མདུན་ཤོག- གནས་སྐོར།- གནས་སྐོར་ཞབས་ཕྱི།

སྤྲོ་འཆམ་དུ་འགྲོ་སྐབས་ཚ་བ་རྒྱག་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།

  བོད་ལྗོངས་གསར་འགྱུར་དྲ་བ།  2011-01-20 11:17

  འཚོ་བར་ཆོས་ཉིད་ཡོད་དགོས་པ། གནས་སྐོར་གྱི་འཆར་གཞི་བཟོ་སྐབས་སྔོན་ཚོད་ནས་འགྲུལ་བཞུད་དང་ངལ་གསོ་གཉིས་ཟུང་འབྲེལ་བྱ་དགོས་ལ། ཐོག་མའི་འཆར་གཞིར་གང་བྱུང་དུ་འགྱུར་ལྡོག་མི་གཏོང་བར་དུས་ཐོག་ཏུ་ལངས་པ་དང་དུས་ཐོག་ཏུ་ཉལ་བ། དུས་ཚོད་གཏན་འཁེལ་དུ་ལྟོ་ཆས་ཟ་བ་དང་ཟས་ཀྱི་ཚད་གཞི་ཏག་ཏག་ཟ་བ་བཅས་བྱེད་དགོས་པ་ལས་སྐབས་རེ་ལྟོ་དུས་གཅིག་ཆད་པ་དང་། སྐབས་རེ་རྒྱགས་ཚད་ཟ་བའི་རིགས་བྱ་རྒྱུ་མེད། དེ་འདྲ་བྱས་ཚེ་ཚ་བ་རྒྱག་པའི་སྣང་ཚུལ་ཐོན་སླ། གཞན་ཡང་གནས་སྐོར་དུ་འགྲོ་སྐབས་ཞག་ཚི་ཉུང་བའི་ལྟོ་ཆས་ཟ་དགོས། སྔོ་ཚལ་སོས་པ་དང་ཤིང་འབྲས་སོགས་མང་ཙམ་ཟ་བ་དང་། སྔོ་ཇ་སོགས་གང་མང་འཐུང་དགོས། 
  ངལ་གསོར་དོ་སྣང་བྱེད་དགོས། གནས་སྐོར་དུ་འགྲོ་སྐབས་གནས་རྩ་ཆེན་དང་། གནའ་ཤུལ་རིག་དངོས། མཛེས་ལྗོངས་སོགས་མང་པོ་མཇལ་རྒྱུ་ཡོད་ཀྱང་རང་གི་གཟུགས་པོའི་ནུས་ཚད་དང་འགྲོ་སྐྱོད་གཉིས་ཟུང་འབྲེལ་བྱེད་དགོས་པ་ལས་སེམས་ལ་བསམ་ཚད་ལུས་པོས་མི་འཇོན་པས་ལུས་པོའི་ཆ་རྐྱེན་ལ་མི་བལྟོས་པར་ཨུ་ཚུགས་མཐར་སྐྱེལ་བྱས་ན་རང་གི་སེམས་པའི་འདོད་དོན་མི་སྒྲུབ་པའི་ཁར་ལུས་པོ་ནད་ཀྱིས་མནར་ནས་མི་སྡུག་རང་སྡུག་བཟོ་སྲིད་པས་ངལ་གསོ་དང་ཟུང་འབྲེལ་བྱ་རྒྱུ་གལ་ཆེ།
  ནད་གཞི་ལ་བལྟོས་ནས་སྨན་ཟ་དགོས། གནས་སྐོར་བ་ཕལ་ཆེ་བ་ཡུལ་སྐོར་རིང་ལུས་པོར་ཚད་གཞི་མི་འདྲ་བའི་ངལ་དུབ་བྱུང་སྟེ་ལུས་པོའི་རང་སྟོབས་ཀྱི་སྙོམ་སྒྲིག་ནུས་པ་དང་ནད་འགོག་ནུས་པ་སྐྱོ་རུ་འགྲོ་བས་ཚ་བ་སོགས་ཀྱི་ན་ཚ་ཕོག་སླ་པོ་ཡོད། གལ་ཏེ་ཕྱིར་འགྲོ་སྐྱོད་བྱེད་སྐབས་ལུས་པོར་ཚ་བ་རྒྱག་པའི་སྣང་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་ལས་དེར་སྣང་ཆུང་བྱས་ན་ཚ་བ་བརྒྱབ་པ་ལས་བྱུང་བའི་ནད་གཞི་མང་པོ་འབྱུང་སྲིད།   །