ཀྲུང་གོ་བོད་ཀྱི་དྲ་བ།

གསེར་རྟ་ཡི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1501207401622273.jpg

གསེར་རྟ་ཡི་མིང་གི་འབྱུང་ཁུངས།

གསེར་རྟ་ཡི་མིང་གི་འབྱུང་ཁུངས།  གནའ་མིའི་ངག་རྒྱུན་ལ། གསེར་རྟའི་རྒོད་རྒན་ཐང་། དཀར་མཛེས་མཎྜལ་ཐང་། བྲག་འགོའི་ཤྭ་ར་ཐང་གསུམ་ལ་ཁམས་སྨད་ཕྱོགས་ཀྱི་ཐང་ཆེན་གསུམ་ཟེར། ཁམས་སྨད་ཕྱོགས་ཀྱི་ཐང་ཆེན་གསུམ་གྱི་ཡ་གྱལ་གསེར་རྒོད་རྒན་ཐང་གི་ས་འོག་ན་རྟ་རྒོད་མ་འདྲ་བའི་གསེར་ཞིག་ཡོད་པའི་བཤད་སྒྲོས་ལ་བརྟེན་ནས་ཡུལ་དེའི་སྤྱི་མིང་ལ་གསེར་རྟ་ཟེར། གཞན་ཡང་། གསེར་ཐར་ཞེས་པ་ནི་སྐད་ཟུར་ཆག་པ་ཡིན་ཏེ། དོན་ལ་གསེར་ཐང་ཟེར། གསེར་གྱི་རྒོད་རྒན་ཐང་དུ་གསེར་རྟ་འདྲ་བ་ཞིག་ཡོད་ཅེས་པའི་བཤད་སྲོལ་ལ་བརྟེན་ནས་བཏགས་པ་ཡིན་ཞེས་ཀྱང་ཟེར་སྲོལ་འདུག

1501207401280347.jpg

གསེར་རྟ་རྫོང་གི་ཡུལ་ལྗོངས།

སྲིད་གཞུང་གསེར་རྒོད་རྒན་ཐང་ན་ཡོད། འདི་ནི་སྔར་ལྕགས་མོ་མགོ་ལོག་གི་ཁོངས་གཏོགས་ཡིན། གསེར་སྟོད་ན་འབྲོང་རི་སྨུག་པོ་དང་། གསེར་སྨད་ན་རྔ་ལ་སྟག་རྩེ་སོགས་རི་བོ་གྲགས་ཅན་དང་གསེར་གྱི་གཏེར་ཁ་ཡོད། སྙི་ཆུ་ནི་གསེར་རྟ་དང་དཀར་མཛེས་གཉིས་ཀྱི་བར་གྱི་ཆུ་ཞིག་སྟེ་བྱང་ནས་ལྷོ་རུ་བབས་ཏེ་ཉག་ཆུར་འབབ། གྲུབ་ཆེན་དགོན་རྙིང་ཡར་ལུང་དགོན་དང་། གསེར་རྒོད་རྒན་མཆོད་རྟེན༼ཝ་ཤུལ་དཔོན་བླ་བསོད་ནམས་ནོར་བུས་བཞེངས༽གསར་ལྷ་རྩེ་དགོན། རྣི་ཟོག་དགོན། དུང་དཀར་དགོན་སོགས་དགོན་སྡེ་རྙིང་པ་མང་ངོ་།

ཉན་ཤུལ་འཇམ་དབྱངས་གྲགས་པ་ནས།༽

1501207401978284.jpg

གསེར་པ་དང་གསེར་རྟ་པ་གསེར་ཐར་གསུམ་གོ་དོན་གཅིག་ཡིན། ཤར་ཁྲ་མོ་གླིང་དབུས་སུ་གླིང་གསེར་པའི་ཉི་འབུམ་དར་ཡག་གི་སྡེ་གླིང་ཆེ་རྒྱུད་གསེར་བ་མཆེད་བརྒྱད་ཡིན་པས་གསེར་རྟ་ཟེར་བ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་རྨ་རྫ་ཟལ་མོ་སྒང་གི་ཁོངས་སུ་ཆགས་ཡོད་པའི་ཟླ་ཁོག ཉི་ཁོག གསེར་ཁོག རྡོ་ཁོག་བཅས་ལུང་པ་བཞིའི་ནང་འཕྲེད་དུ་ཆགས་པའི་འབྲོག་སྦྲ་ནག་ཅན་ལ་ཁྲི་གཅིག རོང་ཤིང་སྒོ་ཅན་ཁྲི་གཅིག་བཅས་ཁྲི་སྣ་རུ་གཉིས་ཀྱིས་ཁྱབ་ཡུལ་དེང་གི་གསེར་རྟ་རྫོང་ཡོངས་དང།དེ་དང་ས་འབྲེལ་གྱི་དཀར་མཛེས་རྫོང་གི་རོང་སྡེ་འགའ། བྲག་འགོ་རྫོང་གི་རོང་གི་འབྲོག་སྡེ་འགའ། རྔ་བ་ཁུལ་འཛམ་ཐང་རྫོང་གི་རོང་འབྲོང་གི་སྡེ་འགའ། མགོ་ལོག་པདྨ་རྫོང་གི་འབྲོག་སྡེ་འགའ་བཅས་གྱི་མངའ་ཁུལ་ལ་དབལ་ཤུལ་གསེར་རྟ་དཔོན་རྒྱུད་ཀྱིས་དབང་བསྒྱུར་བའི་ཡུལ་སྤྱི་མིང་ལ་དབལ་ཤུལ་གསེར་རྟ་ཟེར། 

གླིང་གི་གནའ་ཤུལ་དང་རིག་གནས།

ཡུལ་ཁམས་འདི་རུ་བོད་གངས་ཅན་གྱི་རིག་གནས་དར་རྒྱ་ཆེ་བ་དང་། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་འདུན་བཟློག་ཏུ་མེད་པ། ལྷག་པར་དུ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ནི། བཤད་ན་ཚར་རྒྱུ་མེད་པ་དང་བྲིས་ན་འཛད་རྒྱུ་མེད་པ་ཞིག་ལགས། ད་དུང་མུ་མཐའ་མེད་པའི་ལྗོངས་དེའི་ས་གང་དུ་ཆས་ནའང་གླིང་གེ་སར་རྒྱལ་པོའི་རྟེན་འགངས་ཆེན་དང་གཏམ་རྒྱུད་ངོ་མཚར་ལྡན་པ་ཁྲི་སྟོང་མང་པོ་མེད་ས་ཞིག་གང་ན་མཆིས། ཡིན་ནའང་འདིར་སྐབས་སུ་བབ་པའི་བརྗོད་བྱའི་དོན་གྱི་སྙིང་བོ་ནི། གསེར་ཐར་རྫོང་ནས་ནུབ་བྱང་ཕྱོགས་སུ་ལེ་བར་ཉེར་ལྔ་ཙམ་གྱི་གསེར་ཁོག་ཀྲེན་དབལ་ཤུལ་ཤོས་ཐལ་སྟོད་མའི་ས་གནས་མཚམས་སུ། གསེར་འབྲོང་རི་སྨུག་པོ་ཞེས་པའི་གནས་རི་ཞིག་ཡོད།

1501207401547532.jpg

གླིང་གི་རྗེས་ཤུལ།

གནས་རི་དེ་མདོར་བསྡུས་ནས་བཤད་ན་འཕགས་པ་རིགས་གསུམ་མགོན་པོའི་གནས་རི་ཡིན་ལ། མདུན་གྱི་རྩྭ་ཐང་དུ་སྐྱེད་ཚལ་དང་མེ་ཏོག་གི་གླིང་ཆགས་པ་ཉི་ཟླ་ཤར་སྔ་ཞིང་སྡུད་ཕྱི་བ། ས་ཡི་ཀ་བ་བཞི་སོགས་ཀྱི་ཁྱད་པར་གྱི་ཆོས་དུ་མ་དང་མཐུན་པའི་ས་དཔྱད་ཕུན་སུམ་ཚོགས་པ་ཡོད་ལ། གནས་རི་འདི་ཡི་ཉེ་འདབས་སུ་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་ན་འདམ་ནང་དུ་རྐང་རྗེས་བཞག་པ་ཇི་བཞིན་མི་ཞིག་གི་ཞབས་རྗེས་དང་ཁྱད་པར་སྤུ་ཙམ་ཡང་མེད་པ་ལྷང་ངེར་གནས་འདུག་ལ། རྡོ་དེའི་མཐའ་རུ་དཀར་པོ་མང་པོ་སྤུངས་ཡོད། བཤད་པ་ལྟར་ན་ཞབས་རྗེས་དེ་སྐུ་རྗེ་འཛམ་གླིང་གེ་སར་རྒྱལ་པོས་གསེར་མགོན་པོ་འབྲོང་རི་ལ་བསང་མཆོད་སྐབས་གྲུབ་རྟགས་བཞག་པ་ཡིན་ཟེར། གཞན་ཡང་ཉེ་འཁོར་ཀུན་ཏུ་སྐུ་འཛམ་གླིང་གེ་སར་རྒྱལ་པོའི་རྟ་མཆོག་རྐྱང་རྒོད་གཡེར་བའི་རྨིག་རྗེས་དང་གེ་སར་བསང་ཁྲི་ལྷ་རྟ་བཏགས་སའི་རྡོ་རི་ཕུར་བ་ཡོད། ལྷ་ཁྱི་དུང་མོ་རྗེས་དང་ལྷ་ལུག་ཀ་བའི་རྗེས། འབྲུག་མོའི་སྦྲ་གུར་དང་གོས་སྒམ་སྟག་ཁྱི་གཟིག་ཁྱི། གྲུབ་ཆེན་བཻ་རོའི་ཞབས་རྗེས་སོགས་གྲུབ་པའི་རྟགས་རྣམས་དང་བྲག་རི་གཟར་མོ་ངོས་སུ་ༀ་ཨཱ་ཧཱུྃ་ལ་སོགས་པའི་རང་བྱོན་གྱི་རིགས་སོགས་གནས་འདི་ལ་ཡི་གེ་ལྟར་ཚང་མ་མཐུན་སྣང་དུ་གྲུབ་ཡོད་པ་གདའ་འོ།། གཞན་ཡང་གསེར་ཐར་རྫོང་གྱི་ཤར་ལྷོ་ཕྱོགས་སུ་ལེ་བར་སོ་དགུ་མཚམས་སུ།

1501207401999373.jpg

གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ།

ཧོར་ཤུལ་ཞེས་པའི་རྙིང་མའི་དཔལ་ཡུལ་བའི་དགོན་ཆེན་ཁག་ཅིག་ཡོད། བཤད་པ་ལྟར་ན་ཧོར་གླིང་གཡུལ་འཁྲུག་གི་འགོ་བཙུགས་ས་ཡིན་ཟེར་ཞིང་། གསེར་སྨད་རྔ་ལ་སྟག་རྩེའི་ཡར་ཐང་གསེར་ཆུའི་འགྲམ་གྱི་ཐང་དཀྱིལ་ན་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་དངོས་སུ་མཇལ་རྒྱུ་ཡོད་པ་དང་། གསེར་ཐར་རྫོང་གི་གེ་སར་ཟློས་གར་ཚོགས་པས་ལོ་རེ་བཞིན་མཆོད་བསྟོད་བྱེད་པའི་ཡུལ་སྲོལ་ཆགས་ཡོད། སྙག་གི་རྡོ་ཚ་དིལ་ལེ་ན་གསེར་པའི་ཉི་འབུམ་དར་ཡག་གི་དགུན་རའི་ཤུལ་དང་སྙག་གི་གཞི་བདག་ཨ་ལྕགས་ཨ་འབར་བུ་ཡི་སྟག་གི་མཁར་ཤུལ་མཇལ་རྒྱུ་ཡོད། གསེར་ཐར་རྫོང་གི་ཤར་ལྷོ་ཕྱོགས་སུ་ལེ་བར་གྱ་གསུམ་མཚམས་སུ་སྦོ་མདའ་ཀྲེན་དཀྱིལ་སྔོན་དགོན་པའི་འགྲམ་དུ་གླིང་གེ་སར་རྒྱལ་པོའི་བློན་ཆེན་བཀྲ་ཤིས་རབ་བརྟན་གྱི་མཁར་ཤུལ་གྱང་ཧྲུལ་མཇལ་རྒྱུ་ཡོད། གཞན་ཡང་རྫོང་སྟག་རྣ་གཟིག་རྣ་བ་དང་དཀྱིལ་གནས་མདོ་ནག་དངུལ་རི་བཅས་གནས་ཆེན་དང་གཞི་བདག་བཅས་ལ་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་དང་ལྷ་རྟའི་རྨིག་རྗེས། ཐབ་རྡོ་མདའ་ཡི་བརྒྱབ་ཤུལ། འབྲུག་མོའི་འཚོ་བའི་ཡོ་བྱད་ཡིན་ཟེར་བའི་རྡོ་འདྲ་མིན་སྣ་ཚོགས་དང་སྲས་དགྲ་ལྷའི་སྐུ་རྗེས་དང་ཁྲབ་རྗེས་རྟ་ཕོ་བཏགས་ཤུལ་གྱི་ཕ་བོང་བུ་ག་ཅན་བཅས་ཡོད།། ༼རྒྱལ་སྲས་ཆོས་དགའ།༽   

དབལ་ཤུལ་གསེར་རྟ་ཡུལ་འདི་ཡང་དགྲ་བླའི་རྒྱལ་པོའི་མཛད་འཕྲིན་ཤིན་ཏུ་རྒྱས་པའི་ཡུལ་གྲུ་ཞིག་ཡིན་གཤིས།དེ་དང་འབྲེལ་བའི་ས་མིང་ཤོད་སྲོལ་ཡང་གང་མང་མཆིས་པར། འདིར་ཟུང་ཙམ་བསྙད་ན། དེ་ཡང་སེང་ཆེན་རྒྱལ་པོས་ཡར་སྟོད་བྱང་མའི་རི་རྒྱུད་དུ། བདུད་ཀླུ་བཙན་འདུལ་བར་ཆས་པ་ན། བདུད་རྒན་ཕྱིར་ལ་སོང་ཤུལ་དུ། གེ་སར་རྒྱལ་པོ་ཤ་ར་གནམ་རྫོང་དུ་གབ། ཀླུ་བཙན་ཚུར་རང་མཁར་དུ་སླེབས་ཚེ། གེ་སར་ཡོད་པ་ཤེས་ནས་མྱུར་དུ་བྲོས། གེ་སར་གྱིས་རྗེས་དེད་དེ། གསེར་རྟ་ཡུལ་གྱི་ཟླའི་ཐང་དཀར་མར་སླེབས་ཚེ། རྗེས་ཟིན་པས་ས་དེར་འདོ་རྗེ་རྐྱང་རྒོད་ལ་སྒྲོག་བརྒྱབ་ནས་བཏགས་པའི་སྒྲོག་རྗེས་དང་རྟའི་རྨིག་རྗེས་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ནས་གེ་སར་གྱིས་མདའ་གཅིག་འཕང་བར། བདུད་རྒན་ལ་མ་ཕོག་པར་ཅུང་རིང་སོང་བས་ལུང་བ་དེར་དེང་སང་མདའ་རིང་ཟེར། ཡང་གཅིག་འཕངས་དུས་ཐུང་སོང་བར་དེར་མདའ་ཐུང་ཟེར། དེ་ནས་བདུད་རྒན་གྱིས་ས་ལ་སྤར་འཐམས་པས། དེའི་ཤུལ་ལ་སྤར་ཤག་ཟེར་བའི་ལུང་ཕྲན་ལྔ་གཤིབ་ནས་ཡོད། ས་དམར་ཞེས་པའི་ལུང་བར་སླེབས་དུས། གེ་སར་གྱིས་བདུད་རྒན་དེ་བཏུལ་ཏེ། ཤ་ཁྲག་གི་རི་ལུང་ཆུ་བྲག་དམར་པོ་བྱས་པས་དེར་དེང་དུས་སུ་ས་དམར་འབོད་པ་སོགས་མང་ངོ་།

གཞན་ཡང་། གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་གཏེར་ཆོས་སུ་བཞེས་མཁན་རྫོང་གཏེར་ཀུན་བཟང་ཉི་མ། ཆོས་རྗེ་འཇིགས་མེད་ཕུན་ཚོགས། འཇའ་མའི་ཆོས་ལོ། སྤྲུལ་སྐུ་འཇིགས་མེད་ཕུན་ཚོགས།

1501207401882121.jpg

སྒྲུང་པ་ཐུབ་བསྟན།

1501207401466585.jpg

སྒྲུང་པ་རྫ་པ་རིག་འཛིན་རྡོ་རྗེ།

1501207401447787.jpg

གེ་སར་ཞིབ་འཇུག་པ་ཞི་ཆུང་།

1501207401168894.jpg

གེ་སར་སྟོང་ཐང་ཆེན་མོའི་སྤྱི་ཁྱབ་མཛེས་འགོད་པ་ལེགས་སྨོན།

རིག་འཛིན་ཉི་མ། ཏཱ་རེ་ལྷ་མོ། པད་མ་ཡོངས་གྲོལ་རྩལ། པྲ་སྒྲུང་མཁན་རིག་འཛིན་རྡོ་རྗེ་སོགས་ཀྱིས་མཛད་པའི་གེ་སར་གྱི་སྒྲུང་དཔེ་པོད་ཉི་ཤུ་ལྷག་ཡོད། དེ་མིན་གསེར་རྟ་ཡུལ་ལ་སྒྲུང་པ་གྲགས་ཅན་ཞ་རུ་ཨ་གྲགས་དང་། ཐུབ་བསྟན་སོགས་མང་པོ་བྱོན་ལ་གེ་སར་རིག་གནས་སྐོར་ལ་བྱས་རྗེས་འཇོག་མཁན་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་། འཕྲིན་དགའ། ཚེ་པོ། ཆོས་ཀྱི་རྒྱལ་མཚན་དང་། གེ་སར་སྟོང་ཐང་ཆེན་མོའི་སྤྱི་ཁྱབ་མཛེས་འགོད་པ་ལེགས་སྨོན་སོགས་ཡོད།

གསེར་རྟ་མངའ་ཁུལ་དུ་བྱོན་པའི་གསུང་འབུམ་དང་གཏེར་ཆོས་ཅན་གྱི་སྐྱེས་ཆེན།

རྡོ་གྲུབ་སྐུ་ཕྲེང་རིམ་བྱོན།ཀཿཐོག་མཁན་ཆེན་ནུས་ལྡན།ཤུགས་ཆུང་སྤྲུལ་སྐུ་ཚུལ་བློ། བྱ་བྲལ་ཆོས་དབྱིངས་རང་གྲོལ།ཆོས་རྗེ་འཇིགས་མེད་ཕུན་ཚོགས།གནུབས་ཟུར་མཁན་པོ་འཇིགས་དབང་། ཨ་བོ་བླ་བསྟན་འཛིན་དར་རྒྱས།རོང་སྟོན་བདེ་ཆེན་གླིང་པ།ཁྲག་འཐུང་བདུད་འཇོམས་རྡོ་རྗེ། འཁོར་གདོང་འགྱུར་མེད་རྡོ་རྗེ། ཨ་ཕཾ་གཏེར་ཆེན།  སེ་ར་ཡང་སྤྲུལ།སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེ།  ཏཱ་རེ་ལྷ་མོ་སོགས་ཀྱི་གསུང་འབུམ་དང་གཏེར་ཆོས་རྣམས་པོད་བརྒྱ་ལྷག་བཞུགས། བརྗོད་བྱ་གཙོ་བོ་ནི་མདོ་སྔགས་གྱི་གཞུང་ལུགས། གསོ་རིགམཚན་ཉིད་རིག་པ།  གནམ་རིག་སྐར་རྩིས།རྩོམ་རིགདམངས་སྲོལ།རྨི་ལམ་དབྱེ་འགྲེལ།  སྒྲུབ་པ་འདོན་ཆོག་སོགས་ནང་དོན་ཟབ་ཅིང་རྒྱ་ཆེ་བས་བོད་ཀྱིས་རིག་གནས་ལ་གསོན་ཤུགས་གསར་པ་བསྣན་ཡོད། 

1501207401164690.jpg

གེ་སར་རྣམ་ཐར་ཚོགས་པའི་འཁྲབ་སྟོན།

གསེར་རྟའི་ཡུལ་མིའི་ལྷན་སྐྱེས་སུ་གླིང་གེ་སར་གྱི་རྣམ་ཐར་འཁྲབ་སྟོན་སོགས་གེ་སར་རིག་གནས་སྒྱུ་རྩལ་ལ་མཁས་ཤིང་། གསེར་རྟའི་གླིང་གི་དཔའ་ཐུལ་སུམ་ཅུའི་སྒྲུང་ངག་ནི་གེ་སར་རིག་གནས་ལོ་རྒྱུས་རང་བཞིན་གྱི་ཁྱད་ཆོས་ལྡན།

1501207401247042.jpg

གེ་སར་རིག་གནས་རྡོ་བརྐོས་སྒྱུ་རྩལ།

གེ་སར་རིག་གནས་དང་འབྲེལ་བའི་རིག་དངོས་མང་པོ་གསེར་རྫོང་གེ་སར་རིག་གནས་བཤམས་མཛོད་ཁང་དུ་ཉར་ཡོད། གསེར་རྟ་རྫོང་གེ་སར་ཟློས་གར་ཚོགས་པ་ནི་བོད་ཁུལ་ན་སྐད་གྲགས་ཅན་གྱི་ཟློས་གར་ཚོགས་པ་ཞིག་ཡིན།

གནས་སྐོར་ལྗོངས་རྒྱུ།

གསེར་རྟ་ནི་དཀར་མཛེས་ཁུལ་གྱི་བྱང་རྒྱུད་དེ་རྒྱལ་ལམ་གཅིག་དང་ཞིང་ཆེན་རིམ་པའི་ལམ་གསུམ་གྱི་དྲ་བ་འབྲེལ་ཡོད་པའི་རྫོང་ཞིག་ཡིན་ཞིང་། བོད་ཁུལ་དང་། ནང་སའི་ཁུལ། ཕྱི་གླིང་པ་སོགས་ལྗོངས་རྒྱུ་གནས་སྐོར་བ་ཆེས་མང་བའི་རང་ཁུལ་གྱི་རྫོང་ཞིག་ཡིན།

1501207401737559.jpg

གསེར་རྟའི་རྣམ་རྒྱལ་མཆོད་རྟེན།

དེ་ན་མི་ཡུལ་གྱི་དག་ཞིང་ཟེར་བའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་།  གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས།  ཁོར་ཡུག་འབག་བཙོག་གིས་མ་བསླད་པའི་གསེར་རྟ་རྩྭ་ཐང་དང་གནས་རི་སོགས་མང་པོ་ཡོད་དོ།།

1501207401213910.jpg

གསེར་པའི་བོད་ཁང་།

གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས། 

འཛམ་གླིང་ན་ཆེས་རིང་བའི་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་རྒྱལ་པོའི་སྒྲུང་ནི2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་བཙུད་པ་རེད།

1501207402719595.jpg

གེ་སར་རིག་གནས་དངོས་མང་བཤམས་སྟོན་ཁང་།

གསེར་རྟ་ནི་གེ་སར་རྒྱལ་པོའི་རྣམ་ཐར་གྱི་བཤད་རྒྱུན་ཁྱབ་ཆེ་བའི་གནས་མཆོག་ཅིག་ཡིན་ལ། གླིང་རྗེ་གེ་སར་རྒྱལ་པོའི་ལས་བཞིའི་འཕྲིན་ལས་ཀྱི་བྱིན་རླབས་གསེར་རྟའི་འབྲོག་དམངས་ཚང་མའི་སེམས་སུ་ཞུགས་ཡོད། གནས་འདིར་གླིང་གེ་སར་གྱི་རྗེས་ཤུལ་དང་གཏམ་རྒྱུད། སྒྲུང་ལེན། རྡོ་བརྐོས་སྒྱུ་རྩལ་སོགས་རིག་གནས་སྣ་མང་འཛོམས་པས་གེ་སར་རིག་གནས་སྒྱུ་རྩལ་གྱི་འབྱུང་ཡུལ་ཞེས་པའི་མཚན་སྙན་ཐོབ་ཡོད།

གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་ནི་སྤྱི་ལོ2012ལོའི་ཟླ་བ7པའི་ཚེས10ཉིན་བཞེངས་འགོ་ཚུགས་ཤིང་། 2015ལོའི་ཟླ་བ7པའི་ཚེས30ཉིན་ཡོངས་སུ་གྲུབ། དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ17818ཡོད་ལ། ཕོ་བྲང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ8658དང་སྒྱུ་རྩལ་ཐང་ཆེན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9160ཡོད། འགྲོ་སོང་བསྡོམས་འབོར་སྒོར་བྱེ་བ་བདུན་བཏང་ཡོད། མཐོ་ཚད་སྨི33.4ཡོད་ཅིང་ཁང་བརྩེགས་བདུན་ཡོད། རིག་གནས་ཁང་དང་དཔེ་མཛོད་ཁང་། གཟུགས་མེད་རིག་གནས་ཤུལ་བཞག་ཁང་། གེ་སར་བཤམས་སྟོན་ཁང་། ཟློས་གར་ཁང་། ལུས་རྩལ་ཐང་ཆེན་བཅས་ལས་གྲུབ་ཡོད།

1501207402348293.jpg

1501207402601095.jpg

གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་ཕོ་བྲང་ནི་གླིང་གི་སེང་འབྲུག་སྟག་རྩེའམ་མིང་གཞན་དུ་བདེ་མཆོག་ནོར་བུའི་ཕོ་བྲང་གི་བཀོད་པ་ལྟར་བཞེངས་ཡོད།  ཁང་བརྩེགས་བདུན་པ་ནས་ལྔ་པའི་བར་ལྷ་ཀླུ་གཉན་གསུམ་གྱི་ཕོ་བྲང་ཡོད་པ་དང་། ཕྱོགས་བཞི་ན་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཕྱོགས་བཞིའི་བདུད་བཞི་བཏུལ་ནས་དཀར་བོ་ཆོས་ལ་བསྒྱུར་བའི་མཛད་པ་རླབས་ཆེན་མཚོན་ཕྱིར་ཧོར་བདུད་མོན་འཇང་གི་ཆོས་བློན་ཆེན་པོ་བཞིའི་ཕོ་བྲང་བཞེངས་ཡོད།

1501207402394039.jpg

1501207402197885.jpg

གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་དཔེ་མཛོད་ཁང་དུ་ལོ་རྒྱུས་དང་ཆོས་ལུགས་བརྩམས་ཆོས།  བཀའ་བསྟན་འགྱུར། གླིང་སྒྲུང་སོགས་དཔེ་ཆ་སྟོང་ལ་ཉེ་བ་ཉར་ཡོད་པ་དང་། གླིང་གི་དཔའ་ཐུལ་སུམ་ཅུའི་ལྷ་ཁང་ན་ཁྱད་འཕགས་ཀྱི་བཟོ་རྩལ་ལས་བྱུང་བའི་དཔའ་བོའི་སྐུ་བརྙན་བཞེངས་ཡོད།  གཟུགས་མེད་རིག་གནས་ཤུལ་བཞག་ཁང་དུ་གསེར་རྟ་རྫོང་གིས་སྙན་འབུལ་ཞུས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བཤམས་ཡོད། དེ་དག་ནི་གེ་སར་རྡོ་བརྐོས་དང་བོད་ཀྱི་འཐག་རྩལ། གེ་སར་ཟློས་གར། བོད་ཀྱི་འབྲོག་གླུ། གེ་སར་ཐང་ག་སོགས་ཡིན།

དམངས་སྲོལ་གླིང་དུ་ཞིང་འབྲོག་མི་དམངས་ཀྱི་འཚོ་བའི་རྣམ་པ་ཕྱོགས་བདུན་ནས་མཚོན་པ་དང་དེ་འབྲེལ་གྱི་རིག་དངོས་ཡིག་ཆ་སོགས་བཤམས་ཡོད། ད་དུང་གེ་སར་རྒྱལ་པོའི་རྟོགས་བརྗོད70ལྷག་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཐང་ག1288ཡོད་པའི་གེ་སར་སྟོང་ཐང་ཐེངས་དང་པོ་བཤམས་སྟོན་བྱས་པ་ནི་བོད་ཀྱི་ཆེད་རམས་པ་དུ་མས་ལོ་བཅུ་ལ་འབད་བརྩོན་ལྷུར་ལེན་བྱས་པའི་གྲུབ་འབྲས་དང་འཛམ་གླིང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཡང་རྩེ་ཡིན། གཞན་ཡང་བོད་ཀྱི་ཟློས་གར་དང་གླུ་བྲོ་སོགས་དམངས་ཁྲོད་རིག་གནས་ཀྱི་འཁྲབ་སྟོན་བྱེད་སའང་ཡིན་ནོ།།

1501207402707264.jpg

གསེར་ཐར་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

གསེར་ཐར་རྫོང་གྲོང་གི་ལམ་སྒྲོན་གྱི་ཞབས་སྟེགས་ནི་མཆོད་རྟེན་གྱི་གཟུགས་སུ་གྲུབ་ཅིང་གཞུང་རྟར་བྱ་འབྲུག་གི་རི་མོས་བརྒྱན་པ་དང་། རྩེ་མོ་ནོར་བུ་མེ་འབར་དུ་བྱས་ཡོད། བཀྲ་ཤིས་པའི་རི་མོས་བརྒྱན་པའི་སྒྲོན་སྣོད་གྲུ་བཞི་བྱ་བཞི་ཡིས་ཕྱོགས་བཞིར་བཏེགས་ནས་ཡོད་ཅིང་། བརྗིད་རྔམ་ཆེ་ཞིང་གསེར་མདངས་བཀྲ་བས་གསེར་རྟའམ་གསེར་ཐར། གསེར་ཐང་སོགས་ས་མིང་གི་ཤན་ཞུགས་པར་མ་ཟད། གེ་སར་རིག་གནས་སོགས་ས་གནས་རིག་གནས་ཀྱི་ཤན་ཡང་དུ་མ་ཞུགས་ཡོད་དོ།།

ཁམས་པའི་བོད་ཡིག་དྲ་བའི་འཕྲིན་ཕྲན་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།