མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

ལྷ་སར་གནས་སྐོར་བྱེད་ཚེ་འགྲིམ་འགྲུལ་ཡོ་བྱད་གདམ་ག་ཇི་ལྟར་བྱས་ཀྱང་ཆོག

  བོད་ལྗོངས་གསར་འགྱུར་དྲ་བ།  2011-01-20 11:17

ལྷ་ས་ནི་མིང་དོན་མཚུངས་པའི་གནས་སྐོར་གྱི་གྲོང་ཁྱེར་ཞིག་ཡིན་པས་ཁྲོམ་ལམ་དུ་སྐྱོད་སྐབས་སྟོད་ཕད་འཁྱེར་བའི་གནས་སྐོར་བ་ཟམ་མི་ཆད་པ་ཐུག་གི་ཡོད།
  འགྲུལ་པ་ཐར་ཐོར་བ་མང་པོ་ཞིག་ཚོགས་པ་དང་མཉམ་དུ་གནས་སྐོར་སྤྲོ་འཆམ་མི་བྱེད་པར་གྲོང་ཁྱེར་ནང་ཁུལ་ནས་འགྲིམ་འགྲུལ་གྱི་ཡོ་བྱད་སྣ་ཚོགས་གཡར་ཏེ་རང་ཉིད་ཀྱི་ཡུལ་སྐོར་གྱི་གྲོས་རིམ་ཁག་ལེགས་གྲུབ་ཐུབ་པ་བྱེད་ཀྱི་ཡོད།ལྷ་ས་གྲོང་ཁུལ་མ་གཞི་རྒྱ་ཆེན་པོ་མིན་ནའང་དེར་ཡོད་པའི་གནས་སྐོར་མཛེས་ལྗོངས་ཁག་ཚང་མར་སྤྲོ་འཆམ་བྱེད་པར་འགྲིམ་འགྲུལ་ཡོ་བྱད་མེད་ན་རྩ་བ་ནས་མི་འགྲིག་པ་ཞིག་རེད།
  རྒྱུན་དུ་ལྷ་ས་གྲོང་ཁུལ་དུ་གནས་སྐོར་བྱེད་པར་འགྲིམ་འགྲུལ་ཡོ་བྱད་ཁག་གཅིག་གདམ་ག་བྱས་ཆོག་པ་སྟེ་བདལ་གཏོང་རླངས་འཁོར་དང་།རྒྱལ་གཉེར་སྤྱི་སྤྱོད་རླངས་འཁོར།གླ་བྱེད་རླངས་འཁོར།འཁོར་ལོ་གསུམ་ལྡན་རྐང་འཁོར།རྐང་འཁོར་སོགས་ཡོད་ལ་གཞན་ཡང་གནས་སྐོར་ཀུང་སིའི་ཚོང་དོན་རླངས་འཁོར་ཡང་གླས་ཆོག
  ལྷ་ས་གྲོང་ཁྱེར་ནང་གི་བདལ་གཏོང་རླངས་འཁོར་གང་དུ་ཡོད་ཀྱང་དེར་བཀག་ཆོག་ཅིང་དེར་གཏན་འཁེལ་གྱི་ལམ་ཐིག་ཡོད་པས་བདལ་གླ་སྒོར་མོ་གཉིས་རེད།གལ་ཏེ་ཁྱེད་ཀྱིས་བདལ་གཏོང་རླངས་འཁོར་གྱི་ལམ་ཐིག་ཤེས་ཀྱི་མེད་ཀྱང་རང་ཉིད་འགྲོ་ས་ཁ་ལོ་བར་བཤད་ཚེ་དེར་སླེབས་ཐུབ་མིན་ཁོང་ཚོས་གསལ་པོ་ཤོད་ཀྱི་རེད།
  ལྷ་ས་གྲོང་ཁྱེར་ནང་གི་རྒྱལ་གཉེར་སྤྱི་སྤྱོད་རླངས་འཁོར་གྱི་བདལ་གླ་སྒོར་མོ1ཡིན་པ་དང་།སྤྱི་སྤྱོད་རླངས་འཁོར་བསྡད་ཚེ་ངེས་པར་དུ་འབབ་ཚུགས་ཡོད་སར་བབ་དགོས།ལྷ་ས་ས་ཁུལ་གྱི་གླ་བྱེད་རླངས་འཁོར་གྱི་བདལ་གླ་སྤྱིར་སྒོར་མོ་10ཡིན་པ་དང་།དེ་ལས་ཐག་རིང་བའི་སར་བསྐྱོད་དགོས་ཚེ་ཆུ་ཚོད་བཀག་སྟེ་སྒོར་བཅུ་ལྷག་ཙམ་དང་ཉི་ཤུ་ཡས་མས་ཐོབ་ཀྱི་ཡོད།ལྷ་སའི་འཁོར་ལོ་གསུམ་ལྡན་རྐང་འཁོར་གྱི་གླས་གླ་སྒྲིག་ཆོག་ཅིང་སྤྱིར་ཉིན་པར་ལམ་ཐག་རིང་ཐུང་ལ་བརྟེན་ནས་སྒོར་3ནས་8བར་ཡིན་པ་དང་།མཚན་མོ་སྒོར་མོ་1ནས་2བར་མཐོ་བ་ཡོད། མགྲོན་ཁང་དང་འགྲུལ་བཞུད་ཁང་མང་པོ་ཞིག་ལ་རྐང་འཁོར་གླས་ཆོག་པ་དང་།གླས་གླ་ཉིན་རེར་སྒོར་20ནས་30བར་ཡིན།
  གཞན་ཡང་མི་གསུམ་བཞི་མཉམ་དུ་གནས་སྐོར་སྤྲོ་འཆམ་བྱེད་དགོས་ཚེ་གནས་སྐོར་ཀུང་སིའི་ཚོང་དོན་རླངས་འཁོར་གླས་ཆོག་ཅིང་།ཀུང་སི་སོ་སོའི་གླས་རིན་མི་འདྲ་ཙམ་ཡོད།མིག་སྔའི་གནས་ཚུལ་ངོས་ནས་བཤད་ན།སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་སྤྲད་དེ་ཞོགས་པའི་ཆུ་ཚོད་9པ་ནས་ཕྱི་དྲོའི་ཆུ་ཚོད་4པ་བར་གླས་ཏེ་ཕོ་བྲང་པོ་ཏ་ལ་དང་།གཙུག་ལག་ཁང་།འབྲས་སྤུངས་དགོན་པ།ནོར་བུ་གླིང་ཁ་སོགས་གནས་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་ཆོག གནས་སྐོར་ལམ་ཐིག་དང་རིན་གོང་སྔ་ས་ནས་གྲོས་མཐུན་ཡག་པོ་བྱེད་དགོས།གལ་ཏེ་ལྷ་ས་ནས་དེ་ལས་ས་ཐག་རིང་ཙམ་གྱི་གནས་སྐོར་མཛེས་ལྗོངས་ཁུལ་དུ་བསྐྱོད་དགོས་ཚེ་མཚོ(ཁྲོན)བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་འཁྲིས་སུ་ཡོད་པའི་ནུབ་འདབས་ཐག་རིང་འགྲུལ་སྐྱེལ་བབ་ཚུགས་ནས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་བསྡད་ཆོག་ལ་གནས་སྐོར་ཀུང་སི་ནས་ཐད་ཀར་རླངས་འཁོར་གླས་ནའང་འགྲིག  །