པཎྜི་ཏ་བིས་པ་ངག་དབང་མི་ཕམ་ཟླ་བའི་རྣམ་ཐར་མདོ་ཙམ་བརྗོད་པ།

མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་པཎྜི་ཏ་བིས་པ་ངག་དབང་མི་ཕམ་ཟླ་བའི་རྣམ་ཐར་མདོ་ཙམ་བརྗོད་པ། 

ཤེས་བྱའི་གནས་རྣམས་ལ་བློ་གྲོས་མཁའ་ལྟར་ཡངས་པའི་མཁས་དབང་པཎྜི་ཏ་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ་ནི།ཇི་སྐད་དུ་རྗེ་བཙུན་ཨབྷྱ་ཞབས་ཀྱིས།ངག་གི་དབང་བོར་ཡོངས་གྲུབ་དགེ་བའི་དབྱངས།།མི་ཕམ་ལེགས་བྱས་ནམ་མཁའི་ངོས་ཡངས་ལས།།ཅིག་ཅར་བཞད་པའི་གྲགས་དཀར་ཟླ་བའི་རླབས།།སྲིད་ཞིར་གཡོ་བ་གང་དེས་དགེ་ལེགས་སྩོལ།།ཞེས་བསྔགས་བརྗོད་ཀྱི་མེ་ཏོག་རབ་ཏུ་འཐོར་བ་ངེས་དོན་གྱི་པཎྜི་ཏ་ཆེན་པོ་དེ་ཉིད་ནི།སྤྱི་ལོ་1763མེ་ཕག་ལོའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཞིག་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་ཚན་མར་ནང་ཚོ་ལྔའི་བིས་ཐང་ཞེས་བྱ་བའི་ནོར་འཛིན་གྱི་ལྟེ་བར།འཇའ་མོའི་རིགས་ལས་ཡབ་དཔལ་ལོ་དང་།ཡུམ་ཀླུ་མོ་དཔལ་གཉིས་ཀྱི་སྲས་སུ།ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་གཟུགས་སྐུ་ཉི་མ་གཞོན་ནུ་འགྲོ་བའི་མིག་གི་བདུད་རྩིར་འཁྲུངས་སོ།།

སྐུ་མ་འཁྲུངས་པའི་སྔ་རོལ་དུ་ཡུམ་ལ་རྨི་བལྟས་བཟང་བོ་མང་དུ་བྱུང་བ་དང་།འཁྲུངས་དུས་ཁང་སྟེང་དུ་འཇའ་ཚོན་སྣ་ལྔའི་གུར་ཕིབས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་།སྐུ་གཞོན་ནུའི་དུས་སུ་ཡང་ཆོས་འཆད་པ་དང་།ཡི་གེ་འབྲི་བ།ཕྲེང་བ་འདྲེན་པ་སོགས་སྒོ་གསུམ་གྱི་བྱ་སྤྱོད་མཐའ་དག་ལ།མི་ཀུན་གྱི་དང་བ་འདྲེན་པའི་ཡུལ་སྨོན་དུ་གྱུར་ཅིང་།རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་།ངག་སྨྲ་ཐུབ་ཙམ་ནས་ང་བིས་པ་དགེ་བཤེས་ཡིན་ཞེས་ཡང་ཡང་གསུངས།དེ་ནས་མཆོག་སྤྲུལ་ཉིད་མདོ་སྔགས་གཞུང་རྒྱ་སྨྲ་བའི་བཤེས་གཉེན་ཆེན་པོ་བིས་པ་ཤེས་རབ་བསྟན་འཛིན་གྱི་ཡང་སྲིད་དུ་ངོས་འཛིན་འཁྲུལ་མེད་བྱུང་ནས།སྒེའུ་སྟེང་དགའ་ལྡན་ཆོས་གླིང་དུ་བཞུགས་ནས་བཤེས་གཉེན་དམ་པའི་དྲུང་དུ་འཕྲལ་སྦྱར་གྱི་ཀློག་དང་གཤར་མ་དབུ་ཅན་སོགས་ཐུན་མོང་རིག་གནས་སྤྱི་ལ་སྦྱངས།

དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་རྒྱལ་བའི་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་མཐའ་དག་ལ་སྦྱངས་འདོད་ཀྱི་ཐུགས་འདུན་རབ་ཏུ་འཁྲུངས་ཏེ།གསེར་ལྗོངས་རིག་པ་འབྱུང་བའི་ཞིང་གི་མཛེས་རྒྱན་དམ་པ།དཔལ་ན་ལེན་དྲ་དང་རྒྱལ་བྱེད་ཚལ་གྱི་ཟླ་བོར་ཡོངས་སུ་སྙེམས་པ།རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཞེས་ཡོངས་སུ་གྲགས་པ་གང་གི་ཆོས་ཀྱི་གྲྭར་བྱོན་ཏེ།རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་ཚད་མ་དང་ཕར་ཕྱིན།དབུ་མ་དང་མཛོད།འདུལ་བ་དང་གསང་སྔགས་རྒྱུད་སྡེ་བཞི་སོགས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མ་ལུས་པ་ལ་ཉིན་མཚན་ཁོར་ཡུག་ཏུ་སྦྱངས་པའི་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན།དེ་ནས་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་ནས།ཕྲེང་བའི་དཀྱིལ་འཁོར་ཆེན་པོ་ཞེ་ལྔའི་དབང་དང་།སློབ་དཔོན་བློ་བཟང་རྒྱ་མཚོ་ལས་ཀྱང་དབང་ལུང་རྗེས་གནང་དཔག་མེད་གསན།ལྔ་རིག་སྨྲ་བའི་དབང་པོ་བདེ་ཆེན་པ་ཤེས་རབ་འོད་ཟེར་གྱི་དྲུང་དུ་ལཉྫ་དང་ཝརྟུ།དབུ་ཅན་དང་དབུ་མེད།གཟབ་མ་དང་གཤར་མ་སོགས་ཀྱི་བྲིས་དང་སུམ་རྟགས་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་གནང་།ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ཀྱི་ཞལ་སྔ་ནས་སྒྲ་རིག་པའི་གཞུང་ལུགས་དབྱངས་ཅན་སྒྲ་ཌིག་རྩ་འགྲེལ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་རྩ་འགྲེལ་བཅས་ལ་སྦྱངས།མཁས་དབང་ཨ་ཁྱུང་སྤྲུལ་སྐུ་ངག་དབང་མཁྱེན་རབ་ལས་སྙན་ངག་རྩ་འགྲེལ་དང་དབྱངས་ཅན་དགྱེས་གླུའི་སྟེང་ནས་གཟབ་ཁྲིད་གནང་།དབལ་མང་པཎྜི་ཏ་དང་ཞྭ་དམར་རྡོ་རྗེ་འཆང་རྣམ་གཉིས་ནས་སྙན་ངག་མཁན་དུ་སྔགས་པ་ཡང་ཡང་མཛད།བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་ཁྲིད་སོགས་གསན་པས་མཚོན།རིག་པའི་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པར་མཛད།སྐར་རྩིས་དང་མངོན་བརྗོད་ཐིག་རྩ་སོགས་ལའང་མཁས་པར་བསླབས།

དགུང་ལོ་བཅོ་བརྒྱད་ཡས་མས་ཤིག་ལ་དབྱངས་ཅན་མའི་བསྙེན་པར་བཞུགས་སྐབས་རྨྱུག་གུ་ཕྱག་ཏུ་མི་ལེན་པའི་དམ་བཅའ་དང་བཅས་ཏེ་བསྒྲུབས་པས།ཉིན་ཞིག་ལྷག་པའི་ལྷ་མོར་བསྟོད་ཚིག་ཐུགས་ལ་ལམ་ལམ་ཤར་བ་ཕྱག་མཛུབ་ཀྱིས་རྩིག་ངོས་སུ་བྲིས་པ་ཕྱིས་སུ་རོང་བོའི་གནས་བསྟོད་ཀྱི་མགོའི་ཚིག་བཅད་དེ་ཡིན་པར་གསུངས། [1]བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ཀྱིས་སྦྱངས་བར་བྱ་བའི་ཤེས་བྱའི་གནས་མཐའ་དག་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མངོན་སུམ་དུ་རྗེན་པར་གཟིགས་ཏེ་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོར་གྱུར།གྲྭ་ཚང་གི་ཚོགས་ལངས་དང་དམ་བཅའ་ཆེ་ཆུང་གི་སྐབས་ཀུན་ཏུ་རིག་པའི་དབང་ཕྱུག་གི་རྣམ་དཔྱོད་ཕུལ་ཏུ་ཕྱིན་པས།ངེས་དོན་ལུང་རིགས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པའི་མཁས་གྲུབ་བྱེ་བས་ཀྱང་དམ་པ་གང་གི་མཁྱེན་རབ་ལ་འགྲམ་ཆུ་ལྡང་དགོས་པ་བྱུང་།

དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པའི་རྟོགས་བརྗོད་ལས།དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།།འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།།ཞེས་དང་།རྗེ་ས་པཎ་གྱིས།མཁས་པ་ཡོན་ཏན་མཛོད་འཛིན་པ།།དེ་དག་ལེགས་བཤད་རིན་ཆེན་སྡུད།།རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར།།ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ།།ཞེས་གསུངས་པ་ལྟར་མཁས་པ་ཡོན་ཏན་གྱིས་མི་ངོམས་པ་དང་རྒྱ་མཚོ་ཆེན་པོ་ཆུ་ཡི་མི་ངོམས་པའི་དཔེ་ལྟར།འཕགས་བོད་ཀྱི་མཁས་གྲུབ་དུ་མའི་གཞུང་ལུགས་ལ་སྒྲོ་འདོགས་ལྷག་མེད་དུ་ཆོད་པའི་ཕྱིར།མཁས་གྲུབ་ཆེན་པོ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།ཆོས་ཀུན་སྒྱུ་མའི་རྣམ་རོལ་ཏུ་འཆར་བ་ཁྲི་ཆེན་འཇམ་དབྱངས་དགེ་འདུན་བསྟན་འཛིན།གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཁྲི་ཆེན་དགེ་འདུན་མཁྱེན་རབ།ཀུན་གཟིགས་ཆེན་པོ་དགེ་འདུན་ཟླ་བ་གྲགས་པ།ཐུབ་བསྟན་རྩ་ལག་ངག་དབང་འཇམ་དབྱངས་བཀྲ་ཤིས།གནས་ལྔ་ཀུན་མཁྱེན་ངག་དབང་དགེ་འདུན་བསྟན་འཛིན།ཐོས་པའི་བང་མཛོད་དྲུང་ཡིག་བློ་བཟང་རྒྱ་མཚོ།ལྷ་རམས་པ་བློ་བཟང་བསྟན་འཛིན།ཝང་ཞབས་དྲུང་སྐལ་བཟང་ཡེ་ཤེས་དར་རྒྱས།ཞོང་བ་སྒོམ་ཆེན་བློ་བཟང་ཟླ་བ་སོགས་མཁས་གྲུབ་དུ་མ་ལས་སྨིན་བྱེད་ཀྱི་དབང་དང་།གྲོལ་བྱེད་ཀྱི་ཁྲིད།རྒྱབ་རྟེན་གྱི་ལུང་གི་རིམ་པ་སོགས་ཆོས་བཀའ་མཐའ་ཡས་པ་གསན་ཞིང་།རྒྱུན་དུ་གསུང་རབ་ཀྱི་དོན་ལ་སྤྱོད་པའི་དུས་འདའ་བར་གྱུར།ཁྱད་པར་དུ་ཐུའུ་བཀྭན་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ལམ་རིམ་བདེ་ལམ་གྱི་ཁྲིད་ཞལ་ཤེས་མན་ངག་གིས་བརྒྱན་པ།སྔགས་ལུགས་ཐུན་མོང་མ་ཡིན་པའི་ཕྱག་ཆེན་ཟབ་ཁྲིད་བཅས་གསན་པའི་ཆོས་མཚམས་བྱེད་པ་དང་དུས་མཚུངས་སུ་ཚོགས་དུང་འབུད་པ་དང་།མེ་ཏོག་གི་ཆར་འདབ་མ་ལྔ་དྲུག་རེ་ཡོད་པ་ས་གཞི་ཁེབས་པར་བབས་པ་སོགས་རྟེན་འབྲེལ་རང་ཤུགས་ཀྱིས་འགྲིག་པ་ལ།བླ་མ་རིན་པོ་ཆེ་ཐུགས་དགྱེས་པའི་ཉམས་འུར་བ་ལྟ་བུ་མཛད་དེ།ཞལ་ནས་གུང་ཐང་སྤྲུལ་པའི་སྐུ་དང་བིས་པ་སྤྲུལ་སྐུ་ལྟ་བུའི་མདོ་སྔགས་རིག་གནས་ཀུན་ལ་མཁས་པ་དེང་དུས་ཤིན་ཏུ་དཀོན་ཞེས་གསུངས།དེ་བས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་དམ་པ་འདི་ཉིད་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་པའི་བདག་པོར་མངའ་གསོལ་བ་ནི་གསུང་ལས།ཁྱོད་ནི་གཟུགས་དང་ལང་འཚོའི་དཔལ།།འགྲན་པ་བཞིན་དུ་དར་ལ་བབས།།དེ་ཕྱིར་བཤད་སྒྲུབ་བསྟན་པའི་ཁུར།།ཁྱོད་ཀྱི་ཕྲག་ཏུ་བླངས་པའི་རིགས།།ཞེས་གསུང་གིས་དབང་བསྐུར་རོ།།འཇམ་མགོན་སྨྲ་བའི་པཎྜི་ཏ་ཆེན་པོ་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ཞལ་ནས།སྤྱིར་རེབ་གོང་ལ་ངོམ་ཆོག་པའི་པཎྜི་ཏ་ལ་མི་ཕམ་ཟླ་བ་བྱུང་[2]ཞེས་ངེས་དོན་གྱི་གསུང་གི་མེ་ཏོག་འཐོར།

དགུང་ལོ་ཉེར་གསུམ་པ་སྤྱི་ལོ་1789ས་བྱ་ལོར་རེབ་གོང་སྐྱབས་མགོན་དགེ་འདུན་འཕྲིན་ལས་རབ་རྒྱས་ཞལ་སྔ་ནས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་ཆེ་བར་མཛད་དེ།སོ་ཐར་གྱི་མདོ་ལས།མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།།ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ།།ཞེས་གསུངས་པ་ལྟར།དབེན་གནས་དྲང་སྲོང་དགྱེས་པའི་དགའ་ཚལ་སྒེའུ་སྟེང་དགའ་ལྡན་ཆོས་འཕེལ་གླིང་སོགས་སུ།ལམ་གྱི་རྩ་བ་མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་མཇུག་གི་བར་གྱི་ལམ་གྱི་རིམ་པ་མཐའ་དག་ལ་ཉམས་ལེན་དང་།མཐུན་རྐྱེན་ཚོགས་གསོག་པ་དང་འགལ་རྐྱེན་སྒྲུབ་པ་སྦྱངས་པ་བཅས་ལ་བརྩོན་པ་རྡོ་རུས་ཐུག་པར་མཛད་པས།སྔོན་མེད་ཉམས་རྟོགས་ཀྱི་གཏེར་ཁ་ཀློང་དུ་རྡོལ་བར་གྱུར།

དེ་ནས་དཔལ་དུས་འཁོར་གྲྭ་ཚང་གི་མི་འཇིགས་སེང་གེ་བཏེགས་པའི་གསེར་གྱི་གདན་ཁྲི་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བཀོད་དེ།ཁྲི་རབས་གསུམ་པར་བཞུགས་ནས་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་ཐུགས་ཁུར་ལེགས་པར་བཞེས་ཏེ།ཇི་སྐད་དུ།འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས།ཤེས་བཅུ་རྣམ་དག་བདག་ཉིད་ཅན།།ཤེས་བཅུ་རྣམ་དག་འཆང་བ་པོ།།རྣམ་པ་བཅུ་བོ་དོན་བཅུའི་དོན།།ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག།ཀུན་གྱི་དོན་ནི་མ་ལུས་བྱེད།རྣམ་བཅུ་དབང་ལྡན་ཆེ་བ་པོ།།ཞེས་གསུངས་པ་ལྟར།ཕྱི་སྣོད་ཀྱིས་བསྡུས་པའི་སྲིད་པ་རྣམ་པ་བཅུ་དང་།ནང་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྲིད་པ་བཅུ་དབང་ལྡན་སྦྱང་བྱར་བྱས།ལམ་རྣམ་བཅས་རྣམ་མེད་ཀྱི་སྟོང་ཉིད་དང་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་མི་འགྱུར་བའི་བདེ་ཆེན་སྦྱོང་བྱེད་ལམ་རྣམ་བཅུ་དབང་ལྡན་གོང་དུ་སྤེལ་ཏེ།སྒྲིབ་བྲལ་འབྲས་བུའི་རྣམ་བཅུ་དབང་ལྡན་མངོན་དུ་མཛད།དམ་ཆོས་ཆོས་རྒྱལ་གསལ་བར་ལྡན།།འཇིག་རྟེན་སྣང་བར་བྱེད་པའི་མཆོག།ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།།ལེགས་པའི་ལམ་ནི་སྟོན་པ་པོ།།ཞེས་གསུངས་པ་ལྟར་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་འཆད་པ་ལ།འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་དང་ངོ་བོ་གཉིས་སུ་མ་མཆིས་པར་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་མན་ངག་རྣམས་གསེར་གྱི་ཐང་མར་བརྡལ་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་བཀའ་དྲིན་ཅི་ཡང་བསྐྱངས།

དེ་ནས་རྒྱལ་བའི་ཐེག་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་བ་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་གཞུང་ལ་ཉམས་བཞེས་གཙོ་བོར་གནང་བའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཁྲི་ལ་ཕེབས་ཏེ།རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་དེའི་འགྲེལ་བ་སྒྲོན་གསལ།དཀྱུས་མཆན་བསྡུས་དོན་དང་བཅས་པ་སྦྲགས་ནས་མཐའ་དྲུག་ཚུལ་བཞིའི་བཤད་པ་རྒྱལ་བ་རྡོ་རྗེ་འཆང་དང་གཉིས་སུ་མེད་པའི་བཤད་པ་འབྱམས་ཀླས་པ་གནང་།བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་དང་རྗེས་གནང་།ལམ་རིམ་སོགས་ཀྱི་ཆོས་བཀའ་མཐའ་ཡས་པ་གསུངས་ཏེ་རྒྱུད་པའི་ཁྲི་པ་ལོ་ངོ་དྲུག་ལ་བསྐྱངས་སོ།།

དམ་པ་འདི་ཉིད་སྐུ་གཞོན་ནུའི་དུས་ནས་སེང་གཤོང་ཡ་མགོའི་སྒྲུབ་སྡེ་ཆེན་པོ་དཔལ་ལྡན་ཆོས་འབྱོར་གླིང་འདིར་ཡང་ཡང་ཕེབས་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་དགོན་བདག་མཛད།སྨོན་ལམ་ཆེན་མོ་སྐབས་ཀྱི་གདན་ཁྲི་ལོ་དུ་མའི་བར་དུ་བསྐྱངས་ཏེ།སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྣམ་ཐར་དང་རྗེ་རྣམ་ཐར་དད་པའི་འཇུག་ངོགས་སོགས་སྨོན་ལམ་གསུང་ཆོས་མཐའ་ཡས་པ་གནང་།ཆོས་ཐོག་དང་འདོན་དབྱངས་རྟ་ཆོ་ག་ཕྱག་ལེན་བཅས་ར་རྒྱའི་ཕྱག་ལེན་ལྟར་བཙུགས།ལན་གྲངས་དུ་མའི་བར་དུ་སྡེ་འདིའི་སྐྱེ་འགྲོ་རྣམས་ལ་དམ་པའི་ཆོས་ཀྱི་བཀླགས་ལུང་སོགས་ཆོས་བཀའ་མང་དུ་སྩལ།དགེ་ཚུལ་སློང་རྣམས་ལ་འདུལ་བའི་བསླབ་བྱ་དང་།དགོན་པའི་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཐུགས་བརྩེ་པའི་ངང་ནས་འདོམས་པར་མཛད་པ་སོགས་ཚད་མེད་པའི་བཀའ་དྲིན་གྱིས་བསྐྱངས།དེ་བས་སྡེ་འདི་དག་གི་སྐྱ་སེར་ཐམས་ཅད་ཁོང་ལ་སངས་རྒྱས་དངོས་ཀྱི་དད་པ་བརྟན་པོ་ལྡོག་ཏུ་མེད་པ་ཞིག་ཡོད་སྟབས།རྗེས་སུ་སྡེ་འདིའི་ཁྲོད་ཀྱི་རྒྱལ་ཚང་མའི་ཚོ་བར།མཆོག་གི་སྤྲུལ་བའི་སྐུའི་ཡང་སྲིད་ཐེངས་གཉིས་ལ་འཁྲུངས་སོ།།དེ་ནས་རྐ་སར་དགོན་འདུས་བཟང་ཆོས་གླིང་ཕྱག་འདེབས་མཛད་དེ་ལོ་རྒྱུས་གཞན་དུ་ཤེས་པར་བྱའོ།།

དགུང་ལོ་ཞེ་གཅིག་པ་སྤྱི་ལོ་1807མེ་ཡོས་ལོར་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་གསེར་གྱི་ཁྲི་ལ་ཕེབས་པ།ཇི་སྐད་དུ།དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས།།མི་འཇིགས་སེང་གེ་ཁྲི་ལ་དབང་བསྐུར་བ།།རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ།།མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག།ཞེས་གསུངས་པ་དང་ཚུལ་མཐུན་པར་རོང་བོ་གྲྭ་ཚང་གི་གསེར་ཁྲིར་མངའ་གསོལ་ན་ཡང་།གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་ལོ་དེར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

དཔལ་ལྡན་བླ་མ་དམ་པ་འདིས་མཛད་པའི་གསུང་རྩོམ་ལ་བསྡོམས་པའི་པོད་གསུམ་བཞུགས།པོད་དང་པོར།ཁྲི་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་པད་མ་དཀར་པོའི་ཆུན་པོ།དགེ་འདུན་ཟླ་བ་གྲགས་པའི་འཁྲུངས་རབས་རྣམ་ཐར་བཅས་དང་།།པོད་གཉིས་པ་ལ།ལམ་གཙོ་རྣམ་གསུམ་དང་།དྲིས་ལན་གྱི་སྐོར།འཕྲིན་ཡིག་གི་རྣམ་བཞག་སོགས་དང་།པོད་གསུམ་པར།ལམ་རིམ་ཟིན་བྲིས།རོང་བོ་དགོན་ཆེན་གྱི་བསྟོད་པ་དབྱངས་ཅན་འཛུམ་པའི་རོལ་མོ།ལྷག་ལྷ་འགའི་སྒྲུབ་ཐབས་སོགས་བཞུགས།ཞེས་མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་པཎྜི་ཏ་བིས་པ་ངག་དབང་མི་ཕམ་ཟླ་བའི་རྣམ་ཐར་མདོ་ཙམ་བརྗོད་པ་ཞེས་པ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་2003ལོར་སྦྱར་བའོ།།



[1]རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོས་མཛད་པའི།རེབ་གོང་ཆོས་འབྱུང་རྒྱས་བཤད་ཀུན་གསལ་བློ་གསལ་མགུལ་རྒྱན་གདན་ས་གསུམ་གྱི་བླ་མ་དམ་པ་རྣམས་ཀྱི་གདན་རབས་ཅེས་པར་གསལ།ལག་བྲིས་མ།

[2]ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།སྨད་ཆའི་ཤོག་ངོས་597པར་གསལ།སྤྱི་ལོ་1990ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བཏོན།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།