མདུན་ཤོག- གནས་སྐོར།- མཚར་སྡུག་ཡུལ་སྲོལ།

མང་ར་ཡུལ་གྱི་གཉེན་སྲོལ་ལས་བག་མ་བསུ་བའི་སྐབས་ཀྱི་མཆོད་ཁ་འཕེན་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-08-21 16:22

མནའ་མ་སྐྱེལ་དུས་ཨ་ཞང་ལྔ་དང་བདུན་ཙམ་གྱིས་བསྐྱལ་བ་ལས་མང་པོ་འགྲོ་སྲོལ་མེད། སྐྱེལ་མཁན་གྱི་ཉེ་མི་དག་ལ“ཨ་ཞང”ཟེར་བ་ཡིན། གཉེན་ཚང་ལ་ཐག་ཉེ་ན་བུ་མོ་ལོ་ཆུང་རེ་གཉིས་ཀྱིས་སླེ་བོ་ནང་དུ་ཁ་རྩི་འཁུར་ནས་སྐྱེལ་བ་ཡིན། ཐག་ཅུང་རིང་ན་གོ་རེ་ཁ་རྩི་ལ་བལ་འདབ་འཐེན་ནས་རྫོང་བ་སྟེར་བ་རེད། བག་མའི་རྟ་ཁའི་ཞང་པོའམ་མིང་པོས་འཁྲིད་དེ་གཉེན་ཚང་ལ་ཅུང་ཐག་རིང་བའི་མཚམས་སུ་དེ་དང་ཐག་ཅུང་ཉེ་བའི་ཁྱིམ་མཚེས་ཀྱི་སྡེ་ན་ཡོད་པའི་ཤ་ཉེ་འབྲེལ་ཡོད་པ་སྔུན་ལ་བུད་ནས་ཁ་སྲོས་འཛིན་བཞིན་ཡོད། ཇ་བསྐོལ་བ་དང་། ཤ་འཚོད་པ། ཤ་མོག་སོགས་ཁྱེར་ཡོང་ནས་གསོལ་ཚིགས་བཞེས་བཞིན་ཡོད། ས་ཆ་ལ་ལར་ཨ་ཞང་རྣམས་ཀྱིས་རྫི་བྱས་ནས་གཉེན་ཚང་ནས་ཟ་མ་ཉུང་ཙམ་ལས་མི་ཟ། འདོད་ཟ་འདོད་འཐུང་བྱས་ན་ངོ་ཚ་ཆེན་པོ་ཞིག་ལ་བརྩི་གྱིན་འདུག་པས་ཉིན་ཧྲིལ་བོར་ལྟོགས་སྐོམ་མི་མྱོང་པའི་ཆེད་ལམ་བྲོ་དང་ཁ་སྲོས་འཛིན་པའི་སྲོལ་ཆགས། སྡེ་བ་གཅིག་དང་སྡེ་བ་གཉིས་ཁྱིམ་མཚེས་ཡིན་ན་ཁ་སྲོས་མི་འཛིན་པ་རེད། ད་ལྟ་མིའི་བསམ་བློ་འཕེལ་རྒྱས་སོང་བའི་རྐྱེན་གྱིས་རྫི་བྱེད་པའི་སྲོལ་མི་འདུག

ཨ་ཞང་ཚང་ས་ཐག་རིང་བོ་ཉིན་ལམ་གཉིས་ཀྱི་ས་ཡིན་ན་གཉེན་ཚང་གིས་ས་མཚམས་སུ་ཇ་ཐབ་འཛིན་གྱིན་ཡོད། བ་ཁ་བཏབ་ནས་རས་གུར་ཕུབ་ཏེ་ཞག་གིས་འདུག་པའང་ཡོད། ཨ་ཞང་ཚང་གིས་ཐུགས་ཐོག་ཅུང་མ་ཡོང་ན་གཏམ་འདི་ལྟར་གཏོང་བ་རེད།

དཔེར་ན།

ད་ནངས་ཡུལ་ནས་ལམ་ལ་ཆས་དུས། །

མགོ་ཝ་མོ་ཡིས་ཉི་ཟླ་གཡོགས་ལེ། །

རྐང་སག་ལྷམ་གྱིས་ས་གཞི་གཡོགས་ལེ། །

སྐེ་འཁོར་གསུམ་གྱིས་བར་སྣང་གཡོལ་ལེ། །

ཁེས་བོ་ཆེ་ལ་ཉག་འཐེན་ལེ། །

ལམ་མོ་ཆེ་ལ་རྡུལ་གྱིས་བཀང་ནས། །

ཨ་ཞང་ཚང་ཐོན་བཏང་ན། །

ཁྱོད་ཀས་མགྱོགས་པ་གསུམ་ལ་སྒ་བསྟད་ལེ། །

བདེ་མོ་གསུམ་ལམ་མ་ལངས་ལེ། །

ཚོན་པོ་གསུམ་ཤ་བདག་བྱས་ལེ། །

ས་ཆ་གསུམ་ནས་ཇ་ཐེབས་མི་འཛིན་དོན་ཅི་ཡིན་ཞེས་པའི་གཏམ་གཏོང་བ་རེད།

གཉེན་ཚང་གིས་མགྱོགས་མྱུར་གྱིས་ཨ་ཞང་ཚང་ལ་ཞུ་འབུལ་དང་ཐུགས་སྐོང་ཐབས་བྱེད་དགོས། གསོལ་ཚིགས་བཞེས་ཚར་རྗེས་ལམ་ལ་ཆས་པ་རེད།

གཉེན་ཚང་ལ་ཐོན་གྲབས་ཡོད་པའི་སྐབས་སུ་བོད་ལྭ་གྱོན་པའི་སྟག་ཤར་ཟུང་གིས་དཀར་ཡོལ་འབྲུག་མའི་ཁ་ལ་མར་རྒྱན་བཏང་སྟེ་ཆང་དམ་བི་སྐེ་ལ་བལ་འདབ་འཐེན་ནས་དྲི་སྐོལ་རིམ་པ་དང་པོ་བཟུང་ནས་ཨ་ཞང་ཚང་གི་འགྲུལ་མགོ་ལ་འགྱོག་འདྲི་དང་བཅས་ཐོག་མར་དྲངས་མཐར་དེས་སྲིན་མཛུབ་ཀྱིས་མཆོད་པ་འཕེན་ཞོར་ལ་མཆོད་ཁ་བརྩི་བ་རེད།

བོད་རིགས་ནི་དད་འདུན་ཆེ་བའི་མི་རིགས་ཤིག་ཡིན། ཆོས་ཀྱི་ཆོ་ག་དང་ཕྱག་ལེན་ལ་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག སངས་རྒྱས་ཆོས་ལུགས་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་གོ་གནས་གལ་ཆེན་བཟུང་ཁར་། བོད་ཀྱི་ཁྱིམ་ཚང་མང་ཤོས་སུ་མཆོད་ཁང་རེ་ཡོད་ལ། མཆོད་ཁང་ནང་དུ་ནམ་རྒྱུན་ཆད་མེད་པར་མཆོད་པ་འབུལ་སྲོལ་འདུག མེ་ཏོག་དང་མཆོད་མེ། དོང་ངོར་བདུན་ཚར་གཅིག་གི་ནང་ གཙང་ཆབ་ཀྱིས་མཆོད་བཤམས་བྱེད་པ་རེད། ཇ་འཐུང་དུས་དང་ཆང་དམ་བི་ཁ་འབྱེད་དུས་མཆོད་ཁ་འཕེན་སྲོལ་འདུག གཉེན་བསུ་བྱེད་དུས་སུ་དྲི་བསྐོལ་འཛིན་མཁན་གྱིས་འགྱོག་འདྲི་དང་བཅས་ཆང་དྲངས་ན་མཆོད་ཁ་འཕེན་ཞོར་ལ་མཆོད་ཁ་བརྩི་བའི་སྣང་ཚུལ་འདུག

དཔེར་ན།

མཆོད་མ་ཨཱ་ཧཱུཾ། མཆོད་མ་ཨཱ་ཧཱུཾ། མཆོད་མ་ཨཱ་ཧཱུཾ།

མཆོད་མཆོད་ལ་དགུང་སྔོན་གནམ་ལ་མཆོད། །

དགུང་སྔོན་གནམ་འདི་མ་མཆོད་མ་བཀུར་ན། །

དགུང་ཉི་ཟླ་གཉིས་ཀ་ཤར་ས་རེད། །

ནང་སྐར་ཚོགས་མང་བོ་རྒྱུ་ས་རེ། །

སྦྲང་ཆར་ཟིལ་མ་འབབ་ས་རེད། །

སྐད་སྙན་མོའི་ཁུ་བྱུག་གྲག་ས་རེད། །

འཇའ་ཁ་དོག་སྣ་ལྔ་ཤར་ས་རེད། །

སྤྲིན་དཀར་ལང་ལོང་འཕྱུར་ས་རེད། །

མགོ་ཝ་མོ་ཡར་ལ་བརྟེན་ས་རེད། །

མཆོད་མཆོད་མཆོད་ལ་དོག་མོ་ས་ལ་མཆོད། །

ས་དོག་མོ་འདི་མ་མཆོད་མ་བཀུར་ན། །

ཟས་འབྲུ་རིགས་སྣ་ལྔ་འཁྲུངས་ས་རེད། །

རྩྭ་རྩི་ཤིང་ལོ་འདབ་རྒྱས་ས་རེད། །

མེ་ཏོག་སྣ་ཚོགས་གད་ས་རེད། །

རྟ་འདོ་བས་བང་རྩལ་འགྲན་ས་རེད། །

འབྲི་མཛོ་མོས་རྭ་རྩེད་བྱེད་ས་རེད། །

ལུག་གཡང་དཀར་མཆོང་ལྡིང་བྱེད་ས་རེད། །

རྐང་སག་ལྷམ་གཉིས་ཀ་བརྟེན་ས་རེད། །

ད་མཆོད་ཅིག་སྐུ་གསུམ་བླ་མ་མཆོད། །

དུས་གསུམ་སངས་རྒྱས་རྣམས་ལ་མཆོད། །

རིགས་གསུམ་མགོན་པོ་རྣམས་ལ་མཆོད། །

མཆོག་གསུམ་བླ་མ་དགེ་འདུན་མཆོད། །

རྩ་གསུམ་རྒྱལ་བ་རིགས་ལྔ་མཆོད། །

རྒྱ་གར་གྲུབ་ཆེན་བརྒྱད་ཅུ་མཆོད། །

ཨོ་རྒྱན་པད་མ་འབྱུང་གནས་མཆོད། །

ཡི་དམ་དཔའ་བོ་དཔའ་མོ་མཆོད། །

མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད། །

ཕོ་ལྷ་ཡུལ་ལྷ་གྲོགས་ལྷ་མཆོད། །

ཕོ་ལྷ་གཅེས་ལྷ་དགྲ་ལྷ་མཆོད། །

ཟས་ལྷ་ཐབ་ལྷ་ནོར་ལྷ་མཆོད། །

ས་བདག་གནས་བདག་གཞི་བདག་མཆོད། །

མཆོད་པའི་དང་པོ་སྨན་ཆང་འདི། །

སྨན་སྣ་སུམ་བརྒྱ་དྲུག་ཅུ་མཆོད། །

གསེར་གྱི་སྤོས་ཕོར་པ་ཏྲ་ཡི། །

སྤོས་སྣ་སུམ་བརྒྱ་དྲུག་ཅུ་མཆོད། །

བདུད་རྩི་འདུས་པའི་བུམ་པ་ཡི། །

རྫས་སྣ་སྟོང་གི་བདུད་རྩི་མཆོད། །

བདུད་རྩི་སྟོང་གི་ཉིང་བཅུད་འདི། །

ཆོས་སྐྱོང་སྲུང་མའི་འཁོར་དང་བཅས་རྣམས་ཀྱིས་མཆོད་པ་འདི་བཞེས་ཤིག མཆོད་མ་ཨཱ་ཧཱུཾ། རྗེས་སུ་ཨ་ཞང་རེ་རེར་དྲངས་མཐར་མཆོད་ཁ་ཐེངས་གསུམ་འཕེན་པ་ཡིན།

དེ་ནས་རིམ་བཞིན་གཉེན་ཚང་ལ་ཐོན་ལ་ཉེ་ཁར་ཡང་སྐྱེས་འབྲས་མཚར་བའི་གཞོན་སྐྱེས་གསར་བུ་གཉིས་སམ་བཞི་ཙམ་གྱིས་བོད་ལྭ་དག་གཙང་ངམ་སོ་མ་གྱོན་ནས་སྔར་བཞིན་དྲི་སྐོལ་གཉིས་པ་འཛིན་གྱིན་ཡོད།

ཡ---ཨ་ཞང་ཚང་སྐུ་འགྱོག་བ་ཞེས་དྲིས་པ་ན། ཨ་ཞང་ཚང་གིས་འགྱོག་བ---འགྱོག་བ་ཞེས་ལན་ལྡོན་པ་རེད། དེ་ནས་དཀར་ཡོལ་འབྲུག་མར་མར་རྒྱན་བཏང་བ་ཞིག་གིས་ནང་དུ་སྐེ་ལ་བལ་འདབ་དཀྲིས་པའི་དམ་བི་ཞིག་གིས་ཆང་ཁ་སྣོན་བཞིན་འགྲུལ་འགོ་ལ་དྲངས་པ་ན་མཆོད་པ་བརྩི་བ་རེད།

མཆོད་པ་བརྩི་བ་ནི་ཨ་ཞང་ཚང་ས་ཆ་གཞན་པའི་ཡིན་ན་རང་ཡུལ་གྱི་ལྷ་གཞི་བདག་འབོད་པ་ཡིན་ལ། མང་རའི་མཁའ་འགྲོ་དཔའ་མོ་བརྒྱ་རྩ་སོགས་མང་སྟོད་སྨད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་རྣམས་ལ་འབུལ་ལོ། ། མཆོད་དོ། །དགྱེས་བཞིན་བཞེས་སུ་གསོལ་ཞེས་བཤད་པ་དང་ཆང་དཀར་ཡོལ་གང་དགུང་ལ་མཆོད་དོ། །

ཐུགས་རྗེའི་བདག་ཉིད་རྩ་རྒྱུད་བླ་མ་དང་། །

ཡི་དམ་ལྷ་ཚོགས་སྐྱབས་གནས་དཀོན་མཆོག་གསུམ། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །

སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །

རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ།

མཆོད་བླ་མ་སངས་རྒྱས་བྱང་སེམས། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། །

བསླུ་བ་མེད་པའི་རྟེན་གྱི་སྐྱབས་གནས། །

རྒྱ་གར་རྡོ་རྗེ་གདན་ན་བཞུགས་པའི། །

བྱ་རྒོད་ཕུང་བོའི་རི་ན་བཞུགས་པའི། །

མགོན་མེད་ཟས་སྦྱིན་ཀུན་དགའ་ར་བ་ན་བཞུགས་པའི། །

འོག་མིན་ཆོས་ཀྱི་ཕོ་བྲང་ན་བཞུགས་པའི། །

བསྟན་པའི་བདག་པོ་ཤཱཀྱའི་རྒྱལ་བོའི་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཨོཾ། ལྷུན་འགྲུབ་བདེ་བ་ཆེན་པོའི་ཕོ་བྲང་ན་བཞུགས་པའི། །

པད་སྡོང་ཉི་ཟླ་བརྩེགས་པའི་གདན་སྟེང་ན་བཞུགས་པའི། །

གསང་བདག་དཔལ་གྱི་རི་བོ་ན་བཞུགས་པའི། །

སློབ་དཔོན་ཆེན་པོ་ཨོ་རྒྱན་པད་མ་འབྱུང་གནས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

སྐུ་འབུམ་བྱམས་པ་གླིང་ན་བཞུགས་པའི། །

དགའ་ལྡན་ཆོས་ཀྱི་ཕོ་བྲང་ན་བཞུགས་པའི། །

དགའ་ལྡན་ཡིད་དགའ་ཆོས་འཛིན་ན་བཞུགས་པའི། །

འཇམ་མགོན་བློ་བཟང་གྲགས་པ་ཡབ་སྲས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཚེ་གཅིག་ལུས་གཅིག་ཉིད་ལ། །

སྐུ་བཞི་རྒྱལ་ས་སྟེར་བའི། །

བྱིན་རླབས་ཅན་གྱི་ཡི་དམ། །

ཕ་རྒྱུད་གསང་བ་འདུས་བ། །

དཔལ་ཆེན་རྡོ་རྗེ་འཇིགས་བྱེད། །

སངས་རྒྱས་དུས་ཀྱི་འཁོར་ལོ། །

དཔལ་ཡི་དམ་རྟ་མཆོག་རོལ་བ། །

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སོགས་པའི་ཡི་དམ་དཀྱིལ་འཁོར་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཤར་ལྷོ་བསིལ་བའི་དུད་ཁྲོད་ན་བཞུགས་ནས། །

ཙན་དན་ནགས་ཚལ་འཁྲིགས་པའི་ཀློང་ན་བཞུགས་པའི། །

འཇིགས་སུ་རུང་བའི་གནས་མཆོག་དམ་པ་ན་བཞུགས་པའི། །

སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་སྤྲུལ་བ། །

སྐྱེས་བུ་ཆེན་པོའི་ཐུགས་ཀྱི་སྤྲུལ་བ། །

མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །

མ་གཅིག་འདོད་ཁམས་དབང་མོ། །

གནོན་སྦྱིན་ཀྵེཊ་བ་ལ། །

དབང་ཕྱུག་འཛིན་ན་མི་ཊ། །

གཤིན་རྗེ་ཊ་ཀའིརཱ་ཛ། །

བདུད་མགོན་དྲག་ཤུགས་ནག་པོ། །

གཙང་རུས་ཀྱི་མགོན་པོ་བདུན་གྱི་རྩ་འཁོར་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

འདི་ནས་ལྷོ་ཡི་མཚམས་ན་བཞུགས་པའི། །

དཔག་ཚད་བརྒྱ་ཁྲི་ཕ་རོལ་ན་བཞུགས་པའི། །

ལྷོ་ཕྱོགས་རིམ་པ་བདུན་གྱི་ཕ་རོལ་ན་བཞུགས་པའི། །

འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྤྲུལ་བ། །

སྐྱེ་བའི་ཆུང་བའི་སྲུང་མ། །

དམ་ཆེན་ཆོས་ཀྱི་རྒྱལ་བོ། །

ཡབ་ཡུམ་ཕྱི་ནང་གསང་གསུམ། །

གཤིན་རྗེ་ཕོ་བརྒྱད་མོ་བརྒྱད། །

བཀའ་སྡོད་ཤན་འབྱེད་སྲུང་མའི་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

རྩྭ་ཆུ་ཤིང་གསུམ་མེད་ས་ན་བཞུགས་པའི། །

བྱང་ཤར་མུ་ལེ་དུང་གི་མཚོ་ནང་ན་བཞུགས་པའི། །

དབྱངས་ཅན་ལྷ་མོའི་ངོ་བོ། །

དཔལ་ལྡན་དམག་ཟོར་རྒྱལ་མོ། །

ཚེ་རིང་མཆེད་ལྔ། །

བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཧཱུཾ།རྣམ་དག་བདེ་བ་ཅན་རང་བཞིན་གནས་མཆོག་ན་བཞུགས་པའི། །

གནས་མཆོག་ཧ་ཧ་དགོད་པའི་དུད་ཁྲོད་ན་བཞུགས་པའི། །

དར་ལུང་གཉེན་པོ་ཁེའུ་བྲག་རྫོང་ན་བཞུགས་པའི། །

ཀླུ་སྒྲུབ་ཞབས་ཀྱི་ལྟ་བའི་སྲུང་མ། །

དཔལ་མགོན་སྟོབས་འཕྲོག་མ་ཧཱ་ཀཱ་ལ། །

དཔལ་མགོན་ཉི་མ་རང་ཤར། །

དཔལ་མགོན་བྲམ་ཟེ་གཟུགས་ཅན། །

ལ་མོ་ཞབས་དྲུང་ཚང་གི་བསྟན་པའི་སྲུང་མའི་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཧོ། འོག་མིན་བདེ་ཆེན་ཆོས་ཀྱི་ཞིང་ཁམས་ན་བཞུགས་པའི། །

རི་བོ་མཱ་ལ་ཡ་ཡི་སྐྱེད་ཚལ་ན་བཞུགས་པའི། །

པད་མ་དབང་ཆེན་ཐུགས་ཀྱི་སྤྲུལ་བ། །

ཤར་གྱི་དཀར་བོ་སྤྱན་གཅིག།

ལྷོ་ཡི་རྩ་བ་དམར་བོ། །

ནུབ་ཀྱི་མགར་བ་ནག་པོ། །

བྱང་གི་ཨ་ཇོ་ཆེན་པོ། །

དགེ་བསྙེན་རྡོ་རྗེ་ལེགས་པ། །

དམ་ཆེན་རྡོ་རྗེ་ལེགས་པའི་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

གངས་ཅན་བོད་ཀྱི་ཡུལ་ན་བཞུགས་པའི། །

གངས་དཀར་བོའི་རྩེ་མོ་ན་བཞུགས་པའི། །

རྟ་དཀར་བོའི་བཅིབ་པ་བཅིབས་ནས། །

སྤྲིན་དཀར་བོའི་ན་བཟའ་མནབས་པའི། །

ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན། །

རྨ་རིགས་སུམ་བརྒྱ་དྲུག་ཅུ། །

རྨ་འཁོར་སྟོང་དང་ལྔ་བརྒྱ། །

རྨ་ཆེན་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

དང་པོ་ཧཱང་ཁྲོན་ཡུལ་ཏུ་ཤེས་བྱ་སྦྱངས། །

བར་དུ་ཟི་ཁྲོན་ཡུལ་ཏུ་མངའ་བདག་མཛད། །

ད་ལྟ་རྒྱ་བོད་གཉིས་ཀྱི་ས་མཚམས་ན་བཞུགས་པའི། །

རྒྱ་གར་ན་བཞུགས་པའི་བཀའ་བ་ཙི་ཐུང་། །

རྒྱ་ནག་ན་བཞུགས་པའི་མེ་རུ་ཙི་ཐུང་། །

བོད་ཡུལ་ན་བཞུགས་པའི་ཤན་པ་ཙི་ཐུང་། །

དྲེལ་དཀར་གྱི་བཅིབ་པ་བཅིབས་པའི། །

རླུང་དཀར་གྱི་གཤོག་པ་ཐོགས་པའི། །

སྐྱི་བསེར་རླུང་ལ་མཉམ་པའི། །

གོས་མང་ནག་གི་ན་བཟའ་མནབས་པའི། །

སྦྲུལ་ནག་གི་ལྷམ་སྒྲོག་བཅིངས་པའི། །

ར་རོག་རོག་གི་ཤ་ཁྲག་བཞེས་པའི། །

འཇམ་དབྱངས་ནག་པོ་ཐུགས་ཀྱི་སྤྲུལ་བ། །

གཡས་གཡོན་ན་བཞུགས་ནས་ཤན་པ་རྭ་མགོ། །

ལས་མཁན་ཤན་པ་ཙི་ཐུང་། །

བཀའ་སྡོད་ཤང་མ་ཐུན་ཙི། །

ཡུལ་ལྷ་འབུམ་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

གནས་མཁའ་སྤྱོད་དག་པའི་བྱང་ཁམས་ན་བཞུགས་པའི། །

མང་ཡུལ་གསེར་ལྗོངས་འཛིན་མའི་བྱང་ཕྱོགས་ན་བཞུགས་པའི། །

རིན་ཆེན་གསེར་ཕྱེ་སྤུངས་འདྲའི་མདུན་ཕྱོགས་ན་བཞུགས་པའི། །

རྒྱལ་དབང་ལྔ་བ་ཆེན་པོའི་བཞུགས་ཁྲི་རྒྱབ་ཕྱོགས་ན་བཞུགས་པའི། །

མང་ར་བ་སེང་གེ་རྒྱལ་མཚན་གྱི་གདན་སའི་བདག་མོ། །

ཨ་མ་མཁའ་འགྲོ་མ་གནས་རྩ་བརྒྱད་ཀྱི་བདག་པོ། །

དངོས་གྲུབ་སྩོལ་བའི་ལྷ་མོ་འཁོར་དང་བཅས་པ་

རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

རྨ་ཆུ་སྔོན་མོའི་ཤར་ཕྱོགས་ན་བཞུགས་པའི། །

ཐོ་ལེ་དགོན་པའི་གཡོན་ཕྱོགས་ན་བཞུགས་པའི། །

ཐང་ཆེན་མེ་ལོང་འདྲ་བའི་བྱང་ཕྱོགས་ན་བཞུགས་པའི། །

ལ་མོ་ཞབས་དྲུང་ཚང་གི་བླ་རི་མཐོན་པོ་ཁིས་རབ་དཔག་ཆེན། །

མང་རའི་ཡུལ་གྱི་སྐྱེས་ལྷ། །

བོས་ན་ཨ་ཟེར་ནོ། །

བཅོལ་ན་ཡ་ཟེར་ནོ། །

བླ་རི་ཁིའུ་རབ་དཔག་ཆེན་འཁོར་དང་བཅས་པ་

རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ། །

རྒྱལ་བོ་གོ་ཆེན་མཐོན་པོ། །

བློན་པོ་ལྷ་བཀྲ་མཐོན་པོ། །

སྲིན་མིན་དམག་དཔོན་མཐོན་པོ། །

བ་ཡན་གཡུ་ཐོད་མཐོན་པོ། །

ཉིན་ཕྱུག་བྲག་དཀར་མཐོན་པོ། །

ཁིས་རབ་དཔག་ཆེན་མཐོན་པོ། །

ངང་ཚང་གཡུ་སྒོང་མཐོན་པོ། །

ཝ་ལུང་རྫ་དམར་མཐོན་པོ། །

ཨ་མ་ལྷ་ལྕམ་མཐོན་པོ། །

སྤོས་ལུང་རྡོ་རྗེ་མཐོན་པོ། །

ས་ཁུ་དེའུ་ཡག་མཐོན་པོ། །

ཆུ་ནག་བེའུ་ངུར་མཐོན་པོ། །

དགེ་བསྙེན་རབ་གཟིགས་མཐོན་པོ། །

མཐོན་པོ་བཅུ་གསུམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

མང་ཡུལ་གྱི་བློན་པོ་བཅུ་གསུམ། །

ཀྱེ་ཕུར་རྫ་རྒན་བློན་པོ། །

བཙོར་ལུང་དམག་དཔོན་བློན་པོ། །

ཁུ་ལུང་གཡག་སྙིང་བློན་པོ། །

དཔའ་བོ་གཡུ་རྒོད་བློན་པོ། །

ཆུ་བཟང་དེའུ་དཀར་བློན་པོ། །

ཨ་མ་སྨན་རི་བློན་པོ། །

ཕོ་ལྷའི་རྒྱ་སྟག་བློན་པོ། །

མེ་རི་བྱ་ཟོར་བློན་པོ། །

དགའ་ལྡན་ཆོས་ཀྱི་བློན་པོ། །

བེའུ་ཆེན་བེའུ་ཆུང་བློན་པོ། །

བེའུ་རི་ཤོར་བློན་པོ། །

དཔའ་བོ་འབྲོང་མགོ་བློན་པོ། །

མང་རའི་བློན་པོ་བཅུ་གསུམ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

གནས་འདིའི་གནས་བདག།

ཡུལ་འདིའི་གཞི་བདག།

ཟ་ལྷ་གྲོགས་ལྷ། །

ནོར་ལྷ་གཏེར་བདག་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་མཆོད་མ་ཨཱ་ཧཱུཾ།

ཁྱེད་རྣམ་པའི་མི་ཡི་ན་ཚ། །

ཕྱུགས་ཀྱི་གོད་ཁ། །

འགོང་བོ་འགོང་འདྲེ། །

གཤེད་ཁ་ཕུར་ཁ། །

ནད་ཡམས་དད་ཡམས། །

དགྲ་ཇག་ཆོམ་རྐུམ། །

འཐབ་རྩོད་འཁྲུག་ལོང་། །

ཡོད་ན་ཁྱེད་རྣམ་པས་མཐུ་དང་སྟོབས་ཀྱིས་རྫོགས་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག