མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

འགྲིམ་འགྲུལ།

  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  2014-08-03 11:14

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་། མཚོ་སྔོན་གྱི་གཞུང་ལམ་འགྲིམ་འགྲུལ་ལོ50རིང་གི་ཧུར་བརྩོན་བརྒྱུད་དེ། ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་བྱས་པའི་རྗེས་སུ་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད། 2004ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ28059ལ་བསླེབས་པ་དང་། དེའི་ནང་དུ་རྒྱལ་ཁབ་རིམ་པའི་གཞུང་ལམ5ཡོད་ལ། སྤྱི་ལེ4295ལ་བསླེབས། ཞིང་ཆེན་རིམ་པའི་གཞུང་ལམ23དང་སྤྱི་ལེ3595ཡོད། རྫོང་རིམ་པའི་གཞུང་ལམ244དང་སྤྱི་ལེ10069ཡོད། ཞང་རིམ་པའི་གཞུང་ལམ283དང་སྤྱི་ལེ8857ཡོད། ཆེད་སྤྱོད་གཞུང་ལམ84དང་སྤྱི་ལེ1243ཡོད་པ་བཅས་ཐོག་མར་རྒྱལ་ཁབ་དང་ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་གཙོ་བོར་གྱུར། གཞུང་ལམ་དེ་དག་གཙོ་བོར་གྱུར་ཏེ་ལམ་གཞན་དང་མཉམ་དུ་སྤྲེལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་། གྲོང་བརྡལ། སྡེ་བ་སོ་སོ་དང་ཞིང་ཆེན་གཞན་དུ་བརྒྱུད་པའི་གཞུང་ལམ་གྱི་དྲ་རྒྱ་ལྟ་བུར་གྱུར། དེའི་ནང་དུ་མྱུར་བགྲོད་གཞུང་ལམ་སྤྱི་ལེ171དང་། རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ144རིམ་པ་གཉིས་པའི་གཞུང་ལམ་སྤྱི་ལེ3382 རིམ་པ་གསུམ་པའི་གཞུང་ལམ་སྤྱི་ལེ6850རིམ་པ་བཞི་བའི་གཞུང་ལམ་སྤྱི་ལེ14775བཅས་ཡོད། ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་། ཞང་གི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ18926ལ་བསླེབས་པ་དང་། གཞུང་ལམ་ཡོད་པའི་ཞང395ཡོད།དེས་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་བརྒྱ་ཆའི99.2ཟིན་ཡོད། གཞུང་ལམ་ཡོད་པའི་སྡེ་བ3763ཡོད། དེས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་བརྒྱ་ཆའི91ཟིན་ཡོད།

མཚོ་སྔོན་ནི་མངའ་ཁོངས་རྒྱ་ཆེ་ལ་ས་བབས་མེས་རྒྱལ་ནང་ཁུལ་དུ་གནས་པའི་མཐོ་སྒང་གི་ཞིང་ཆེན་ཞིག་ཡིན། དེ་ནི་གཞུང་ལམ་གཙོ་བོ་བྱས་ནས་སྐྱེལ་འདྲེན་གྱི་རྣམ་པའི་དཔལ་འབྱོར་འཕེལ་རིམ་དམའ་ནའང་རྗེས་སུ་འཕེལ་རྒྱས་གཏོང་བའི་ས་ཁུལ་ཞིག་ཡིན། འགྲིམ་འགྲུལ་འཕེལ་རྒྱས་གཏོང་བ་ནི་མི་རིགས་སོ་སོའི་ཕན་ཚུན་མཐུན་འགྲིག་དང་ཐུན་མོང་གི་འཆམ་མཐུན་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཆ་རྐྱེན་དུ་མཐོང་། དེ་བས་གཞུང་ལམ་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་གཏོང་བ་ནི་མཚོ་སྔོན་གྱི་ཐོན་ཁུངས་གསར་འབྱེད་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་སོགས་མང་ཚོགས་ཀྱི་དབུལ་སྐྱོབ་ཕྱུག་འགྱུར་དུ་གཏོང་བ་ལ་ངེས་པར་དུ་ཚང་དགོས་པའི་སྔོན་འགྲོའི་ནུས་ཤུགས་ཤིག་རེད། བཅོས་སྒྱུར་སྒོ་འབྱེད་བྱས་པ་དང་། སྒོས་སུ་ནུབ་བརྒྱུད་གསར་སྤེལ་ཆེན་མོ་བྱས་པ་ནས་བཟུང་། མཚོ་སྔོན་འགྲིམ་འགྲུལ་མི་སྣ་ཡིས༼མཐོ་སྒང་ནས་གཞི་ཚུགས་ཏེ། དཀའ་ངལ་ཁྱད་དུ་བསལ་ནས་འགྲིམ་འགྲུལ་ལས་རིགས་སྤེལ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ༽འི་ལས་རིགས་ཀྱི་སྙིང་སྟོབས་དང་གསར་འབྱེད་བསམ་བློ། བློ་རྩ་བརྟན་པོི་མངོན་སྤེལ་བྱས་ནས་མཚོ་སྔོན་གཞུང་ལམ་འགྲིམ་འགྲུལ་གྱི་རྒྱུན་སྲོལ་དང་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། མཚོ་སྔོན་གྱི་གཞུང་ལམ་འགྲིམ་འགྲུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཐོག་མའི་རྣམ་པ་ལ་དེང་རབས་གཞུང་ལམ་དྲ་བ་དང་དངོས་ཟོག་སྐྱེལ་འདྲེན། འགྲུལ་བཞུད་སྟབས་བདེ་བཅས་ཀྱི་འགྲིམ་འགྲུལ་གནས་བབ་གྲུབ་པ་རེད། གནའ་བོའི་ཤུལ་ལམ་དང་ཉེ་རབས་གཞུང་ལམ་གྱིས་དེང་རབས་གཞུང་ལམ་འགྲིམ་འགྲུལ་སྒྲིག་འཛུགས་ཁྲོད་སྔར་བཞིན་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་འདོན་བཞིན་ཡོད། ལོ་རྒྱུས་སྟེང་གི་ཙོང་ཆུའི་གནའ་ལམ་ཞེས་པ༼དར་གོས་ཚོང་ལམ་གསར་བ༽ལ་འཕེལ་རྒྱས་སུ་སོང་ཞིང་། ཨེ་ཤེ་ཡ་དང་ནུབ་གླིང་། སྐམ་སའི་འབྲེལ་ཟམ་བཅས་ཀྱི་གལ་ཆེའི་སྦྲེལ་མཚམས་ཤིག་དང་ནུབ་ཁུལ་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་ཆེན་མོ་ཞིག་ལ་གྱུར། ལོ་རྒྱུས་སྟེང་གི་ཆྰང་དབུས་ལམ་ཞེས་པ་མཚོ་སྔོན་གསར་བ་དང་ནང་ལོག ཞིན་ཅང་ལྷོ་ཕྱོགས་བཅས་ཀྱི་འགྲིམ་འགྲུལ་འབྲེལ་བ་བྱེད་པའི་མྱུར་ལམ་བདེ་མོའི་གཞུང་ལམ་ཞིག་ཏུ་གྱུར་ཡོད། གནའ་སྔ་མོའི་ཐང་བོད་གནའ་ལམ་ཡང་རྒྱལ་ཁབ་ཀྱི་རྒྱལ་ལམ་རྐང་འཛིན་ལམ་ཐིག་གལ་ཆེན་དང་མདོ་དབུས་ལ་འབྲེལ་བ་བྱེད་པའི་ལྟེ་གནད་དུ་འཕེལ་རྒྱས་བྱུང་ཡོད། གནའ་སྔ་མོའི་ལྡོང་སྤྱང་གི་གནའ་ལམ་དེའང་ཞིང་ཆེན་གྱི་ལྟེ་བ་ཟི་ལིང་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་སི་ཁྲོན་དང་མཚོ་སྔོན་ལྷོ་ཕྱོགས་ནས་བོད་ལྗོངས་དང་སི་ཁྲོན། ཡོན་ནན་སོགས་ཞིང་ཆེན་ཁུལ་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་ཆེན་མོར་འཕེལ་རྒྱས་བྱུང་ཡོད། གནའ་བོའི་མཚོ་སྔོན་ཤར་ཕྱོགས་ནས་དབུས་ཤར་དང་ནུབ་ནས་ནུབ་ལྗོངས་སུ་བགྲོད་པའི་སྐྱ་ལམ་གྱི་འགྲིམ་འགྲུལ་ལ་ཡང་བསྐྱར་དེང་རབས་རིག་གནས་ཀྱི་འོད་སྟོང་འཕྲོ་བཞིན་ཡོད་དོ།།

ཆུ་ལམ་གྱི་གནས་ཚུལ།

རང་ཞིང་གི་གྲུ་བགྲོད་པའི་ཆུ་ཀླུང་གི་ཁམས་གཙོ་བོ་མཚོ་སྔོན་པོ་དང་ཀླུ་རྒྱལ་འགག ལོང་དབྱང་འགག མགོན་པོ་འགག རྨ་ཆུའི་སྟོད་རྒྱུད་ཁྲི་ཀའི་མངའ་ཁོངས་དང་། ཁུ་ལོའུ་ཁུ་མཚོ་སོགས་ཀྱི་ས་ཁུལ་ཡིན། 2008ལོའི་ལོ་མཇུག་ལ་རང་ཞིང་གི་རྨ་ཆུའི་སྟོད་རྒྱུད་དཀར་མོ་གཡས་འཁྱིལ་ནས་ཏ་ཧི་ཅ་ཟམ་པའི་བར་གྱི་གྲུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ351.54ཡོད་པ་དང་མཚོ་སྔོན་པོ་ལ་གྲུ་ལམ6ཡོད་ལ་སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ190.07ཡོད། གྲུ་ལམ་གྱི་ཚད་རིམ་གཙོ་བོ་རིམ་པ་དྲུག་པ་ཡིན། མིག་སྔར་གྲུ་ལམ་བཏོད་པའི་རིང་ཚད་སྤྱི་ལེ317.74ཡོད། མིག་སྔར་བར་དུ་མཚོ་གྲུའི་རིགས124ཡོད་ལ། དེ་ལས་འགྲུལ་གྲུ53དང་འགྲུལ་སྟེགས785ཡོད། ཞིང་ཆེན་ཡོངས་ལ་རིམ་པ་ལྔ་བའི་ཡན་གྱི་དཔང་འཛིན་ཐོབ་པའི་གྲུ་བ174ཡོད། ཆུ་འགྲུལ་ཁེ་ལས་ལ་ཐོ་འགོད་བྱས་པའི་དུད་ཚང7ཡོད། 2008ལོར་ཆུ་ལམ་སྐྱེལ་འདྲེན་ཚད་མི་ཐེངས་འབུམ་གཉིས་ཁྲི་གཅིག་ལ་སླེབས། འཁོར་རྒྱུག་གི་ཚད་མི་ཁྲི226ཡི་སྤྱི་ལེ་ལ་ཐོན། མིག་སྔར་ཇུས་འགོད་འཛུགས་སྐྲུན་བྱས་པའི་གྲུ་ཁ་ལ་མཚོ་སྔོན་པོ151གྲུ་ཁ་དང་ཨར་ལང་ཅན་གྲུ་ཁ། ཀླུ་རྒྱལ་འགག་གྲུ་ཁ། ཁྲི་ཀའི་གྲུ་ཁ། ལོང་དབྱང་འགག་གྲུ་ཁ་བཅས་ཡིན།

གྲུ་གཟིངས།

རང་ཞིང་གི་རྨ་ཆུའི་ལུང་དབྱང་གྲོག་རོང་དང་དེའི་མན་གྱི་ཆུ་མཚམས་ཀྱི་ཆུ་ཐོག་སྐྱེལ་འདྲེན་གསར་སྤེལ་གྱི་གཞི་རྩའི་རྩ་དོན་ནི། ཕྱོགས་ཡོངས་ནས་འཆར་འགོད་དང་ཉེ་རྒྱང་ཟུང་འབྲེལ་བྱེད་པ། གློག་ནུས་ཀྱིས་སྐྱེལ་འདྲེན་སྐུལ་བ། དུམ་མཚམས་དབྱེ་ནས་གསར་སྤེལ་བྱས་པ་དང་སྐྱེལ་འདྲེན་གྱིས་ཆུ་ནུས་འདོན་པ། སྔོན་ལ་ཤར་གཏོང་རྗེས་ནས་བགྲོད་པ། སྐམ་ཆུ་དྲ་བ་སྦྲེལ་མཐུད་བྱས་ནས་རིམ་བཞིན་དུ་ལེགས་བཅོས་བྱེད་པ་བཅས་ཡིན། རྒྱལ་ཁབ་ཀྱིས་རྨ་ཆུའི་གཞུང་ཆུ་ཡི་ཆུ་གློག་ས་ཚུགས་འཛུགས་སྐྲུན་སྤེལ་ཚད་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཐོག་སྐྱེལ་འདྲེན་དགོས་མཁོ་དང་འབྲེལ་ཏེ། སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་ལག་འགུལ་ནས་མཐའ་འཁྱོལ་བ་བྱེད་དགོས་ལ། ཆུ་གློག་འཛུགས་སྐྲུན་དང་གོམ་སྟབས་གཅིག་གིས་བགྲོད་ཐུབ་པར་ཧུར་བརྩོན་བྱེད་དགོས། རྨ་ཆུའི་སྟོད་ཕྱོགས་ཀྱི་འབྲུག་མགོ་གློག་ཁང་དང་ལུང་དབྱང་འགག་ཆུ་གློག་ས་ཚུགས་གཉིས་ད་ལྟ་ལེགས་གྲུབ་བྱུང་ཡོད་པ་རེད། འགྲིམ་འགྲུལ་སྡེ་ཁག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དངོས་ཀྱི་འོག་ནས། རང་ཞིང་གི་ཆུ་ཐོག་སྐྱེལ་འདྲེན་གྱི་གཞི་རྩའི་སྒྲིག་བཀོད་ཀྱི་ལས་གཞི་དང་པོ་སྟེ་ལུང་དབྱང་གྲོག་རོང་ཆུ་མཛོད་ཁུལ་ཀྱི་ཆུ་ཐོག་སྐྱེལ་འདྲེན་བཟོ་བཀོད་དེ་91ལོར་སྐྲུན་པ་རེད། ད་ལྟ་དངོས་སུ་བཀོལ་སྤྱོད་བྱས་པར་མ་ཟད་དེ་ཡི་སྤྱི་ཚོགས་ཕན་བདེ་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།

བཟོ་བཀོད་ཀྱི་འཛུགས་སྐྲུན་ལས་གཞི་ལ་གཙོ་བོ་4རྣམ་པའི་གྲུ་ཁ་གཅིག་(ལུང་དབྱང་གྲུ་ཁ)དང་གྲུ་གནས་གསུམ་སྟེ(བྱེ་ཁུག་གྲུ་ཁ་དང་པའེ་ཚི་ཐང་གྲུ་ཁ། འཁྱོག་ཁུག་གྲུ་ཁ) སྤྱི་ལེ་91.5ཅན་གྱི་གྲུ་ལམ། གྲུ་བགྲོད་པའི་ཆུ་ལམ་གསུམ་དང་སྤྱི་ལེ3རེའི་རླངས་འཁོར་གྲུ་སྐྱེལ་གྱི་ལམ་ཐིག་ད་དུང་དེ་དང་སྒྲིག་སྦྱོར་བྱས་དགོས་པའི་འཕྲིན་གཏོང་ཕྱོགས་སྟོན་སོགས་ཀྱི་སྒྲིག་ཆས་ཡོད་ལ། བཟོ་བཀོད་སྤྱི་ལ་མ་དངུལ་སྒོར་ཁྲི1580བཏང་བ་རེད། གྲུ་ཁ་ནི་གཙོ་བོ་མགྲོན་སྐྱེལ་བྱེད་ས་ཡིན་ཏེ། མགྲོན་བསྐྱེལ་གྱི་ཟིན་ཚད་ནི་ལོ་རེར་མི་གྲངས་ཁྲི20ལ་སླེབས་ཤིང་དངོས་ཟོང་གི་སྐྱེལ་འདྲེན་ཚད་ནི་ལོ་རེར་ཏུན་ཁྲི2རེད། ཞིང་ཆེན་ཡོངས་ཀྱི་ད་ལྟ་སྐྱེལ་འདྲེན་བྱེད་ཐུབ་པའི་ལམ་ཐག་ནི་སྤྱི་ལེ344.5ཡིན་ལ། གཙོ་བོ་གཤམ་གསལ་ལྟར་དུ་ཁྱབ་ཡོད་སྟེ། ལུང་དབྱང་གྲོག་རོང་གི་ཆུ་མཛོད་ཁུལ་དུ་སྤྱི་ལེ91.5དང་ཀླུ་རྒྱལ་གྲོག་རོང་ཆུ་མཛོད་ཁུལ་དུ་སྤྱི་ལེ33ཡོད(ཀླུ་རྒྱལ་གྲོག་རོང་ཆུ་མཛོད་ཁུལ་གྱི་ཆུ་ཐོག་སྐྱེལ་འདྲེན་བཟོ་ སྐྲུན་ལེགས་གྲུབ་ཡོང་རྗེས་སྤྱི་ལེ21ཁ་སྣོན་བྱས་ཆོག་པ་རེད།) མཚོ་སྔོན་པོར་དེང་སྐབས་གྲུ་བགྲོད་ཆོག་པའི་རིང་ཚད་ལ་སྤྱི་ལེ223ཡོད་། ཞིང་ཆེན་ཡོངས་ལ་གྲུ་གཟིངས96ཡོད་ལ། དེའི་ནང་ནས་མགྲོན་གྲུ91དང་དངོས་ཟོང་གྲུ་གཟིངས་དང་བཟོ་སྐྲུན་གྲུ་གཟིངས་ལྔ འདྲུད་གྲུ7བཅས་ཡོད། གྲུ་གཟིངས་སྤྱིའི་ཏུན་གྱི་གོ་གནས་ནི་སྤྱི་ཏུན2885ཡིན་ཞིང་ཐེངས་གཅིག་ལ་མི་གྲངས1478དག་སྐྱེལ་འདྲེན་བྱ་ཐུབ།

གྲུ་ཁ།

རང་ཞིང་ལ་དེང་སྐབས་གྲུ་ཁ་བཞི་ཡོད་ལ། མཚོ་སྔོན་པོ་སྦྲ་གུར་མགྲོན་ཁང་གི་གྲུ་ཁ་དང་མཚོ་སྔོན་པོ་ཨར་ལང་ཅན་ཡུལ་སྐོར་གྲུ་ཁ། ལིས་ཅ་འགག་གི་སྨད་རྒྱུད་གྲོ་བ་གྲུ་ཁ། ཁྲི་ཀའི་གྲུ་ཁ་བཅས།

མཚོ་སྔོན་པོ་སྦྲ་གུར་མགྲོན་ཁང་གི་གྲུ་ཁ་ནི་འགྲིམ་འགྲུལ་པུའུ་ཡིས་མ་རྩ་བཏང་ནས་བསྐྲུན་པ་ཡིན་ལ། 2006ལོར་བཟོ་སྐྲུན་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས། གྲུ་ཁ་ཚུགས་ནས་བེད་སྤྱོད་བྱས་རྗེས་གྲུ་ཚིགས་བདུན་གྲུབ་ལ། དེང་སྐབས་གཙོ་བོར་མཚོ་སྔོན་པོའི་མཚོ་སྐོར་ལྗོངས་རྒྱུ་ལ་གྲུ་གཏོང་ཞབས་ཕྱི་སྒྲུབ་བཞིན་ཡོད།

མཚོ་སྔོན་པོ་ཨར་ལང་ཅན་ཡུལ་སྐོར་གྲུ་ཁ་ནི་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཚོགས་པའི་སྤྱི་གཉེར་ཁང་གི་མ་རྩ་བཏང་ནས་འཛུགས་སྐྲུན་བྱས་པ་ཡིན་ལ། 2007ལོར་བཟོ་སྐྲུན་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས། གྲུ་ཁའི་མགོར་གྲུ་ཚིགས་བཞི་ཡོད་ལ། གཙོ་བོར་མཚོ་སྔོན་པོའི་མཚོ་སྐོར་ལྗོངས་རྒྱུ་བར་གྲུ་བཏང་ནས་ཞབས་ཕྱི་སྒྲུབ་བཞིན་ཡོད།

ཀླུ་རྒྱལ་འགག་གི་སྨད་རྒྱུ་གྲོ་བ་གྲུ་ཁ་དང་ཁྲི་ཀའི་གྲུ་ཁ་ནི་རྨ་ཆུ་གྲུ་འགྲུལ་འཛུགས་སྐྲུན་བཟོ་སྐྲུན་ལ་གཏོགས་ཤིང༼ ཁྲི་ཀ་ནས་ཀླུ་རྒྱལ་འགག༽དེའང་འགྲིམ་འགྲུལ་པུའུ་ཡིས་མ་རྩ་བཏང་ནས་འཛུགས་སྐྲུན་བྱས་པ་དང2004ལོར་བཟོ་སྐྲུན་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས་ནས་གྲུ་ཚིགས་གཉིས་གྲུབ་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག