མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས།

རྩོམ་པ་པོ། བིས་མདོ་བ་རྡོ་རྗེ་རིན་ཆེན།  ཡོང་ཁུངས། 《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》  2014-07-30 11:30

པཎ་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་ནི། ད་ལྟའི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོའི་མ་རུ་སྡེ་བར་ཡོད། སྤེན་བད་ཀྱིས་བརྒྱན་པའི་ཕྱིའི་མཁར་དང་བཅས་པ་རྒྱ་མི་ཆེ་ནའང་། ནང་གི་རྟེན་དང་བཅས་པ་དད་ལྡན་གྱི་སྐྱེ་བོ་འགུག་པའི་ལྕགས་ཀྱུར་གྱུར་ཡོད། སྔོན་ཆད་ས་སྐྱའི་འཁོན་གྱི་གདུང་རྒྱུད་ལས་ཆད་པའི་བིས་མདོ་དཔོན་ཚང་གི་གཞུས་ཀ་ཡིན་ཞིང་། བོད་རབ་བྱུང་བཅུ་དྲུག་པའི་ས་སྟག﹙སྤྱི་ལོ1938﹚ལོར་པཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་བལྟམས་ཤིང་། རིག་གསར་སོགས་ཟང་ཟིང་གི་ལས་འགུལ་ཞི་འཐགས་བྱུང་རྗེས་བསྐྱར་བཞེངས་གྲུབ་པ་ནི་ད་ལྟ་མཇལ་དུ་ཡོད་པ་འདི་ཡིན། པཎ་ཆེན་རིན་པོ་ཆེ་ཁོང་ཉིད་ཀྱི་ལྟེ་མཚལ་འཕོ་ས་དང་། ཕྱག་རྫས་ཀྱི་རིགས། གཟིམ་ཁྲི་སོགས་མང་དུ་མཇལ་རྒྱུ་ཡོད། གཞིས་ཀའི་མདུན་དུ་ཡོད་པའི་ལྗོན་པ་ནི་སྤྲུལ་སྐུར་ངོས་འཛིན་ལ་མཚོ་བརྟག་ཞུ་སྐབས་མཚོར་བབས་པར་གྲགས་པའི་སྒོ་སྡོང་དེ་གཉིས་ལས་གཅིག་ཡིན་ལ། ཁོང་འཁྲུངས་པའི་རྒྱ་ལོ་ཚེས་གསུམ་ཉིན་གྱི་ནངས་པར་མ་གལ་གྱི་ལྗོན་བཟང་ཆེན་པོ་དེའི་རྩ་ནས་ཁུ་བྱུག་གྲགས་མྱོང་བ་སོགས་ལྟས་ཁྱད་པར་བའི་ངག་རྒྱུན་ད་སྐབས་ཀྱང་གྲགས་ཆེའོ།། གཞིས་ཀའི་མདུན་དུ་ད་རུང་ཡུམ་གྱི་མཚན་ལམ་དུ་ལྟས་བཟང་བའི་རྟགས་སུ་གོས་ཆེན་སེར་པོས་ཐུམ་པར་གྲགས་པའི་ཨ་མྱེས་རི་བོ་ཆེ་སོགས་ཡུལ་གྱི་བཀོད་པ་ངོ་མཚར་བ་མང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག