མདུན་ཤོག- གནས་སྐོར།- མཚར་སྡུག་ཡུལ་སྲོལ།

མི་ཉག་ཡུལ་གྱི་གཉེན་སྟོན་མཛད་སྒོ་དང་དེའི་འཕེལ་འགྱུར།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-08-21 16:22

སྤྱིར་མདོ་དབུས་ཁམས་གསུམ་བཅས་བོད་ཁུལ་གྱི་གཉེན་སྒྲིག་སྟོན་མོའི་ལུགས་སྲོལ་ལས་ཚ་ཞང་དང་གཏམ་བཤད་སོགས་སྤྱིའི་འགྲོས་གཅིག་མཐུན་ཡིན་ཀྱང་། བྱེ་བྲག་ས་ཕྱོགས་དང་ཡུལ་ལུང་སོ་སོའི་གོམས་སྲོལ་གྱི་དབང་གིས་མི་འདྲ་བའི་ཁྱད་པར་ཡང་ཡོད་པ་རེད། དེང་སང་སྤྱི་ཚོགས་དང་ཁོར་ཡུག་དར་ཞིང་རྒྱས་པའི་དབང་གིས་ཕྱིར་ཡོང་རིག་གནས་ཀྱི་ཤུགས་རྐྱེན་ཡང་ཟབ་མོ་ཐེབས་པས་མི་སེར་གྱི་འཚོ་བ་སྤྱོད་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་ཀྱང་འགྱུར་བ་ཕྲན་བུ་བྱུང་བཞིན་ཡོད་པ་དང་། ཁྱད་པར་དུ་ཁམས་ཕྱོགས་ཀྱི་མི་ཉག་ས་ཁུལ་དུ་གཉེན་སྒྲིག་སྟོན་མོ་དེ་གནའ་དེང་ཟུང་འབྲེལ་དང་། སྔར་མེད་གསར་སྤེལ་གྱི་འགྱུར་བ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

མི་ཉག་ས་ཁུལ་གྱི་གཉེན་སྒྲིག་བག་སྟོན་ལ་རིན་ཐང་བྲལ་བའི་གནའ་རབས་གཉེན་སྟོན་གྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཉེན་སྟོན་གྱི་འགོ་གཞུག་བར་ཉིན་ཞག་གསུམ་ཙམ་གྱི་རིང་ལ་བག་སྟོན་གྱི་མཛད་སྒོ་གཟབ་རྒྱས་སྤེལ་སྲོལ་ཡོད་པ་སྟེ། ཐོག་མར་བག་མའམ་མག་པ་བསུ་མི(ཚ་བོ)དེ་བག་མའང་མག་པ་གཏོང་ཡུལ་གྱི་ཁྱིམ་ཚང་དེར་འབྱོར་རྗེས། ཞང་པོ་མཇལ་བའི་མཇལ་དར་ཞེས་དར་དཀར་ཞང་པོར་ཕུལ་བ་དང་། དེ་རིང་སྐལ་བཟང་བཀྲ་ཤིས་ཀྱི་ཉིན་མོ་ལ་ཁོ་རང་འདིར་ཡོང་དོན་རྣམས་ཞུ་བ་ལ། ཞང་པོས་དང་པོ་བླ་མ་ལ་ཐུག་ན་བླ་མ་ཁོག་པ་ཆོས་ཀྱི་ལོ་རྒྱུས་རེད། ཆོས་ཁྲིམས་དར་གྱི་མདུད་པ་རེད། དར་ཞིག་ན་མདུད་པ་མི་ཞིག་པའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད་ཅེས་དང་པོར་བླ་མ་དང་གཉིས་པ་དཔོན་པོ། གསུམ་པ་ཞང་བོ་བཅས་ཞང་པོ་མཇལ་བའི་མཇལ་དར་གྱི་གཏམ་བཤད་པ་དང་། དེ་ནས་བཞུགས་གྲལ་བསྒྲིགས་ཏེ་ཨ་ཞང་གིས་ད་སྡེ་བ་འདི་ཚོ་ཡི། གྲལ་ཡར་གྲལ་གསེར་གྱི་བུམ་པའི་ནང་དུ། བདེ་མོའི་གཏམ་ཁ་ཕྱེ་བ་ཟེར་མཁན་དེ་ཕུལ་ཨ་ཆོག་ཟེར་ན་ཕུལ་ཆོག་ཆོག་ཁ་དང་བཅས་པ་རེད། གྲལ་འགྲིག་པ་དང་ཡོངས་ཚང་བ་ཡི་མཆོད་ཡོན་ཞབས་ཕྱི་ཞུ་ཡོད་རྒྱུ་རེད་ཅེས་བདེ་མོ་གཏམ་ཁ་ཕྱེ་བའི་གཏམ་དང་། དེ་ནས་ཐབ་ལྷ་མི་འཁྲུག་པ་དང་ཆོས་སྐྱོང་མི་འཁྲུག་པ་ལ་སོགས་པའི་རྟེན་རིགས་བཞིའི་གཏམ་བཤད་དང་ས་བསྟོད་དང་འབྲེལ་བའི་གཏམ་བཤད་སོགས་བྱེད།

དེ་བཞིན་མཚན་མོར་མུ་མཐུད་དུ་བག་གོས་འཇོག་ལེན་གྱི་གཏམ་བཤད་དེ། བག་གོས་ལེགས་མ་བཅུ་གསུམ་ཟེར་བ་འདི་ཕོ་ལུགས་རེ་གོས་བཅོ་བརྒྱད་དང་། མོ་ལུགས་རེ་གོས་བཅུ་གཉིས་སོགས་མགོ་ཞྭ་མོའི་ཐོག་ནས་རིམ་པ་བཞིན་དུ་གྲལ་འགྲིག་པ་དང་ཡོངས་ཚང་བའི་རྒྱུ་མཚན་དང་བཅས་ཏེ་གཏམ་བཤད་པ་དང་། དེ་ནས་བྲོ་གཏམ་བཤད་པ་སོགས་ཀྱིས་གླུ་གར་གྱི་མདུན་བསུས་ཏེ་ནངས་སྔ་ཉི་མ་རི་རྐེད་ལ་འཆར་བར་དུ་བཀྲ་ཤིས་པའི་འགྲོ་བྲོ་འཁྲབ། ཉིན་གཉིས་པའི་སྔ་མོར་གནས་ལ་འགྲོ་གྲབས་བྱེད་རིང་ཡུལ་ལུང་སྡེ་བའི་གཉེན་མི་མཛའ་གྲོགས་ཀུན་གྱིས་བརྫངས་ནོར་ཁ་བཏགས་དང་བཅས་པས་སྐྱེལ་མ་བྱེད་པ་དང་། དེ་ནས་ཕ་མ་རྒན་རབས་རྣམས་ཀྱིས་བཀྲ་ཤིས་སྨོན་ལམ་འདེབས་པ་དང་། གནས་ལ་འགྲོ་མི་དེས་ཐབ་ཀ་ལ་ཕྱག་ལན་གསུམ་འཚལ་ཏེ་བག་མ་གདན་ཞུའི་གཏམ་དང་གླུ་གཞས་ཀྱིས་སྒོ་ཕྱིར་བུད་དེ་རྟ་སྒ་ཆས་ཆ་ཚང་ཅན་བདུན་བརྒྱད་བཅས་གནས་ཀྱི་ལམ་ལ་ཞུགས།

བག་མའམ་མག་པ་ལེན་ཡུལ་གྱི་ཁྱིམ་ཚང་དེས་བསུ་མ་བྱ་བ་ལ་བསུ་རིང་ཞེས་པ་ལམ་ཕྱེད་བར་དང་བསུ་ཐུང་བྱ་བ་ཐག་ཉེའི་ས་ནས་བསུ་མ་བྱེད་ཅིང་མཆོད་ཆང་ཕུལ་རྗེས་སྡེ་པ་དེ་ཚང་གི་སྒོ་ཁར་བསུ་བ་དང་། དེ་ནས་རྟ་བབས་རིན་ཆེན་བཅུ་གསུམ་གྱིས་དུས་ཡུན་ཆུ་ཚོད་འགའི་རིང་ལ་གཏམ་བཤད་བྱེད་ཅིང་། གཉེན་སྟོན་གྱི་འགོ་གཞུག་བར་ལ་ད་དུང་ས་བསྟོད་བཤད་པའི་གཏམ་དང་བྲོ་གཏམ། བག་མ་གདན་ཞུའི་གཏམ། སྐས་འཛར་གྱི་གཏམ། བཞུགས་གྲལ་གྱི་གཏམ། དར་སྐྱེས་ཀྱི་གཏམ་སོགས་ཧ་ཅང་མང་བས་འདིར་རེ་རེ་བཞིན་བཀོད་ཐབས་བྲལ།

དེ་ནས་གཡང་ལེན་བླ་མས་ཁང་སྟེང་ནས་གཡང་ལེན་དང་བག་ཁྲུས་བྱེད་ཅིང་ལྷ་བསང་མཆོད། སྒེག་ཉམས་ལྡན་པའི་བུ་མོ་འགས་རྒྱན་གོས་གཟབ་འཆོར་ལེགས་པར་སྤྲས་ཏེ་འོ་ཆུ་དཀར་པོ་གནམ་ལ་འཕྱར་ཞིང་གཡང་འབོད་བྱེད། དེ་ལྟར་དབང་ཐང་འབྱུང་བ་མཐུན་པའི་བསུ་མི་ཞིག་གིས་བག་མ་རྟ་ལས་བབས་རོགས་བྱས་པ་དང་། ཨ་ཞང་གིས་སྡེ་པ་དེ་ཚང་གི་རྒྱབ་ར་ཕྱི་མ་དང་ནང་མ། སྐས་འཛར་བཤད་པ་བཅས་ཀྱི་གཏམ་བཤད་དང་གླུ་གཞས་དང་བཅས་བག་མ་ཁྱིམ་ལ་བསུ། དེ་བཞིན་གཉེན་མི་མཛའ་གྲོགས་ཀུན་འདུས་ཏེ་མཚན་གུང་དེ་ནས་ཉིན་གཉིས་པའི་བར་གླུ་ལེན་གར་འཁྲབ་བྱས་ནས་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བཞིན་ཡོད།

དེང་སང་མི་ཉག་ས་ཁུལ་གྱི་གཉེན་སྟོན་གྱི་མཛད་སྒོ་སྤེལ་བ་ལ་འགྱུར་བ་ཕྲན་བུ་བྱུང་བཞིན་ཡོད་པ་སྟེ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་སྔར་ལས་ཇེ་ལེགས་སུ་སོང་བ་དང་། མི་རྣམས་ཀྱི་བསམ་པའི་བློ་ཕྱོགས་ཀྱང་རིམ་གྱིས་འགྱུར་བཞིན་ཡོད་པས། ཡུལ་སྲོལ་གོམས་གཤིས་དང་སྤྱོད་རྣམ་བཞི་སོགས་ཀྱི་ཐད་ནས་ཀྱང་འགྱུར་བ་དང་འཕེལ་རྒྱས་ཆེན་པོ་ཡོང་བཞིན་འདུག འདི་ལོའི་ལོ་སར་སྐབས་ང་རང་ཕ་ཡུལ་དུ་ཕྱིན་པ་ན་ཕ་ཡུལ་གྱི་ལོ་སར་གྱི་རྣམ་པའང་ལོ་རེ་ལས་ལོ་རེར་ཇེ་ལེགས་དང་ཇེ་རྒྱས་སུ་སོང་བ་དང་། ལྷག་པར་དུ་གཉེན་སྟོན་མོའི་སྐབས་སུ་སྔར་ཡོད་ཀྱི་གོམས་སྲོལ་གཞིར་བཅས་སྟེང་བག་མ་བསུ་བ་ལ་རླངས་འཁོར་ཆུང་ཆུང་དང་སྦག་སྦག་འཁོར་ལོ་བཅུ་ཕྲག་ཁ་ཤས་ཀྱིས་ལུང་མདའ་ནས་ལུང་ཕུའི་བར་གྲལ་བསྒྲིགས་ཏེ་བསུ་བ་དང་། ཁྱིམ་དུ་བསུ་རྗེས་ཡུལ་མི་གཉེན་མཛའ་ཀུན་ལྷན་དུ་འཛོམས་ཏེ་ཤ་དང་ཚལ་སྣ་མི་འདྲ་བའི་ཟས་རིགས་མོད་པོ་གཡོས་ཤིང་ལྦུ་ཆང་ཨ་རག་སོགས་ཆང་རིགས་སྣ་ཚོགས་ཀྱིས་སྣེ་ལེན་གཟབ་རྒྱས་བྱས་པ་སོགས་ཞིང་འབྲོག་ས་ཁུལ་གྱི་གཉེན་སྟོན་དེ་གནའ་དེང་ཟུང་འབྲེལ་གྱི་འཕེལ་འགྱུར་ཆེན་པོར་བྱུང་བཞིན་ཡོད་དོ།།

དེ་ལྟར་དུས་དང་རྐྱེན་གྱིས་གཉེན་སྒྲིག་གི་སྟོན་མོ་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། དེ་ནི་མི་རྣམས་ཀྱི་འཚོ་བ་དང་དཔལ་འབྱོར། བསམ་བློ་བཅས་ནས་ཉིན་བཞིན་གོང་དུ་འཕེལ་བ་དང་འབྲེལ་བ་ངེས་ཅན་ཡོད་པས་ང་ཚོའི་སྙིང་ཁོང་རུས་པའི་གཏིང་ནས་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད་མོད། ཡིན་ཡང་རིན་ཐང་བྲལ་བའི་གནའ་རབས་ཀྱི་ཡུལ་སྲོལ་རིག་གནས་འདི་དག་ཀྱང་དེ་ལྟར་རང་སོར་ཉམས་མས་སུ་སོང་ན་བློ་ཕམ་པ་ཞིག་ཀྱང་ཡིན་པས་ཕྱོགས་གཉིས་ནས་སྐྱོབ་ཅིང་གོང་ནས་གོང་དུ་སྤེལ་ཐུབ་པ་ཞིག་ལ་སེམས་དགོས་སོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག