མདུན་ཤོག- གནས་སྐོར།- གནའ་ཤུལ་གྲགས་ཆེན།

ཁྲིན་ཏེའི་པོ་ཏ་ལ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2011-07-11 16:40

  སྐབས་པའི་འདིའི་ཁྲེན་ཏེའི་པོ་ཏ་ལ་གཙོ་བོར་གྱུར་པའི་ལྷ་ཁང་འདི་དག་ནི། ད་ལྟའི་ཧོ་པེ་ཞིང་ཆེན་ཁྲིན་ཏེ་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་ཅིང་། དེ་དག་ནི་ཆིན་གོང་མ་ཆན་ལུང་གིས་སྤྱི་ལོ་1748---1752ལོའི་བར་དུ་བོད་གངས་ཅན་གྱི་ཡོངས་སུ་གྲགས་པའི་ལྷ་ཁང་དང་གཙུག་ལག་ཁང་ཆེ་གྲས་ལ་དཔེ་བྱས་ཏེ་བཞེངས་པར་བཤད་དེ། གོང་མ་ཆན་ལུང་ཁྲི་ལོ་བཅུ་གསུམ་པར་ནང་ལོགས་ནས་ལྟ་དཔྱད་མཁས་པ་དང་རི་མོ་བ་གྲགས་ཅན་བཅས་ཆེད་མངག་ཀྱིས་འདྲ་བཤུས་བླངས་པ་བཞིན། ལྷ་ལྡན་གྱི་པོ་ཏ་ལར་གཞི་བྱས་ཏེ་ཁྲེན་ཏེ་པོ་ཏ་ལ་དང་། བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ཏེ་ཕུའུ་ཉིན་ཟི་གཙུག་ལག་ཁང་། གཙང་བཀྲས་ལྷུན་ལ་དཔེ་བགྱིས་ཏེ་ཁྲེན་ཏེ་བཀྲ་ཤིས་ལྷུན་པོ་བཞེངས། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་ལ་དཔེ་བགྱིས་ཏེ་པེ་ཅིན་ནུབ་ཕྱོགས་ཤང་ཧྲན་ཇོ་བོའི་ལྷ་ཁང་བཞེངས་པ་བཅས་ཡིན་ལ། དོན་འདི་ནི་རྒྱ་ནག་གོང་མ་ཉིད་ཀྱིས་བྲིས་པའི་རྡོ་རིང་དུ་ད་ལྟའང་གསལ་བ་བར་སྟེ“……ལྕགས་ཡོས་ལོར་ཚད་འབྱོལ་ཕོ་བྲང་གི་བྱང་རི་ལ་པོ་ཏ་ལ་ཡི་གཞུང་བསྟན་གྱི་ལྷ་ཁང་བཞེངས་ནས་དགེ་བར་སྨོན་པ་ནི། ཐོར་ཀོད་རྣམས་གུས་འདུད་བྱས་པའི་རྐྱེན་ཡིན། ད་ལམ་པོ་ཏ་ལ་ཡི་གཞུང་བསྟན་ལྷ་ཁང་གི་གཡོན་གྱི་སྒང་རྒྱུད་ལ་བཀྲ་ཤིས་ལྷུན་པོའི་ལྷ་ཁང་བཞེངས་པ་ནི་ཆེད་དུ་པཎ་ཆེན་རིན་པོ་ཆེ་མཇལ་བར་ཕེབས་པ་ལ་བླ་མ་རང་གི་བཞུགས་གནས་ལྷ་ཁང་དང་འདྲ་བར་བཞེངས་ནས་ཐུགས་དམ་གྱི་གནས་སུ་བསྔན་(རྟེན་)འདི་ཡང་ཤྭི་ཙུ་སྣང་བྱེད་ཧང་ཏིའི་དུས་སུ་རྒྱལ་ཁབ་ཆེན་པོའི་བྱང་གི་ལྷ་ཁང་སེར་པོ་བཞེངས་ནས་ཏཱ་ལའི་བླ་མ་ལྔ་པ་ཆེན་པོ་གདན་དྲངས་པའི་སྲོལ་ལ་གུས་པས་གཞུག་པ་ཡིན།”ཞེས་དང་། ཡང་། “……སྔོན་ཆད་པོ་ཏ་ལ་བཞེངས་པས། །བཀྲས་ལྷུན་ངེས་པར་བཞེངས་པར་རིགས། གནས་གསར་ལས་མགོ་བརྩམ་པས་ནས། མྱུར་བར་འབད་མེད་ངང་གིས་བསྒྲུབས། འདུ་ཁང་གཟིམ་ཁང་བཀོད་པ་ཡང་། །གཙང་གི་ལྷ་ཁང་དབྱིབས་མཚུངས་བྱས།།……”ཞེས་ཁྲེན་ཏེའི་རྡོ་རིང་དུ་གསལ་བ་དང་། དེ་མཚུངས་སུ། ཤང་ཧྲན་རྡོ་རིང་ལས། “……ཇོ་བོའི་ལྷ་ཁང་འདི་ནི་དབུས་ཀྱི་ལྷ་ཁང་དང་འདྲ་བར་བཞེངས་པ་ཡིན། དབུས་ཟེར་བ་ནི་བོད་སྐད་ཀྱི་ཡུལ་དབུས་ཟེར་བ་ཡིན། མི་ཕལ་ཆེར་མདུན་གྱི་གཙང་ཟེར་གྱིན་འདུག། པཎ་ཆེན་ཨེར་ཏི་ནིའི་བཞུགས་གནས་ནི་གཙང་ངོ་ཐོག་ཡིན། གཙང་ཟེར་བ་འདི་ནི་དག་པའི་གཙང་ཡིན་ནོ།།”ཞེས་གསལ་བ་ནང་ལྟར་ཡིན་པས་ཕྱི་ནང་གི་རྟེན་བརྟེན་པ་ཡོངས་རྫོགས་བོད་ཀྱི་གཙུག་ལག་ཁང་དུ་གཞི་བྱས་པས་ན་དེ་དང་དེར་བོད་ཀྱི་ཆོས་སྲིད་དང་འབྲེལ་བའི་རྟེན་གསུམ་རིག་དངོས་མང་དུ་མཇལ་རྒྱུ་ཡོད།

 དེ་ལྟར་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་གནའ་ཤུལ། རི་ཆུ། ནང་ལོགས་ཀྱི་བོད་དང་འབྲེལ་བའི་གནས་ཆེན་བཅས་མང་པོ་རྒྱ་མཚོ་ལྟ་བུ་ལས་འདིར་བཀོད་ནི་ཀུ་ཤའི་རྩེས་བླངས་པའི་ཆུ་ཐིགས་ཙམ་ལས་མེད་པ་སྨོས་ཅི། ཐ་ན་ཞལ་ཐང་གི་ངོས་སུ་གསལ་བའི་སྲོང་བཙན་འཁྲུངས་ཡུལ་རྒྱ་མཁྲི་སྒང་དང་། མུ་ལི་སྟེང་དགོན། མདོ་སྨད་ཀྱི་རྫོང་ཆེན་བཞི་ཆ་ཚང་། ཤིས་ཚང་དགོན་གསར། ཁྱ་དགེ་དགོན། འབྲུག་པ་བཀའ་བརྒྱུད་ཀྱི་མ་དགོན་འབྲུག་གསང་སྔགས་ཆོས་གླིང་། ལྷ་མོ་བླ་མཚོ། རྨ་ལྷོ་སོག་རྫོང་གི་ལྷ་མོ་བླ་མཚོ། ཡར་ལྷ་ཤམ་པོ། གནས་ཆེན་ཙ་རི་ཏྲ། མི་ཉག་གངས་དཀར། གཉན་ཆེན་ཐང་ལྷ། གངས་དཀར་ཤ་མེད། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། བློན་པོ་གསེར་ཆེན། བཀྲ་ཤིས་འབྱུང་གནས། ཨ་མྱེས་བྱ་ཁྱུང་། གསེར་བྲིས་ཀྱི་ཚངས་པ་དུང་ཐོད། དཔལ་མགོན་བྲམ་གཟུགས་ཐིམ་ས་ཁའུ་བྲག་རྫོང་། མ་གཅིག་ལབ་སྒྲོན་གཏན་བཞུགས་མཛད་གནས། བུ་ཆུང་གསེར་གྱི་ལྷ་ཁང་། རྟག་བརྟན་འབུམ་པ། ཡར་ཀླུང་ཤེལ་གྱི་བྲག་ཕུག གཞིས་ཀ་སྣེ་གདོང་རྩེའི་གྲྭ་ཚང་། ཡར་ཀླུང་གི་བེེ་རོའི་སྒྲུབ་ཕུག དཀར་མཛེས་ལྷ་སྒང་དགོན། གསེར་ཐང་བླ་རུང་ལྔ་རིག་ཆོས་གླིང་སོགས་མང་དུ་ཡོད་ནའང་རེ་ཞིག་དུས་ཀྱིས་གཏུགས་ཏེ་འབྲི་ལོང་མ་བྱུང་བས་བསྐྱུར་དགོས་བྱུང་། དེ་བས་རྗེས་སུ་གོ་སྐབས་བྱུང་ན་ཁ་བསྐང་བར་བྱའོ།

《ཀུན་འདུས་ཞལ་ཐང་》གསར་བཞེང་ཁང་གི་དོན་གཉེར་དབུ་བཞུགས་ལྷན་རྒྱས་ཀྱི་བཀའ་ལན་མ་བཟློག་ཙམ་དུ་རང་གིས་ཤེས་ཚད་སྣ་ཟིན་སྤུ་ཟིན་དུ་བཀོད་ཀྱང་། མ་རྟོགས་ལོག་རྟོག་གིས་བསླད་པའང་འབྱུང་ངེས་ན། ཁ་བསྐང་དགོས་རིགས་དང་འཆོས་དགོས་ཀྱི་གནད་ལ་མཁྱེན་དཔྱོད་ཡངས་པ་ཚོས་ཐུགས་རྗེས་སྐྱོང་གནང་ཡོད་པ་སྙིམ་པ་སྙིང་གར་ཟུམ་སྟེ་ཞུའོ། །