟན་པ་ལྟར།གཞུང་ལམ་གཡས་ཕྱོགས་ཀྱི་བྲག་ངོས་ལ་འཛེགས། ར་སྒོ་ཆུང་ཆུང་ཞིག་ཏུ་འཛུལ་བ་ན།རྐང་ལམ་གྱ་མ་གྱུ་ཞིག་ནགས་ཀྱིས་རྫུབས་པའི་བྲག་ངོས་སུ་ཟུག་ལ།གཡས་གཡོན་གང་སར་མདོག་སྣ་ཚོགས་ཀྱི་ལྕོག་དར་འཐེན་འདུག་པ་མཐོང་། ཨར་འདམ་གྱིས་གྲུབ་པའི་ཁང་ཆུང་འགའ་རེ་ཡང་ཡོད་པ་དེར་བལྟས་ན།སྒྲུབ་ཕུག་སྲུང་མཁན་གྱི་སྡོད་ཁང་ལོས་ཡིན་སྙམ།ཕྱི་ངོས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བརྒྱན་པའི་འཁོར་ཁང་ཞིག་བརྒྱུད་པ་དང་།མུ་མཐུད་དུ་ཡར་འཛེགས་ཏེ་ཐེམ་ཐོག་ཅིག་ལ་བུད་པ་དང་།དེ་ནས་གཡོན་དུ་དཀྱོགས་ཏེ་གོམ་པ་འགའ་སོང་མཐར།སློབ་དཔོན་བཻ་རོ་ཙ་ནའི་སྒྲུབ་ཕུག་གི་མདུན་དུ་འབྱོར་བྱུང་།བྲག་ཕུག་རང་བྱོན་འདི་རྡོ་ཕ་བོང་ཆེན་པོ་ཞིག་གི་ཁོག་བྲུས་པ་ལྟར་སྣང་ལ།ཁ་ཅུང་ཟད་དོག་ལ་ནང་ཁོག་ཆེ།ནང་ངོས་གང་སར་དྲེག་པ་ནག་པོ་ཆགས་ཤིང་།དེ་ནི་སྒྲུབ་པ་ཉམས་ལེན་ལ་རོལ་བ་གང་གི་དཀར་མེ་དང་མཆོད་མེའི་དུ་བ་ལས་བྱུང་བ་ཡིན་ནམ་སྙམ།མིག་གིས་ཞིབ་ཏུ་བལྟས་པ་ན།ནང་ན་ཨོཾ་ཡིག་དང་སྟོན་པའི་སྐུ་གཟུགས་རང་བྱོན་དུ་མ་མཇལ་དུ་ཡོད་པར་མ་ཟད།བྲག་རྡོའི་ངོས་ནས་རྐང་རྗེས་ཆེན་པོ་གཉིས་གསལ་པོར་མཐོང་བ་ལ།དེ་ནི་མི་གཟུགས་སྟོབས་ཆེན་པོ་ཅན་ཞིག་ཐང་དུ་གན་རྐྱལ་དུ་ཉལ་སྐབས་ཕར་བྲག་ངོས་སུ་རྐང་པས་གཏད་བརྒྱབ་པ་ལས་བྱུང་བར་རྟོགས་བཟོ་དབང་མེད་དུ་བྱ་རུ་འཇུག ད་དུང་བྲག་ཕུག་ཁ་ཡི་རྡོ་ཐོག་གི་རྟ་ཡི་རྨིག་རྗེས།དེ་དག་རེ་རེ་ལ་ཇི་ལྟར་བྱུང་ལུགས་ཀྱི་ངོ་མཚར་གཏམ་རྒྱུད་དང་ལོ་རྒྱུས་རེ་ཡོད་པ་གདོན་མི་ཟ་མོད།ཐོས་རྒྱ་དོག་པའི་ངས་ཀུན་ལ་གླེང་ཐབས་བྲལ།མདུན་ཕྱོགས་གྲོག་རོང་དུ་རྒྱལ་མོ་རྔུལ་ཆུ་ཤང་ཤང་དུ་འབབ།ངས་ཆུ་ཆེན་དེར་མིག་ཞགས་རེ་འཕེན་གྱིན་ཡིད་ལ་སློབ་དཔོན་དང་པོ་ཡོང་དུས་གནས་འདི་དབེན་ཞིང་འཇགས་ལ་ཉམས་དགའ་བས།དེའི་མུར་སྒྲུབ་པ་ཉམས་ལེན་ལ་གནས་དེ་བདམས་ཤིང་།བཀྲེས་དུས་ཟས་ལ་ཉེ་འཁོར་ན་ཚང་ཚིང་འཁྲིགས་པའི་སྟར་ཀ་དང་ཤིང་ཏོག་གཞན་དག་བསྟེན་པ་ཡིན་ནམ་སྙམ།སྒྲུབ་ཕུག་ལ་མཇལ་ཚར་རྗེས་ང་ཚོས་ཐང་དུ་ཐོར་བའི་སྟར་ཀ་རེ་འཐུ་བཞིན་ཕྱིར་རླངས་འཁོར་ཡོད་སར་ཡོང་བ་ཡིན།ཕྱི་དྲོའི་ཆུ་ཚོད་གསུམ་ཡས་མས་སུ་ང་ཚོ་འབར་ཁམས་རྫོང་ཐོག་ལ་ཕྱིན།ཨ་ཡེ་ལོ་ལོན་གྱིས་མོ་དེ་རིང་རླངས་འཁོར་གྱིས་མ་གནོད།འདི་ནི་ཐུགས་རྗེ་ཆེན་པོ་ལ་མཇལ་བས་སྡིག་སྒྲིབ་དག་པའི་བྱིན་རླབས་ཡིན་སྲིད་ཅེས་བཤད་བྱུང་།ང་ཚོས་ཀྱང་མཇལ་སྐོར་བདེ་བླག་གིས་འགྲུབ་ཐུབ་བྱུང་བས་སེམས་ལ་སྤྲོ་བས་ཁེངས་ཤིང་།རེ་རེའི་གདོང་ལ་བློ་བདེ་ཡིད་ཚིམ་གྱི་འཛུམ་མདངས་རེ་དབང་མེད་དུ་འཁྱུག་བྱུང་།འབར་ཁམས་ནི་ཕྱོགས་བཞི་བོ་ནགས་ཀྱིས་བསྐོར་བས།མཁའ་དབུགས་དྭངས་ཤིང་གཙང་ལ་བརླན་བག་ཆེ།དངོས་གནས་ངའི་ཆུང་མས་བཤད་པ་ལྟར་ས་འདི་ནས་གདོང་བཀྲུས་རྗེས་སྣུམ་རྩི་མ་བྱུགས་ཀྱང་སྐྱི་པགས་སྣུམ་ཀྱིག་གེ་རེད་ཅེས་བཤད་ཆོག འབར་ཁམས་ཀྱི་སྟོན་མཇུག་གི་ནམ་ཟླ་དྲོད་ཅིང་འཇམ་ལ་ཁམས་དྭངས་འགྲོ། ང་ཚོ་ཟས་ཞིམ་པོ་ཞིག་ལ་རོལ་རྗེས།ཐང་ཆེན་དུ་ཡོང་ནས་ཡར་མར་ལ་མིག་གཡེང་བྱེད་བཞིན་ངལ་གསོ་ལུས་ལ་དགེ་བ་ཐོབ་པ་ཞིག་བྱས།དགོང་མོ་དེར་ང་ཚོ་འབར་ཁམས་ནས་ཞག་སྡོད་བྱས་རྗེས།ཕྱི་ཉིན་སྔ་ལངས་ཀྱིས་ཕྱིར་མགོ་ལོག་ཏུ་ལྡོག་པའི་ལམ་ལ་ཆས་ཤིང་།རྒན་དར་ཆུང་གསུམ་ང་ཚོ་མི་ལྔ་བོས་རང་གི་ཉེ་དུ་དང་གྲོགས་པོར་གླེང་རྒྱུའི་གཏམ་ཞིག་སེམས་ལ་ཉར་ཏེ་ལོག་པ་ཡིན་ནོ། །

སྤྱི་ལུགས་ཀྱི2016ལོའི་ཟླ9བའི་ཚེས22ཉིན་མགོ་ལོག་ནས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།