ཀྲུང་གོ་བོད་ཀྱི་དྲ་བ།

དར་མདོའི་མིང་གི་འབྱུང་ཁུངས།

ཡོང་ཁུངས། : ཁམས་པའི་བོད་ཡིག་དྲ་བ།ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་འགྲོའི་གཏམ།

དེ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་གསལ་པོ་ཞིག་མ་གོ་ན་ནགས་ཀྱི་སྤྲེའུ་ཉིད་དང་ཁྱད་པར་མེད་པ་ལྟར། སྤྱིར་འཛམ་གླིང་གི་ལོ་རྒྱུས་དང་གནས་བབ་མ་གོ་རུང་མ་ཐ་ཡང་རང་ས་རང་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ཤིག་དགོས་ངེས་ཡིན་པས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་མིང་གི་འབྱུང་ཁུངས་ལ་དཔྱད་པ་གཙོས་པའི་རྫོང་ཁག་སོ་སོའི་གནས་ཚུལ་རགས་བསྡུས་དང་། རྫོང་གླུ། ལམ་སྒྲོན། རིག་གནས། ཡུལ་སྐོར་བཅས་པར་རིས་དང་སྦྲགས་པའི་ཆེད་བསྒྲིགས་ལེ་ཚན་ཞིག་རྒྱ་ཆེ་བའི་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། རྫོང་ཁག་བཅོ་བརྒྱད་ཚང་མ་བཀོད་ཚར་རྗེས་འཕྲིན་ཕྲན་སྤྱི་སྟེགས་ནས་རང་གི་ཆེས་དགའ་བའི་རྫོང་དང་གྲོང་ཁྱེར་ལ་བསྟོད་པའི་འདེམས་ཤོག་འཕེན་ཆོག་ལ་དཔྱད་གཏམ་ཡང་གཞག་ཆོག་པས་སྐབས་དེ་དུས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དོ་སྣང་བྱེད་རོགས།། 

1501133329198946.jpg

དར་མདོ་གྲོང་ཁྱེར་ཆགས་ཚུལ།

དར་མདོའི་མིང་གི་འབྱུང་ཁུངས།

དར་རྩེ་མདོ་ཞེས་པའི་ཐ་སྙད་དེ་ལ་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བ་འགའ་འདུག་སྟེ།དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པོའི་ཤཱཀྱའི་དགེ་སློང་སྐལ་བཟང་བདུད་འདུལ་གྱི《རང་རྣམ》ལས།དར་གྱི་རྩེ་མོ་འདུས་པའི་མདོ་འདི་ལ།།ཚོང་འདུས་ནོར་བུ་གླིང་ཞེས་བདག་གི་ཡུལ།།དེའི་མིང་ངེས་ཚིག་ཅུང་ཟད་གླེང་བ་ན།།རྒྱ་བོད་ཟུང་གི་ཆོས་སྲིད་ལུགས་གཉིས་ཀྱི།།སྲོལ་ནི་ཤིན་ཏུ་དར་བས་དར་ཞེས་བརྗོད།།དེ་ཡང་རྒྱ་བོད་ཟུང་ལ་ཕན་ཚུན་དུ།།ཐོག་མར་འབྱུང་བའི་རྩེ་མོ་ལྟ་བུར་རྩེ།།ཆུ་ཟུང་འདུས་པའི་མདོ་ལ་མདོ་ཞེས་གྲགས།།རྒྱ་བོད་ཧོར་སོག་ཚོང་པ་ཀུན་འདུས་པའི།།གྲོང་ཁྱེར་ཡིན་པས་ཚོང་འདུས་མིང་དུ་ཐོབ།།རྒྱ་བོད་ཆོས་སྲིད་གང་ལ་མཁོ་བ་ཡི།།ཕུན་ཚོགས་འདོད་དགུ་མ་ལུས་འབྱུང་བས་ན།།ནོར་བུ་གླིང་ཞེས་ཆོས་མཚུངས་སྒྲོ་བཏགས་མིང་།།ཞེས་གསུངས་པས་ཆོས་སྲིད་དང་ཆུ་བོ་སོགས་ལ་སྦྱར་ནས་འགྲེལ་བཤད་གནང་བའོ།།

1501133329724591.jpg

དུས་རབས་ཉི་ཤུ་པའི་ནང་དུ་བྱོན་པའི་མི་ཉག་མགོན་པོས་མཛད་པའི《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་ཚལ》ལས།དར་རྩེ(རྩི)མདོ་ཞེས་པ་མི་ཉག་གི་སྐད་དེ།དར་ནི་གོས་དར་དང་རྩི་ནི་སྨན་གྱི་དོན་ཡིན་པས།རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་ཟེར།ཞེས་གསུངས་པས་ཚོང་ར་དང་སྦྱར་ནས་འགྲེལ་བཤད་གནང་བའོ།།

དེང་དུས་ཀྱི་མཁས་པ་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་མཛད་པའི《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》ལས།(རྒྱ་ཡིག)དར་ནི་དར་ལྕོགརྩེ་ནི་རྩེ་མོ།མདོ་ནི་ཆུ་གཉིས་ཀྱི་མདོ།དར་ལྕོག་གི་འོག་ཆུ་གཉིས་ཀྱི་མདོར་གནས་པས་དར་རྩེ་མདོ་ཞེས་འབོད།ཅེས་གསུངས་པས་དར་ལྕོག་དང་ཆུ་བོ་ལ་སྦྱར་ནས་འགྲེལ་བཤད་གནང་བའོ།།

1501133329458694.jpg

ཐུབ་བསྟན་ཆོས་དར་གྱི་ལྟ་ཚུལ་ནི།དར་རྩེ་མདོ་ཞེས་པ་འདི་བོད་སྐད་ཡིན་པ་ནི་སྨྲོས་ཅི་དགོས།མ་ཟད་གྲོང་ཁྱེར་འདི་ཆུ་གཉིས་དང་རི་གསུམ་གྱི་མདོར་ཆགས་ཡོད་པས་མདོ་ཞེས་མིང་བཏགས་པ་ལ་རྩོད་པ་གང་ཡང་མ་མཆིས།དར་རྩེ་ཞེས་པའི་ཚིག་འབྲུ་གཉིས་པོའི་ཐད་ཀར་ཀྱི་གོ་དོན་ནི་དར་རྒྱས་དང་རྩེ་མོའི་དོན་ཡིན་པ་ཀུན་ལ་གསལ།དེ་ལྟར་བཏགས་པའི་རྒྱུ་མཚན་འདི་ཡིན་ཞེས་ཁ་ཚོད་གཅོད་པའི་སྤོབས་པ་བདག་ལ་མ་མཆིས་མོད།འོན་ཀྱང་དར་རྩེ་མདོའི་མདུན་རི་ལ་ལྷ་མོ་རྩེ་ཞེས་འབོད་པའི་གངས་རི་མཛེས་ཤིང་བརྗིད་ཆགས་པ།མཚོ་རིགས་ཁ་དོག་མི་འདྲ་བ་ལྔས་བསྐོར་བ་ཞིག་ཡོད་པས།རྩེ་ཞེས་པ་དེ་མདུན་རིའི་མིང་དང་འབྲེལ་བ་ཞིག་ཡོད་སྲིད་དོ།།

1501133329714125.jpg

རྒྱའི་དེབ་ཐེར་དག་ལས་དར་རྩེ་མདོ་ལ་ཏཱ་ཅན་ལུའུ(打箭炉)ཞེས་བྲིས་འདུགལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཚིག་དེའི་སྒྲ་ཐད་བསྒྱུར་ལས་བྱུང་བ་ཡིན་པར་མ་ཤེས་པས།ཏཱ་ནི་མདའ་འཕངས་པ་དང་།ཅན་ནི་མདའ་ལ་ངོས་འཛིན་བྱས་ནས་འགྲེལ་ལོག་གནང་བའོ།།

དར་མདོ་གྲོང་ཁྱེར་གྱི་ངོ་སྤྲོད་མདོར་བསྡུས།

དར་མདོ་ནི་འཛམ་གླིང་ལ་གྲགས་པའི་གནའ་གྲོང་ཞིག་ཡིན་ལ། ཕག་མོ་རི་བོ་དང་དར་མདོའི་མཛའ་གཞས་ཞེས་གནམ་འོག་ལ་གྲགས་ཤིང་། དར་མདོ་གྲོང་ཁྱེར་ལ་ཡུན་རིང་གི་ལོ་རྒྱུས་དང་མཚར་སྡུག་གི་རིག་གནས་མངའ་ཞིང་། གནའ་ནས་ད་བར་ཁམས་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་། ཚོང་ལས། ཆ་འཕྲིན་ལྟེ་གནས། འགྲིམ་འགྲུལ་གྱི་འགག་གནས་བཅས་ཡིན། གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11422.75ཡོད་པ་དང་བོད་རིགས་གཙོས་པའི་རྒྱ་རིགས་དང་ཧུའུ་རིགས། དབྱི་རིགས། ཆའང་རིགས་སོགས་མི་གྲངས134063ཡོད།དར་མདོ་གྲོང་ཁྱེར་ལ་གྲོང་རྡལ6དངཤང15གྲོང་མིའི་ཨུ་ཡོན་ལྷན་ཁང235སྡོད་དམངས་ཨུ་ཡོན་ལྷན་ཁང12བཅས་ཡོད།

དར་མདོ་གྲོང་ཁྱེར་གྱི་ཁོངས་གཏོགས་ནང་མཁར་རྫོང་དང་བོད་ཁང་གི་འཛུགས་སྐྲུན། གླུ་བྲོ་དང་བཟའ་བཏུང་རིག་གནས་ཕུན་སུམ་ཚོགས་པར་མ་ཟད། གནས་རི་དང་གཙང་ཆུ། མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ཀྱང་མང་པོ་ཡོད།།

1501133329191892.jpg

གངས་དཀར་དགོན་རྙིང་།

1501133329996708.jpg

བཞག་བྲ་ལྷ་རྩེ།

1501133329485896.jpg

མིང་རྒྱལ་རབས་དུས་ཀྱི་ལྷ་ཁང་རྙིང་པ།

1501133330296393.jpg

ཆིང་རྒྱལ་རབས་དུས་ཀྱི་ལྷ་ཁང་རྙིང་པ།

1501133330444671.jpg

སི་ཧུ་རྒྱལ་པོའི་སྲུང་མ་ཁང་ཤུལ།

1501133330917965.jpg

ཝ་ཡོད་གྲོང་པའི་ཁང་རྙིང་།

1501133330495996.jpg

ཁང་རྙིང་ནང་གི་ཇ་ཁང་།

1501133330214975.jpg

མི་ཉག་མཁར་རྫོང་།

1501133330536286.jpg

ཐང་སྟོང་རྒྱལ་པོས་བཞེངས་པའི་ལྕགས་ཟམ།

1501133330678112.jpg

མི་ཉག་ཡུལ་གྱི་རང་འཐག

1501133330422747.jpg

མི་ཉག་སྐོར་བྲོ།

1501133330858268.jpg

མི་ཉག་གི་གཉེན་སྟོན།

1501133330828012.jpg

མི་ཉག་གི་རྒྱན་གོས།

1501133330252699.jpg

མི་ཉག་གི་བུ་མོ།

1501133330607487.jpg

དར་མདོ་གྲོང་ཁྱེར་གྱི་ལམ་སྒྲོན་གྱི་ཁྱད་ཆོས།

དར་མདོ་གྲོང་ཁྱེར་གྲོང་ཁུལ་གྱི་ལམ་སྒྲོན་ནི་གྲུ་བཞི་མཆོད་རྟེན་གྱི་དབྱིབས་སུ་གྲུབ་ཅིང་སྒྲོན་དབྱིབས་བོད་ཀྱི་མ་ཎིའི་ལག་འཁོར་གྱི་གཟུགས་ཡིན་ཞིང་ལྕགས་འབྲུག་གི་སྤྲིན་རིས་ཀྱིས་སྦྲེལ་ཡོད་པས་དར་མདོའི་མཛའ་གཞས་རིག་གནས་ཀྱི་ཤན་ཞུགས་ཡོད། དེ་མིན་པད་མའི་གཟུགས་སུ་གྲུབ་པ་ཡང་ཡོད་པས་ཡུལ་སྐོར་རིག་གནས་དང་འབྲེལ་བ་ཡོད་དོ།།

ཁམས་པའི་བོད་ཡིག་དྲ་བའི་འཕྲིན་ཕྲན་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།