མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

ཐུན་རིན་གྱི་དགུན་དུས་གནས་སྐོར་གླེང་བ།

  ཡོང་ཁུངས། 《ནུབ་མཚོ་གྲོང་ཁྱེར་ཆེན་མོའི་ཚགས་པར》ལས་བཤུས།     2014-07-30 11:30

ས་གཞི་མ་ལུས་འཁྱགས་སུ་བསྡམས་པའི་མཚོ་སྔོན་གྱི་ཡུལ་ལྗོངསེ་ནི་ལྷུན་ཆགས་མཛེས་སྡུག་ལྡན་ནའང༌། ནམ་ཟླ་ཇེ་འཁྱགས་སུ་སོང་བའི་རྐྱེན་གྱིས་གནས་སྐོར་དུ་ཡོང་མཁན་ཇེ་ཉུང་དུ་སོང༌།དེ་དང་བསྟུན་རང་བྱུང་ལྟད་མོ་རིགས་ཀྱི་གནས་སྐོར་མཛེས་ལྗོངས་ཀྱི་ལེགས་ཆའང་ཅུང་ཙམ་ཉམས་སོང་བ་འདི་ནི་མཚོ་སྔོན་གཅིག་པུ་ལས་བྱང་ཕྱོགས་ཀྱི་ས་ཁུལ་ཚང་མའང་འདི་ལྟ་རེད།

ཐུན་རིན་ནི་གཞན་ལས་ཁྱད་དུ་འཕགས་པ་སྟེ། གནས་སྐོར་ཁང་གི་ལམ་སྟོན་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་ན་དུས་ཚིགས་ཀྱི་ནམ་ཟླས་ཚད་བཀག་མི་ཐེབས་པའི་གནས་སྐོར་བྱེད་ཡུལ་ཞིག་ཡོད་པ་ནི་ཐུན་རིན་རེད། དགུན་ཚེས་མ་ཐག་རེབ་གོང་ཁོ་ནར་ཡོད་པའི་སྒྱུ་རྩལ་ཉམས་ལེན་གྱི་གནས་སྐོར་གྱིས་གནས་སྐོར་པ་མང་པོ་ཞིག་བསུས་ཡོང༌། ཐུན་རིན་རྫོང་གནས་སྐོར་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཅན་གྱིས་བཤད་རྒྱུར། དགུན་དུས་སུ། རེབ་གོང་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སྣང་ཚུལ་དང་ཕུན་ཚོགས་སྣ་མང་གི་བྱ་འགུལ་ཡོད་པས། གནས་སྐོར་སྣེ་ལེན་བྱས་པའི་ཚད་ཅུང་བཟང་པ་ཞིག་རེད། ཟླ11པའི་ཟླ་འགོ་ནས་ད་ལྟའི་བར།ཐུན་རིན་རྫོང་གིས་གནས་སྐོར་ཡོང་སྒོ་སྒོར་ཁྲི553བླངས་ཤིང་གནས་སྐོར་པ45000ཙམ་སྣེ་ལེན་བྱས།ལྷག་པར་དུ་ད་ལོར་རེབ་གོང་སྒྱུ་རྩལ་འཛམ་གླིང་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་རྫས་ཀྱི་མིང་ཐོར་བཀོད་པས།ཐུན་རིན་གྱི་སྙན་གྲགས་སྔར་ལས་ཀྱང་ཕྱོགས་བཞིར་ཁྱབ།

ད་ལོའི་དགུན་ཁར་གནས་སྐོར་ལྗོངས་ཁུལ55དང་ལོ་རྒྱུས་དང་རིག་གནས་ཀྱི་རྫོང་མཐུག་པའི་ཐུན་རིན་གྱིས་ཧུར་བརྩོན་གྱིས་འཆར་འགོད་དང༌།གྲ་སྒྲིག་ལེགས་པོ་བྱས་ཏེ། རེབ་གོང་དུ་ཉིན་གཅིག་ལ་གནས་སྐོར་བྱེད་པའི་ལམ་ཐིག་ལེགས་པོ་དང་རེབ་གོང་དུ་ཉིན་གཉིས་ལ་བསྐོར་བ་བྱེད་པའི་ལམ་ཐིག་རེབ་གོང་ཀླུ་རོལ་དུ་ཉིན་གཅིག་ལ་ཞུགས་པ།རེབ་གོང་སྒྲུབ་གནས་ཆེན་པོ་བརྒྱད་ལ་རྐང་ཐང་དུ་བསྐྱོད་པ་སོགས་ལམ་ཐིག་རྩེ་གྲས་འགའ་མཚམས་སྦྱོར་བྱས།

ཡུལ་འདི་ནས་ལོ་ངོ་བརྒྱ་སྟོང་རིང་ལ་སྒྱུ་རྩལ་བཞེངས་སྐྲུན་གྱི་རྒྱུན་མ་ཆད་པས་ཡུལ་འདི་མིའི་རིགས་ཀྱི་སྒྱུ་རྩལ་ཤུལ་རྫས་ཤིག་ཏུ་གྱུར། མིག་སྔར་ཤུལ་དུ་བསྐྱུར་བའི་ཐུན་རིན་གྱི་སྒྱུ་རྩལ་བརྩམས་ཆོས་ཚང་མ་དུས་རབས་རིམ་བྱུང་གི་སྒྱུ་རྩལ་མཁན་པོ་དག་གིས་འབད་བརྩོན་ལྷོད་མེད་བྱས་ནས་ཐོན་པ་ཡིན་པས། སྒྱུ་རྩལ་གྱི་རིན་ཐང་ལ་ཚད་འཇལ་ཐབས་བྲལ། ཡུལ་འདི་ནས་གནས་སྐོར་པ་དེའི་ཁྲོད་དུ་ཞུགས་ནས་དུས་རབས་མི་འདྲ་བའི་སྒྱུ་རྩལ་མཁན་པོ་དག་གི་པུར་རིས་ཀྱི་ཁྱད་ཆོས་ལ་ལྟད་མོར་རོལ་ཆོག ལོ་རྒྱུས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལ་མྱོང་རོལ་བྱས་ཆོག དུས་སྔོན་མའི་སྒྱུ་རྩལ་བརྩམས་ཆོས་ཀྱི་གསོན་ཉམས་དང་བབ་ཆགས་ཀྱི་བརྗོད་བྱ། ཡང་ན་དུས་རབས་བར་མའི་སྐབས་ཀྱི་བློ་བཟོ་གསོན་ཉམས་ལྡན་ཞིང་རྣམ་པ་དང་ནང་དོན་གཉིས་ཀ་ལེགས་པ། ཡང་ན་ཉེ་རབས་ཀྱི་པུར་རིས་ཞིབ་ཚགས་དང་ཕུན་ཚོགས་སྣ་མང༌བ། བརྩམས་ཆོས་རེ་རེར་ཁྱད་ཆོས་རེ་ལྡན་པ་མ་ཟད་རེ་རེར་ངོ་མཚར་གྱི་གཏམ་རྒྱུད་རེ་བརྗོད་རྒྱུ་ཡོད།

ཐུན་རིན་ནས་གནས་སྐོར་པས་སྒྱུ་རྩལ་གྱི་བརྩམས་ཆོས་འདི་དག་ལ་ལྟད་མོ་རོལ་སྐབས། ལམ་སྟོན་པར་མ་བརྟེན་པར་སེང་གེ་གཤོང་ཡ་མགོ་སྡེ་བའི་ཁྱིམ་ཚང་གང་རུང་ཞིག་གི་སྒོ་ཕྱེ་ནས་སོང་ན། རེབ་གོང་སྒྱུ་རྩལ་པས་ཐང་ཀ་དང་རི་མོ་འབྲི་བ་དང་སྐུ་བཞེངས་པ་སོགས་ཀྱི་སྒྱུ་རྩལ་ལ་འཇུག་པའི་ཉམས་དང༌། གསོན་ཉམས་ལྡན་པའི་ཐང་ཀ་དང་ལྷ་སྐུ་སོགས་མཐོང་ཐུབ། ཐུན་རིན་ནས་གནས་སྐོར་པས་སྒྱུ་རྩལ་སྣ་མང་ལ་མྱོང་རོལ་བྱེད་ཐུབ་པ་ལས་གཞན། སྐར་རིམ་གྱི་མགྲོན་ཁང་ཆེན་པོ་ནང་དུའང་སྡོད་པ་ལས་གཞན།ད་རུང་གནས་སྐོར་ཁང་གི་བཀོད་སྒྲིག་འོག་རེབ་གོང་སྒྱུརྩལ་པའི་ཁྱིམ་ཚང་དུ་བསྡད་དེ། རེབ་གོང་སྒྱུ་རྩལ་པ་དང་མཉམ་དུ་འཚོབ་རོལ་ནས། ཁོ་ཚོས་སྒྱུ་རྩལ་གྱི་གསར་གཏོད་ཇི་ལྟར་བྱེད་པར་མྱོང་རོལ་བྱེད་ཐུབ།

མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་གནས་སྐོར་ཁང་གི་སྤྱི་གཉེར་པ་གཞོན་པ་ཧོང་དབྱི་ཡིས་གསར་འགོད་པར་བཤད་རྒྱུར། ཁོ་རང་ལོ་རེའི་དགུན་དུས་ཐུན་རིན་དུ་འགྲོ་ཐེངས་རེར། པར་ལེན་པ་མང་པོ་མཐོང་ཐུབ། ལོ་ཞིག་ལ་ཐུན་རིན་ནས་རྒྱལ་ནང་གི་པར་ལེན་པ་གྲགས་ཅན་མའེ་ཧྲིན་དང་ཐུག་འཕྲད་བྱུང༌། མའེ་ཧྲིན་གྱིས་བཤད་རྒྱུར། ཡུལ་འདི་ནི་པར་ལེན་པའི་ཞིང་ཁམས་ཤིག་རེད། པར་ལེན་ལ་དགའ་མཁན་གྱིས་ཡུལ་འདི་ནས་པར་གྱི་བརྗོད་བྱ་ཆེས་མཛེས་པ་ལེན་ཐུབ་ཟེར།

ལས་རིགས་ཁག་གི་མི་སྣས་བཤད་རྒྱུར། མིག་སྔར་ཐུན་རིན་ནས་གནས་སྐོར་པ་སྣེ་ལེན་བྱས་པ་རང་ཞིང་ནས་ཆེས་བཟང་པོ་ཡིན། སྐར་རིམ་གྱི་མགྲོན་ཁང་ཆེན་པོ་ཡོད་པ་ལས་གཞན། མགྲོན་ཁང་དང་ཟ་ཁང་གི་སྣེ་ལེན་ནུས་པའང་ཧ་ཅང་བཟང༌། ཡུལ་དེའི་གནས་སྐོར་དྲན་རྟེན་ཏེ་ཐང་ཀ་དང་གཙེགས་དྲུབ་སོགས་གནས་སྐོར་པ་ཚང་མས་ཉོ་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག