ཡོངས་འཛིན་པཎྜི་ཏ་བློ་བཟང་དཔལ་ལྡན་གྱི་རྣམ་ཐར་མདོར་ཙམ་བརྗོད་པ།

མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་མཁས་དབང་ཡོངས་འཛིན་པཎྜི་ཏ་བློ་བཟང་དཔལ་ལྡན་གྱི་རྣམ་ཐར་མདོར་ཙམ་བརྗོད་པ།
罗藏.jpg


            རྒྱལ་ཀུན་ཡེ་ཤེས་དམར་སེར་ངྷི་ཡིག་ཁམས།།སྙིང་བོར་སྨིན་པ་འཇམ་དཔལ་སྨྲ་བའི་ལྷ།།གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ།།ཡོངས་འཛིན་དཔག་བསམ་ལྗོན་པས་དགེ་ལེགས་སྩོལ།།བློ་གྲོས་ནམ་མཁའི་མཐའ་དང་མཉམ་འཇུག་པའི།།མཐའ་ཡས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ།།ལྷན་སྐྱེས་ཉིད་ནས་མངོན་སུམ་བཞིན་གྱུར་པ།།ཡོངས་འཛིན་དཔག་བསམ་ལྗོན་པའི་དགེ་ལེགས་སྩོལ།།ཞེས་བཀྲ་ཤིས་པའི་ཚིག་གིས་མདུན་བསུས་ཏེ།འདིར་གང་བརྗོད་པར་བྱ་བ་ནི།དུས་རབས་བཅུ་དགུ་བའི་སྨད་ཀྱི་ཆར་ཡུལ་མདོ་སྨད་ཀྱི་ལྗོངས་སུ་བྱོན་པའི་པཎྜི་ཏ་ཆེན་པོ།རྗེ་བཙུན་འཇམ་དབྱངས་བླ་མ་ཡོངས་འཛིན་བློ་བཟང་དཔལ་ལྡན་ཞེས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་མཁས་པའི་བྱ་བ་མ་ལུས་པ་ལ་བློ་གྲོས་ཀྱི་དཀྱིལ་འཁོར་ཆེན་པོ་རྒྱས་པ་དེ་ཉིད་ཀྱི་རྣམ་པར་ཐར་བ་མདོ་ཙམ་ཞིག་བརྗོད་པ་ལ།བོད་ཆོལ་ཁ་གསུམ་དུ་བྱས་པའི་ཕྱི་མ་མདོ་ཁམས་སྨད་ཀྱི་སའི་ཆ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་གྲགས་པ་སྣོད་བཅུད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བར་སྒྲོགས་པ་དེ་ཉིད་ལ།རྩ་བ་དང་ཡན་ལག་གིས་ཕྱེ་བའི་ཤོག་ཆེ་ཆུང་མང་དུ་ཡོད་པའི་ཡ་གྱལ།རོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུ་ཞེས་བྱ་བའི་གྲོང་སྡེར།ཡབ་ཆོས་མཛད་དང་ཡུམ་སྒྲོན་མ་ཞེས་པ་གཉིས་ཀྱི་སྲས་སུ།
        རབ་བྱུང་བཅོ་ལྔ་བའི་བགྲང་བྱ་བཅོ་ལྔ་བ་ལྕགས་སྦྲུལ།སྤྱི་ལོ་1881ལ་སྐུ་བལྟམས་པར་གྱུར་ཏེ།དེ་མ་ཐག་རྒྱུས་མེད་ཀྱི་གྲྭ་བ་གོས་གསར་བ་གྱོན་ནས་རྟ་དམར་ཁྲིད་པ་ཞིག་གིས་རྒྱུས་ཡོད་ལྟར་སྒོ་ཕྱེ་ནས་ནང་དུ་རྟ་འདོགས་སྐབས།ཡུམ་ནས་འགྲུལ་བ་ལ་འཛེམ་པའི་ལུགས་ཀྱིས་བུ་ཆུང་བཙས་པའི་རྒྱུ་མཚན་དང་བཅས་གཞན་དུ་འགྲོར་བཅུག་པ་དབང་སྡུད་ཀྱི་རྟེན་འབྲེལ་ལ་ཅུང་གནོད་འདྲ་ཞེས་གསུངས།བདུན་ཁ་གང་ནས་ཡབ་ཀྱིས་བུ་ཆུང་གཙང་མ་པདྨ་དང་འདྲ་བ་འདི་ལ་པདྨ་བཀྲ་ཤིས་འདོགས་ཞེས་མཚན་ཐོག་མར་གསོལ།བུ་ཆུང་འདི་སྐྱེས་བོ་སུས་མཐོང་ཡང་ཐམས་ཅད་ཀྱི་ཡིད་འཕྲོག་པ་ཞིག་ཡིན་པས་སྐྱེ་བོ་མཆོག་དམན་ཡོངས་ཀྱིས་བྱིས་པ་འདི་རང་ག་བ་ཞིག་མ་རེད་ཅེས་མཐུན་པར་གླེང་བ་བྱུང་།ཞལ་ནས་ཀྱང་།དེའི་སྐབས་གཉེན་རིགས་དང་མི་མང་གིས་འདི་རེད་ཟེར་བའི་འོས་འགབ་ཡོད་པ་ཞིག་རྣམ་རྟོག་གིས་མ་རྙེད།རང་གིས་ངག་གྲོལ་ནས་གསལ་ཆ་མ་སྨྲས་པས་བླ་གོག་ཅིག་གི་གོ་སར་མ་བཅུགད་བསམས་ན་རོང་འབྲོག་བར་གསུམ་ཉུལ་ནས་མི་བྱེད་དགུ་བྱེད་ཀྱིས་རང་གཞན་ཕོངས་པའི་གཉིས་མེད་སེང་གེ་དེ་འདྲ་བྱེད་མ་དགོས་པར།དབེན་པའི་གནས་སུ་ཆོས་མི་ཡོང་ཡང་ཁུར་མེད་སོས་དལ་གྱིས་སྐྱིད་ཉལ་བྱས་ཆོག་པ་འདི་བསོད་ནམས་ཅུང་ཟད་བཟང་ཞེས་གསུངས།
           དེ་ལྟ་བུའི་གཞོན་ནུ་དེ་སྔོ་གོམས་བག་ཆགས་བཟང་པོ་ཡོངས་སུ་སད་པས།ན་ཚོད་ཅུང་ཟད་རྒྱས་པ་ནས་ངེད་བནྡི་བྱེད་རྒྱུ་ཡིན་ཞེས་རྒྱུན་དུ་གསུངས།ཁྱེད་བནྡི་མ་བྱེད་ཅེས་ཞུས་ན་ཁ་སྦུབ་ཏུ་ལོག་ནས་ཡུན་རིང་བཤུམས་པ་ཞིག་ཡོད་པར།ཡབ་ནས།ཁྱེད་ཤེས་རབ་ཅན་ཡིན་པས་གྲྭ་ཚང་དུ་བཞག་ནས་ཡོན་ཏན་སློབ་དགོས།དེ་ལ་ནར་སོན་དགོས་ཞེས་གདམས་ཏེ།རྭ་རྒྱའི་སྤྲུལ་བའི་སྐུར་རོང་བའི་གྲྭ་ཚང་དུ་བསྐྱལ་ན་ལེགས་ཉེས་ཇི་ལྟར་འགྱུར་བའི་བརྟག་པ་ཞུས་པར།རོང་བོར་བཞག་ན་མིང་བཏགས་སོགས་ལན་ཆགས་ཀྱང་ཆེ།སྐུ་ཕྱོགས་ཤར་ནས་ཚོ་འདུ་ཚང་ནང་ཆེན་དུ་མི་འཕེན་པའི་ངེས་པ་ཡང་མེད།འདི་བློ་རྒོད་པས་འཇིག་རྟེན་པར་སོང་ན་བཅོས་སུ་མེད།དེ་བས་རང་དགོན་དུ་ཞོག་དང་།ལས་དང་བག་ཆགས་བཟང་པོ་ཅན་ཞིག་ཡིན་ཚེ་ལད་མི་འགྲོ་སྙམ།ཞེས་གསུངས་པ་ལྟར་རང་དགོན་གྱི་ཆོས་སྒོར་འཇུག་པར་ཐག་བཅད།ཕྱིས་སུ་ཞལ་ནས།བླ་མ་རིན་པོ་ཆེ་མངོན་ཤེས་མངའ་བའམ་རང་གི་བསོད་ནམས་ཀྱིས་བསྐུལ་བ་གང་ལྟར།རོང་བོར་སོང་ཡོད་ཕྱིན་ཕྱོགས་གང་ཐད་ནས་བསམས་ཀྱང་ཕྱི་ལྡིར་ནང་སྟོང་དགེ་མེད་སྡིག་པོ་ཆེ་ཞིག་ལས་མི་འབྱུང་བར་མ་ཟད།བླ་མ་རྡོ་རྗེ་འཆང་ཆེན་པོའི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་པས་བག་ཆགས་འཇོག་རྒྱུ་འདི་འདྲ་བྱུང་བ་ལྟ་ཅི།བྱེད་འདོད་ཙམ་ཡང་གང་ནས་སྐྱེས་ཞེས་ཕྱིས་སུ་ཡང་ཡང་གསུངས།
           དགུང་ལོ་བཅུ་བ་ལྕགས་སྟག་ལོར་རེབ་གོང་སྒྲུབ་པའི་དགའ་ཚལ་བཅོ་བརྒྱད་ཀྱི་ནང་ཚན་དབེན་གནས་དམ་པ་སྒེའུ་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ཞུགས་ཏེ།བྱང་རྩེའི་མཁས་པའི་ཁྱུ་རྒྱུན་སེམས་དཔའ་ཆེན་པོ་གླིང་རྒྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་མཚན་ལ་བློ་བཟང་དཔལ་ལྡན་ཞེས་གསོལ།ཀློག་གི་སློབ་དཔོན་ངང་ཚུལ་བཟང་ཞིང་རྒྱུད་འཇམ་པས་ཕྲལ་སྦྱར་གྱི་ཀློག་སློབ་པ་ལ་རྟིང་སྐུལ་གྱི་ནན་ཏུར་གཏན་མ་མཛད་ཀྱང་བྱིས་པ་གཞན་དག་བཞིན་རྟིང་སྐུལ་བྱ་མ་དགོས་པར་རང་གི་ངང་གིས་ཐུགས་བརྩོན་བསྐྱེད་དེ་སྐྱབས་འགྲོ།བླ་མའི་རྣལ་འབྱོར།སྨོན་ལམ་རྣམ་ལྔ།ཀུན་རིག་འཇིགས་བྱེད་རྣམ་གཉིས།སྨན་བླ་རིང་ཐུང་།མགོན་ཆོས།ཆོས་སྤྱོད་སྣ་ཚོགས་སོགས་ཚོགས་ཀྱི་ཞལ་འདོན་ལྷག་མ་མ་ལུས་པར་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་པས་རིག་པ་བཟང་བའི་ཚད་དུ་བརྩི་ཞིང་གསུང་གི་གདངས་མཐོ་བ།བརྗོད་པའི་སྒྲ་དག་པ།འདོན་པའི་ཚིག་བྱང་བ།གང་ས་ནས་སྡེ་དེའི་རྒྱན་ལྟ་བུར་གྱུར་ཏོ།།
           དགུང་ལོ་བཅུ་དྲུག་པ་མེ་སྤྲེལ་ལོའི་ཧོར་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ལ་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སྒེའུ་སྟེང་དུ་ཕེབས་པར་དགྱེས་ཞལ་དང་པོར་མཇལ་ཏེ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་ཕལ་ཆེར་གསན།སྟོན་སྤེན་དཀར་ཐང་དུ་སྒེའུ་སྟེང་ཚོགས་ཡོངས་དང་ལྷན་ཅིག་རྗེ་འཇིགས་མེད་བསམ་གཏན་ལས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སྟ་གོན་དང་བཅས་པ།འཇམ་དཔལ་བཀའ་སྡོད་ཧ་ལ་ནག་པོའི་རྗེས་གནང་བེའུ་བུམ་རྙིང་བའི་ལུང་དང་བཅས་པ་གསན་ཏེ་སྐུ་ཚེ་འདི་གའི་དབང་དུ་བྱས་པའི་བླ་མེད་ཀྱི་དཀྱིལ་འཁོར་ལ་ཐོག་མར་བཅུག་པའོ།།རང་ཡུལ་དུ་ཕེབས་ནས་སྐབས་ཞིག་ཞོགས་པར་གཟིམ་མལ་དུ་ཙོག་པུར་སྤྱན་བཙུམས་ནས་ཡུན་རིང་བཞུགས་པ་ཡབ་ཀྱིས་མཐོང་སྟེ་ཁྱོད་ཀྱིས་ཅི་བྱེད་པ་ཡིན་ཞེས་དྲིས་པར།ངས་སྐུ་ཞབས་ཆེན་མོའི་སྐྱབས་ཁྲིད་ལྟར་ཚོགས་ཞིང་བསམས་པ་ཡིན་གསུངས་པ་ལ།འོ་སྒོམ་བྱེད་ན་ལམ་རིམ་བློ་སྦྱོང་ཁྲིད་དགོས་པ་རེད།དག་ཡིག་སུམ་རྟགས་ཡོན་ཏན་གྱི་གཞི་མ་ཡིན་ཞེས་བདེ་གཤེགས་ཚང་གསུངས།ཁོ་བོས་ཁྱོད་གྲྭ་ཚང་དུ་འཇོག་བསམས་ཀྱང་སྟེང་དུ་མ་ཁེལ།ཨ་ལགས་དགེ་རྒན་ཆེ་བ་བདེ་གཤེགས་ཚང་དེ་བཞུགས་ན་ཁྱོད་ལ་ཡག་པོ་ཡོང་མོད་དེའི་ལས་མ་འོང་།བྱ་དཀར་ལུང་རི་ཁྲོད་པའི་རྩར་བཞག་ན་ལམ་རིམ་སོགས་བློ་འཛིན་བྱས་ནས་སྐྱོར་མཁན་ཞིག་ཡོང་མོད།དེ་བཙན་ཆེ་ཞེས་མས་བློས་མ་ཕོད།ད་ངེད་ནས་དགེ་རྒན་བསྟན་པ་ཚང་ལ་བཤད།ཁྱེད་ནས་ཀྱང་བསླབས་ཟེར་ཅི་ཡང་མི་ཤེས།མགོ་བཟུང་མཇུག་བསྐྱུར་དེ་འདྲ་མ་བྱེད་པར་ཧུར་ཐག་ཅིག་གྱིས་ཞེས་ལབ་པ་ལྟར། དགུང་ལོ་བཅུ་བདུན་པ་ས་བྱིའི་དཔྱིད་ནས་བཟུང་ལོ་གསུམ་གྱི་རིང་ཁོམ་ལོང་ནམ་ཡོད་ལ་ཚོ་འདུའི་ཡོངས་འཛིན་རོང་བོའི་གྲྭ་ཚང་གི་རིགས་སྨྲའི་རྩེར་སོན་ཀུན་སྤངས་བློ་བཟང་བསྟན་པའི་དྲུང་ནས་སུམ་རྟགས་རྩ་འགྲེལ་དང་ངག་སྒྲོན།ཟ་མ་ཏོག་སོགས་དག་ཡིག་ཆེ་ཆུང་དང་།སྤྱོད་འཇུག་ཆེན་མོ་ཡོངས་རྫོགས།ལམ་རིམ་ཆེན་མོའི་སྐྱེས་བུ་ཆུང་ངུ་རྣམས་ལ་མཛུབ་ཁྲིད་ཞིབ་མོ་ཞུས།ལམ་རིམ་བློ་སྦྱོང་སྐོར་ཁོག་ཏུ་གང་ཆུད།རྣམ་ཐར་མགུར་མ་ཆོས་འབྱུང་སྣ་ཚོགས།མཛངས་བླུན།ལས་བརྒྱ་བ།རྟོགས་བརྗོད་བརྒྱ་བ་སོགས་ལ་རྒྱུན་དུ་གཟིགས་ཤིང་།དོགས་པ་གང་ཤར་བཤེས་གཉེན་པ་ལ་འཕྲལ་འཕྲལ་དུ་དྲིས་པས་མཁས་གྲགས་ཆེ་བ་དང་།འཕྲལ་དུ་ཐུགས་ཁེངས་མཐོ་བའི་ཚུལ་གྱིས་མཁས་པ་ཡིན་ཟེར་ཚད་ལ་ཆོས་བཤད་དང་།གང་བྱུང་ལ་ལུང་འདྲེན་མཛད་པས་ཐམས་ཅད་ངོ་མཚར་བར་གྱུར།དེ་ལ་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད་པའི་རྗེ་འདི་ཉིད་ཀྱི་རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ལས།ལང་ཚོ་ཆེས་ཕྲ་ཐོག་མ་ཐོག་མའི་དུས།།རྣམ་དཔྱོད་འདབ་མ་གྲོལ་བ་འདི་ལྟ་ན།།མང་ཐོས་དཔག་བསམ་འཁྲི་ཤིང་རྒྱས་པ་ཡི།།ཡལ་འདབ་ཕྱོགས་ཀྱི་འཁོར་ལོ་ཅིས་མི་འགོངས།།ཞེས་བསྔགས་པ་ལྟར་རོ།།
དགུང་ལོ་ཉི་ཤུ་བ་ལྕགས་བྱིའི་དཔྱིད་རོང་པོ་བདེ་ཆེན་ཆོས་འཁོར་གླིང་ཞེས་བྱ་བའི་ཆོས་ཀྱི་ཡུལ་གྲུ་རུ་དུས་འདིར་རིག་པའི་གནས་སྤྱི་དང་།ཁྱད་པར་ཕྱི་དུས་ཀྱི་འཁོར་ལོ་ལ་གཞན་དྲིང་མི་འཇོག་པའི་མཁས་གྲགས་མདོ་སྨད་ལྷོ་བྱང་དུ་རྒྱས་པ་དུས་ཞབས་པ་ཆེན་པོ་མཚོ་བྱུང་དགྱེས་པའི་དཔལ་ལས་ལྔ་བསྡུས་ཚེས་ཞག་མ་དང་།རྩིས་ཕྲན་གྱི་རིགས་རྩ་མགྱོགས་གཉིས་ལ་སྦྱངས་པ་མཐིལ་ཕྱིན་དང་།སློབ་དཔོན་འདི་ཉིད་རང་དགོན་དུ་སྤྱན་དྲངས་ནས་དབྱངས་ཅན་བྱཱ་ཀ་ར་ཎ་རྩ་འགྲེལ་དང་།སྡེབ་སྦྱོར་རིན་ཆེན་འབྱུང་གནས་རྩ་འགྲེལ་ལ་ཞིབ་ཏུ་སྦྱངས་པས་ཀུན་བཤད་ཀྱི་མཚན་མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོ་ཞེས་གསོལ།ཕྱིས་ཀ་ཙཱན་དབྱངས་གསུམ་གྱི་སྐོར་ལ་གཟིགས་རྟོག་རྒྱ་ཆེར་མཛད་དེ་ནང་བྱན་ཆུད་པར་མཛད་པ་ནི།རྟོགས་བརྗོད་ལས།ཀ་ཙཱན་དབྱངས་ཅན་ཕྱོགས་ཀྱི་རྣ་བ་ལ།།འཁྱུད་ལེགས་མཁྱེན་དཔྱོད་ཉི་ཟླའི་འགྲོས་གཅིག་གིས།།རྒྱ་བོད་བརྡ་སྤྲོད་ཇི་སྙེད་པདྨོའི་རྫིང་།།ཅི་དགར་གྲོལ་བས་ཕལ་གྱི་ཁེངས་པ་བསྙིལ།།ཅེས་གསུངས་པ་ལྟར་རོ།།དེ་ནས་སྒེའུ་སྟེང་དུ་རབ་བྱུང་གི་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ཆོས་གྲགས་ལས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེ་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས།དགུན་རོང་བོར་ཕེབས་ནས་དུས་ཞབས་པ་ཆེན་པོ་ལས་ཞག་གསུམ་སོ་སོའི་གཟའ་ལྔ་དུས་སྦྱོར།ཞག་གསུམ།མགྱོགས་རྩིས་ཀྱི་རིགས་རྒྱས་བསྡུས་རྣམས་གོ་དོན་རི་མོའི་ལག་ལེན་དང་བཅས་པ།དཔལ་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་གྱི་ཕྱོགས་ལའང་མགོ་མིག་གཏོད་པར་སྦྱངས།
           དགུང་ལོ་ཉེར་གཅིག་པའི་དཔྱིད་བཻ་དཀར་ལས་བྱུང་བའི་ནག་རྩིས་སྐོར་མགོ་རྣམས་དང་།བོད་དུ་དར་བའི་རྒྱ་རྩིས་ཀྱི་རིགས་རྣམས་ལ་བརྩོན་པ་དྲག་པོས་ཐུགས་སྦྱོང་མཛད།དབྱར་སློབ་དཔོན་འདི་ཉིད་རང་དགོན་དུ་གདན་དྲངས་ཏེ་དབྱངས་ཅན་དགྱེས་གླུ་དང་དཎྜིའི་དགོངས་རྒྱན་སྦྲགས་པའི་སྟེང་ནས།སྙན་ངག་མེ་ལོང་ལེའུ་གསུམ་དཔེ་བརྗོད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་རྣམས་ལ་གསན་སྦྱོང་རྩོམ་རྒྱུགས་བཅས་མཛད་པས་དབྱངས་ཅན་རིག་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་འབྲས་རྟགས་སུ།ཚིག་བཅད་ལྷུག་གི་སྦྱོར་བ་ཆེ་ཆུང་ཇི་འདྲ་གནང་ཡང་རྒྱ་གར་དུ་དགེ་དབང་དང་དཔའ་བོ།བོད་དུ་མཁས་གྲུབ་ཆོས་རྗེ་དང་དཔལ་ཞང་ཞུང་ཆོས་དབང་གྲགས་པའི་གསུང་ཡང་ཟིལ་གྱིས་གནོན་པ་ལྟ་བུར་ཡོད་པ་གསུང་རྩོམ་གྱི་རིགས་ལ་མཇལ་བ་ཙམ་གྱིས་ཤེས་པས།དེ་ལ་རྟོགས་བརྗོད་ལས།སྐུ་ཡི་ཕྲེང་བར་མཛའ་བར་ཡོངས་འཐམས་པའི།།སྙན་ཚིག་སྡེབ་སྦྱོར་སྒེག་མོ་ཟུང་འཇུག་མ།།སྙིང་ལ་རྩེ་དགའི་གྲོགས་སུ་ཉེར་བཀུག་པས།།དགེ་དབང་དཔའ་བོའི་མཆེད་པོར་ཅི་ཡང་སྙེམས།།ཞེས་གསུངས་པ་རབ་བཏགས་དང་ཕུལ་བྱུང་ཙམ་མ་ཡིན་པར་རང་བཞིན་བརྗོད་པ་ཁོ་ནའོ།།དགུན་སློབ་དཔོན་དེ་ཉིད་ལས་མངོན་བརྗོད་ཀྱི་རིགས།ལས་བཞི་དང་།མཆོད་རྟེན་དཀྱིལ་འཁོར་སོ་སོའི་ཕྱི་ནང་གི་ཐིག་རིས་སོགས་ལ་གསན་སྦྱོང་དང་།སུམ་རྟགས་དག་གསུམ་ལ་བསྐྱར་སྦྱོང་།རྩིས་དཀར་ནག་སྙན་ངག་རྣམས་ལ་ཞིབ་ཏིག་གང་དགོས་ཞུས།དེ་ལྟར་ཐུན་མོང་བའི་རིག་གནས་ཕལ་ཆེ་བའི་སློབ་སྦྱོང་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་གཅིག་པུ་ལས་སྔ་ཕྱིར་དཀྱུས་གཅིག་ལ་མཐར་ཕྱིན་པར་མཛད།སྙན་ངག་སྦྱོང་སྐབས་རྗེའི་གསུང་དབྱངས་ཅན་མའི་བསྟོད་པའི་ལུང་གོང་ས་སྐྱབས་མགོན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ལས་གསན་ཏེ་ཉིན་རེར་ཚར་འགའ་རེ་ཞལ་འདོན་མཛད།
         དགུང་ལོ་ཉེར་གཉིས་པར་འདུ་ཁང་གི་དཀོར་གཉེར་གྱི་བསྐོ་བཞག་བབས་པར།གཙུག་ལག་ཁང་ཕྱི་ནང་གི་བགྱི་བ་རྣམས་ཚགས་ཐོན་དང་འབྲེལ་ཕྱག་མཆོད་སོགས་ལ་འབད་བཞིན་རྗེ་ཉིད་ཀྱི་མཁན་ཆེན་ལྷ་རམས་པ་བློ་བཟང་ཆོས་གྲགས་ཀྱི་སྤྱན་སྔར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་འགྲེལ་བའི་སྟེང་ནས་ལམ་གཙོའི་མཛུབ་ཁྲིད་ཤིན་ཏུ་རྒྱས་པ་གསན།དེ་ནས་ཡབ་སྐུ་ཅུང་མ་བདེ་བའི་གམ་དུ་བཅར་བར།ཡབ་ཀྱིས་ནང་ཆེན་གྱི་སྐྱིད་སྡུག་དང་འཇིག་རྟེན་གྱི་བཟང་ངན་ཐམས་ཅད་ཁོ་བོས་མྱངས་པས་དེ་དག་ལ་དགོས་པ་ཅུང་ཟད་ཀྱང་མེད།གྲྭ་རྐྱང་ལ་ཟ་སྐྱིད་མེད་རུང་ཉལ་སྐྱིད་ཟེར་བ་ལྟར་ཁྱོད་ལ་ང་འདྲ་བ་ཞིག་མ་ཡོང་བར་གྲྭ་རྐྱང་སོས་དལ་དུ་སྡོད་པ་ཡོན་ཏན་ཅན་ཞིག་ཡོང་བར་རེ་ནས་ནང་ཆེན་དུའང་འགྲོར་མ་བཅུག་པར་ལོགས་སུ་བཞག་པ་ཡིན།ད་བསམ་ཤེས་རང་མགོ་ཐོན་ཡོད་པས་རང་སྡུག་རང་གིས་མི་ཉོ་སྙམ།ལས་ཁུར་ཚོ་ཕུད་ན་རི་ཁྲོད་པ་ཞིག་བྱས་ཏེ་ངེད་ཕ་མ་གཉིས་ལ་ཡང་ཕན་པའི་ཆོས་ཤིག་སྒྲུབ་བཞིན་ཡོད་བསམས་ནས་འཆི་ཞེས་སྙན་སྐུལ་ནན་ཅན་ཞུས་ཏེ།བླ་མའི་གསོལ་འདེབས་དང་།དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།ཞེས་སོགས་བགྲང་བཞིན་ཚེ་ལས་འདས།
          དགུང་ལོ་ཉེར་གསུམ་པར་ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་རེབ་གོང་དུ་ཕེབས་པར་རྗེ་དེ་ལས།འཇིགས་བྱེད་རིམ་གཉིས།ལེགས་བཤད་སྙིང་བོའི་རྩ་བཤད།ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོ།འཇམ་དབྱངས་དམར་སེར་སོགས་དབང་ལུང་མན་ངག་གི་ཆོས་བཀའ་མཐའ་ཡས་པ་ཞིག་གསན།དགུང་ལོ་ཉེར་བཞི་བ་ལ་དཀོར་གཉེར་གྱི་རྩིས་སྤྲོད་མཛད་གྲུབ་བསྟུན་ས་དཀར་ཤར་བཟང་པོ་སྤྲུལ་བའི་སྐུ་ལ་ངེད་ད་ལོ་ལོ་མཚམས་ལ་འདུག་པ་དང་རི་ཁྲོད་ལ་འགྲོ་བ་གང་བཟང་བརྟག་པ་མཛོད་ཅེས་ཞུས་པར།རི་ཁྲོད་ལ་འགྲོ་རྒྱུར་ལྷ་ཁང་བཞི་ལ་རྒྱལ་མཚན་འཛུགས།ཞེས་སོགས་བབས་འདུག་པས་ལེགས་གསུངས།དེ་ནས་ཧོར་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་བྱང་རྒྱུད་ལེགས་བཤད་སྒྲོགས་པའི་ཚལ་ཆེན་པོ་དཔལ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་པར།ཁ་གྱ་སེམས་དཔའ་ཆེན་པོ་འཇམ་དབྱངས་དཔལ་ལྡན་གྱིས་ཞུ་སྣ་བྱས་ཏེ།སྐྱབས་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོར་རྟེན་འབྲེལ་གྱི་ཕྱག་རྟེན་དང་བཅས་བྱིན་རླབས་ཞུས།ཞུ་སྣ་མཛད་པ་པོས་རིག་ཡག་ཡིན་ཚུལ།རྗེ་ཉིད་ཀྱི་ཞབས་པད་བརྟེན་དུ་འོངས་ཚུལ་སོགས་རྒྱུ་མཚན་ཞུས་པར།འོ་དེ་འདྲའི་རིག་ཡག་ཅིག་ཡིན་ན་ཆོས་གྲྭར་ཞུགས་དང་།མཐུན་རྐྱེན་ངས་སྦྱར་ཆོག་ཅེས་དགྱེས་པའི་གསུང་དང་།སྟོན་ཀའི་བར་འདང་བའི་ཕྱེ་རྩམ་སོགས་ཆ་རྐྱེན་རྣམས་བསྩལ།
          དེ་ནས་རྗེ་བཙུན་བླ་མ་མཆོག་གིས་ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ཀྱི་ལྗགས་བཤད་སོགས་གསན།ས་གའི་ཡར་ཚེས་ལ་བློ་བཟང་རྒྱ་མཚོ་པ་མཚན་ཉིད་དགེ་རྒན་དུ་བསྟེན་ཏེ།རྗེ་འདི་གཅིག་པུར་རྭ་སྟོད་བསྡུས་གྲྭའི་དབུ་ནས་དཔེ་ཁྲིད་གནང་བར་རྟགས་གསལ་གྱི་འགྲོ་ཕྱོགས་ཚེགས་མེད་དུ་མཁྱེན་པར་བརྟེན།ཉིན་ཤས་ནས་དགེ་ཕྲུག་རྙིང་པ་རྣམས་དང་ལྷན་ཅིག་ཆུང་འབྲིང་གཉིས་ཀ་ཕྱོགས་བསྡེབས་སུ་ཁྲིད།སྣྲོན་ཟླའི་ཉ་ནས་དཔྱིད་ཆོས་ཚུགས་པར་ཆོས་གྲྭར་ཞུགས་ཏེ་རྟགས་གསལ་ཤར་ཤར་བཏང་བའི་སློབ་དཔོན་དང་གྲོགས་མཆེད་རྣམས་ཀྱང་མཁྱེན་དཔྱོད་ཀྱི་རྩལ་ལ་དཔག་པར་དཀའ་བའི་བློ་གྲོས་ཞེས་ངོ་མཚར་དུ་འཛིན་པ་བྱུང་།དྲུག་པའི་ཚེས་གཅིག་ནས་བསམ་གཏན་གླིང་དུ་དབྱར་ཆོས་ཚུགས་པར།བླ་བྲང་ནས་སྦྱངས་པ་སྔོན་དུ་སོང་ཞིང་གདན་ས་དེར་རིགས་པ་འཕེན་པ་ལ་དྲག་གྲས་སུ་བརྩི་བ་ཞོ་འོང་མིག་དམར་དང་།ཅོ་ནེ་ཞ་ར་སོགས་འཛིན་གྲྭ་རྙིང་བའི་བཟང་རྩེ་རྣམས་ཀྱང་ཟིལ་གྱིས་མནན་ཅིང་འཛིན་གྲྭ་གོང་ནས་དམ་བཅའ་འོང་བ་རྣམས་ལ་ཡང་རིགས་པའི་སྒྲུབ་བྱེད་ཆར་དུ་བསྙིལ་བས་བློ་གྲོས་དང་ཆོས་སྐད་ཕུན་སུམ་ཚོགས་པའི་སྙན་པ་རིང་དུ་རྒྱས་ཤིང་བཤེས་གཉེན་མཁས་པ་དག་གི་ཡིད་ཀྱི་དབང་བོ་རྣམ་པར་དཔྱོད་པའི་ལྕགས་ཀྱུས་དྲངས་ཏེ་དགེ་རྒན་ཚང་དང་ཆོས་གྲྭ་བ་ཀུན་གྱིས་འདི་རོང་བོ་ནས་བསྡུས་གྲྭ་རྩོད་མྱོང་ཞིག་རེད་ཅེས་ཞལ་མཐུན་པར་ཐག་བཅད།
          ཉིན་གཅིག་སྐུ་མདུན་དུ་འབོད་པ་བྱུང་བར།ཞལ་ནས།ཁྱོད་ཀྱིས་སྔར་རྟགས་གསལ་བསླབས་མྱོང་བ་ཨེ་བདེན་གསུངས་བར།མ་མྱོང་ཚུལ་ཞུས་པ་སྙན་དུ་མ་བཞེས་པར་བརྟེན།བསྡུས་གྲྭའི་རྒྱབ་ཡིག་ཙམ་ཡང་ཀློག་རེ་ཞེས་མནའ་ཕུལ་བར།ཨ་ཡ་མཚན།མཚན་ཉིད་འདི་དེ་ལྟར་ཤེས་མི་སྲིད་དེ།ཁྱོད་ཀྱིས་རིག་གནས་སོགས་མཐིལ་ཕྱིན་བསླབ་པ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཤིན་ཏུ་ཆེ་བའི་སྟབས་ཡིན་རྒྱུ་རེད་ཅེས་གསུངས།རང་གི་སེམས་ལ་སྔར་དགོན་པར་ཐལ་ཕྱིར་ཙམ་ཡང་མི་ཤེས་པའི་སྐབས་མེ་འབུད་ཤིང་གཅོག་གི་ཚེ་ཡང་འདོན་པ་དང་རིག་གནས་ཀྱི་ཚིག་འདི་དང་འདིའི་དོན་ལ་གཞན་གྱིས་འདི་འདྲ་སྨྲས་ཚེ་རྒྱུ་མཚན་དང་མགོ་མཚུངས་འདི་དང་འདི་འདྲ་སྨྲས་ན་གཞན་གྱིས་ལན་མི་ཐེབས་སྙམ་པ་འཆར་རྒྱུ་ཡོད་ན་ད་ལྟ་དགེ་རྒན་གྱིས་ཁྲིད།རང་གིས་བརྩད།གཞན་གྱིས་བཤད་པ་ལ་ཉན་ནས་རིགས་བསྒྲེས་ཆོག་པས་དེ་འདྲའི་དཀའ་རྒྱུ་ཅི་ཡོད་སྙམ་པ་ཤར་ཞེས་གསུངས།དེ་ལ་ཉིད་ཀྱི་རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་སུ།རིགས་གཞུང་དུ་མའི་རིགས་ཚན་སོ་སོ་ཡི།།དགག་སྒྲུབ་རིགས་འཕྲུལ་སིན་ངྷུ་ཝ་རའི་སྒོ།།རྣམ་དཔྱོད་ལུས་ཕྲའི་འགྲམ་ཆང་རེག་ཙམ་གྱིས།།དབང་མེད་གྲོལ་བའི་ཡ་མཚན་ཅི་ཡང་སྣང་།།ཞེས་གསུངས་པ་ལྟར་རོ།།དེ་ནས་དབལ་མང་དྲུག་སྒྲ་ལ་གཟིགས་པས་རྣམ་མཁྱེན་དྲུག་སྒྲ་དགག་གཞི་དྲུག་སྒྲ།དྲིས་འཕང་དྲུག་སྒྲ་རྣམས་རང་སྟོབས་ཀྱིས་ཐུགས་སུ་ཆུད་ཅིང་།རྣམ་མཁྱེན་གྱི་སྒྲ་བརྗོད་ན་སྤུ་ཟིང་བྱེད་པ་དང་མཆི་མ་འཁྲུགས་པ་ཡང་བྱུང་།ꪥདེ་ནས་འཛིན་གྲྭ་བསྡུས་ཆེན་དུ་སྤོས་ཏེ་ཁུ་རེའི་དགེ་བཤེས་ཆེན་མོ་ལེགས་བཤད་རྒྱ་མཚོ་བར་དགེ་རྒན་ཞུས་ནས་དུས་ཆེན་ལ་དཔེ་གཟིགས་དང་དཔེ་ཁྲིད་སྨར་དགེ་བཤེས་པས་ཀྱང་ངེད་ཚོའི་སྐུ་འབུམ་ན་དྲུག་སྒྲ་སོགས་ཉམས་ཡོད་པས་ངེད་ནས་རྩི་མི་ཤེས་ཀྱང་ད་ལོ་སྒེའུ་སྟེང་གི་དྲིན་ལས་ཤེས་སོང་།ཞེས་གསུངས།མ་འགྱངས་པར་སྐུ་འབུམ་བྱམས་པ་གླིང་གི་དགེ་བཤེས་ཆེན་མོ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་པ་གདན་ས་དེར་ཕེབས་པ་དགེ་རྒན་དུ་བཀུར་ཏེ་འཛིན་གྲྭ་དང་ལྷན་ཅིག་རྟགས་རིག་གི་དཔེ་ཁྲིད་མནོས།ཉིན་དུས་ཆེན་གྱི་རྩོད་པ་དང་།མཚན་རྗེ་ཉིད་ནས་སྐྱོར་མགོ་བཟུང་སྟེ་འཛིན་གྲྭ་གོང་འོག་གི་མི་མང་པོར་རྟགས་རིགས་བསྐྱར་བས་རྗེ་ཉིད་གོང་འོག་ཀུན་གྱིས་ཟླ་མི་ལོན་པར་གྱུར་ཏེ་འཛིན་གྲྭ་རྟགས་རིག་ཏུ་སྤོས་སྐབས།སྔར་སྨྲས་གྲགས་ཅན་གཉིས་སོགས་བཟང་གྲས་མང་བོ་བསྡུས་གྲྭར་ལུས།གདན་ས་ཆེན་པོ་བཀྲ་ཤིས་ཆོས་སྡིངས་དེ་ཆོས་གྲྭ་གཞན་དང་མི་འདྲ་བར་དང་པོ་གསར་ཚུགས་ཀྱི་སྐབས་ནས་བཟུང་ཕྱོགས་ཡས་མས་ནས་སྦྱངས་པ་སྔོན་སོང་གི་དགེ་བཤེས་འཛོམས་ཆེ་བ་དང་།བཙུགས་ནས་ཀྱང་ལོ་ཟླ་ཉིན་ཞག་རེ་རེར་མདོ་དབུས་ཀྱི་གྲྭ་ས་ཆེན་པོ་ནས་མཁས་པའི་ཁྲོམ་ཐག་ཆོད་པ་དུ་མ་འདུས་པས་མཁས་དགུ་འཛོམས་ཆེ་བ་ཞིག་ཡིན་ནའང་།རྗེ་འདིས་ཆོས་ཐོག་གསུམ་ཙམ་སྟེ་ལོ་ངོ་གཅིག་གི་རིང་ལ་ཆོས་གྲྭར་འགྲིམས་པ་ལ་བརྟེན་སྒེའུ་སྟེང་བློ་བཟང་ཞེས་ཆོས་གྲྭ་ཁྲིག་ལྟེམ་མེ་བའི་པཎྜི་ཏ་ཐམས་ཅད་ཟིལ་གྱིས་མནན་པར་མ་ཟད་གྲྭ་ས་ཆེན་པོ་གཞན་དུའང་རྟོག་གེ་བའི་གྲགས་པ་རྒྱས་པར་གྱུར།   
           དགུང་ལོ་ཉེར་ལྔ་བའི་ལོར་ཐོག་མའི་རི་ཁྲོད་སྐྱབས་འཇུག་བཀའ་དྲིན་དུ་ཐོབ་སྟེ་བླ་གོས་སེར་པོའི་རྒྱན་ཐོགས་པའི་དྲང་སྲོང་བསམ་གཏན་པ་ཆེན་པོའི་རྣམ་ཐར་བཟུང་།དེ་ནས་སྐུ་མདུན་ནས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་དགེ་ཕྲུག་ཏུ་སྤྲད་པར་རྭ་སྟོད་བསྡུས་གྲྭའི་སྟེང་ནས་དཔེ་ཁྲིད་གནང་།སྣྲོན་ཟླར་རྗེ་ཞྭ་དམར་རིན་པོ་ཆེ་འདུས་པའི་ཚོགས་བཅས་འོ་བསོ་བཀྲ་ཤིས་ཆོས་རྫོང་དུ་ཕེབས་ནས་དབྱར་ཆོས་ཟླ་བ་ཕྱེད་དང་གསུམ་གྱི་རིང་རྗེ་མཛོད་དགེ་བ་ཆེན་པོ་ལས་དཔེ་ཁྲིད་དང་།ཉིན་མཚན་སྤྲེལ་བའི་དཔེ་གཟིགས།གྲོགས་རྣམས་དང་ལྷན་ཅིག་འབེལ་གཏམ་རྒྱ་ཆེར་མཛད་པས་རྣམ་འགྲེལ་ལེའུ་དང་མཐའ་གཉིས་ཀྱི་གནད་ལ་ནང་བྱན་ཆུབ་པར་བྱུང་བར།རྟོགས་བརྗོད་ལས།ཕྱོགས་གླང་གྲགས་པའི་གཞུང་ལུགས་ལས་འོངས་པའི།།ཟབ་བརླིང་དགག་སྒྲུབ་རིགས་ཚུལ་འབུམ་ཕྲག་གིས།།ཕས་རྒོལ་དམ་བཅའ་དྲུངས་ནས་འབྱིན་པ་ཡི།།གྲགས་པ་སྤྲིན་གྱི་སྒྲ་དབྱངས་རྣ་བར་སྙན།།ཞེས་བསྔགས་པ་ལྟར་རོ།།ཞར་ཆོས་སུ་སྐུ་མདུན་མཆོག་ལས་ཕར་ཕྱིན་གྱི་མཛུབ་ཁྲིད།ལམ་རིམ་ཁྲིད་སོགས་ཆོས་བཀའ་མཐའ་ཡས་པ་གསན།རྨ་མགུར་རྣམ་རྒྱལ་གླིང་དུ་འོད་སྲུངས་ཆེན་པོ་ཛྙཱ་ནའི་ཞབས་དང་རྗེ་མཛོད་དགེ་བ་ཆེན་པོ་རྣམ་གཉིས་ལས་སྒོ་མང་ཡིག་ཆའི་སྟེང་ནས་ས་ལམ་གྲུབ་མཐའི་དཔེ་ཁྲིད་དང་།དགུན་ཆོས་ལ་གྲོགས་རྣམས་དང་ལྷན་ཅིག་དེ་དག་གི་དོན་ལུང་རིགས་ཀྱི་གཏན་ལ་འབེབས་པ་ཡ་མ་བྲལ་བར་བགྱིས།
         དགུང་ལོ་ཉེར་དྲུག་པའི་དཔྱིད་ཆོས་དང་པོ་ལ་བློ་རིག་གྲུབ་མཐའ་ས་ལམ་རྣམས་ཀྱི་རྩོད་པ་རྫོགས་ཤིང་།བློ་རིག་རྩོད་སྐབས་རྣམ་འགྲེལ་ལེའུ་བར་བ་གཉིས་ཀྱི་གཞུང་དོན་ལ་འཕྲིག་ཚུད་པའི་ཐབས་སུ་གང་འགྱུར་དང་བློ་རྟགས་གཉིས་ཀར་རྟགས་གསུམ་དང་བློ་རིག་བདུན་གྱི་མཚན་ཉིད་དབྱེ་བ་ཙམ་ཞིག་ལ་འདྲིས་བར་བྱས་པ་ཡིན་པར།རྣམ་འགྲེལ་ཊཱིཀ་ཆེན།ཐར་ལམ་གསལ་བྱེད།སྒོ་མང་དང་རྟ་ནག་པའི་རྣམ་འགྲེལ་རྣམས་ལ་ཞིབ་གཟིགས་དང་།སྒོ་མང་ཡིག་ཆ།རིགས་རྒྱན།སྡེ་བདུན་རྒྱན་རྣམས་རྩོད་གཞུང་དུ་བྱས་ཏེ་བསྡུས་རྟགས་བློ་གསུམ་གྱི་སྐབས་ཚད་མའི་སྤྱི་དོན་ཡོངས་སུ་རྫོགས་པ་ལ་སྦྱངས་པ་ཤ་ཆོད་རུས་ཆོད་དུ་སོང་སྟབས་ཕྱིས་སུ་བཀའ་ལས།བསྡུས་གྲྭ་དང་བློ་རྟགས་རྩོད་སྐབས་རྣམ་འགྲེལ་གྱི་སྤྱི་དོན་ཆ་ཚང་བ་ཞིབ་ཏུ་བརྩད་པས་ཕྱིས་སུ་དབུ་ཚད་ཀྱི་རིགས་པ་དག་མཇིང་སྦྲེལ་བའི་ཚེ་རྣམ་འགྲེལ་ལ་ཟུར་དུ་མ་སྦྱངས་པའི་ཞད་འདི་འདུག་སྙམ་པ་འཆར་རྒྱུ་མེད་ཅེས་གསུངས།དེ་ལ་རྟོགས་བརྗོད་ལས།དབུ་ཚད་སེང་གེ་མཇིང་བསྣོལ་གྱི།།རྟོག་གེའི་གསང་ཚིག་རིགས་པའི་འཕྲུལ།།སོ་སོའི་དགོངས་ཟབ་རྒྱ་མཚོའི་གཏིང་།།ལག་མཐིལ་རྫས་བཞིན་གཟིགས་པར་མཛད།།ཅེས་གསུངས་པ་ལྟར་རོ།།
དགུང་ལོ་ཉེར་བརྒྱད་པ་ལ་སྡི་ཚར་དཔྱིད་ཆོས་དང་བསམ་གཏན་གླིང་ནས་དབྱར་ཆོས་ཚུགས་སྐབས་ཕར་ཕྱིན་གྱི་གཞུང་ལ་རྩོད་པས་བརྡར་ཤ་བཅད་ཅིང་འཛིན་གྲྭ་སོ་སོའི་དགེ་ཕྲུག་རྣམས་ལ་དཔེ་ཁྲིད་བློ་ཁ་དང་བསྟུན་ཏེ་གང་འཚམ་གྱིས་སྩོལ་བར་མཛད།བླ་ནས་བཀའ་སྩལ་ལྟར་གཞུང་སྐྱོར་སྐབས་བློ་རྟགས་བསྡུས་གསུམ་དོན་བདུན་ཅུ།གཞུང་གསར་རྣམས་རེ་མོས་སུ་བརྩད་པས་གོང་འོག་གང་གི་ཁྲོད་ན་ཡང་ཁས་ལེན་ཟིན་པ་མ་བྱུང་།དགུང་གཅིག་འཛིན་གྲྭ་བཟང་ཤོས་ཤིག་ལ།ཁྱེད་ཚོ་ཐམས་ཅད་ཕྱོགས་བསྒྲིལ་གྱིས་ལན་ཐོབས་དང་།ངེད་ཀྱི་ཐལ་འགྱུར་འདི་ལ་ལན་ཐེབས་པ་བྱུང་ན་མདུན་འདིར་གཟན་ཤམ་ཕུད་དེ་རྒྱལ་དུ་སྟེར་རོ།།ཞེས་ཕལ་ཤོབ་དང་བཅས་ལུང་རིགས་བྲག་ཐོག་ནས་ཆུ་འཕྱོ་བ་ལྟ་བུ་གནང་བས་ཁོང་བ་དག་རྨེག་མེད་པར་བཅོམ་པ་ལ་འཁོན་འཛིན་བྱེད་པའང་འགའ་ཞིག་བྱུང་།འཛིན་གྲྭ་གོང་མ་ནས་རློམ་པ་ཅན་དག་དམ་བཅར་བྱུང་བ་ལ་བཞེངས་ཏེ་བགྲོ་གླེང་བཏང་ན་བཞིན་མདངས་ཉམས་ཤིང་རྔུལ་ཆུའི་ཐིགས་ཕྲེང་མི་ཟགས་པ་མེད།གྲོགས་ལྷག་བསམ་དཀར་བ་དག་གིས།དེ་དག་ལ་ལུང་རིགས་ཚ་དྲག་ཅན་མ་གཏོང་ཞེས་སྙན་སྒྲོན་བཏང་བར།ཕར་སྐོར་ཚུར་སྐོར་ཅུང་ཟད་མ་བྱས་པར་ཇི་ལྟར་རྩོད།ཕར་སྐོར་ཚུར་སྐོར་ཅུང་ཟད་བྱས་པས་ཀྱང་རང་རང་གི་དམ་བཅའ་ཚུགས་མི་ཐུབ་ན་ངས་ཅི་བྱེད།ཅེས་གསུང་སྒམ་པོ་གནང་།འཛིན་གྲྭ་གཤམ་མར་དམ་བཅར་ཕེབས་ན།བཟང་རློམ་རྣམས་ཀྱང་ལངས་རྒྱུར་སེམས་ཁྲལ་བྱེད་ཅིང་།ང་བཟང་ང་དྲག་ཟེར་མཁན་རྣམས་ཀྱང་ལངས་ཚེ་སྐད་ཀྱི་གདངས་ཆགབཞིན་གྱི་མདངས་ཉམས།གོས་ཀྱི་སྣེ་འདར་བ་ཀུན་གྱིས་མངོན་སུམ་དུ་མཐོང་།བགྲོ་གླེང་པར་ཐལ་འགྱུར་གཉིས་གསུམ་བསྟུད་མར་འཕེན་དུ་མི་འཇུག་པར་རྩོད་པས་དམ་བཅའ་གྲོལ་ན་དེ་རིང་ཁྱེད་ཚོའི་འཛིན་གྲྭ་རང་འཐག་འདུག་རེས་རེད་ཨང་ཞེས་ཀྱལ་ཀ་བྱེད།
            དེའི་ཕྱིར་རྟོགས་བརྗོད་ལས།དེ་ཚེ་ཐལ་ངག་བྱེ་བའི་མདངས།།ཕས་རྒོལ་མགྲིན་བཅུའི་ཅོད་པན་རྒྱན།།འཛིན་མར་ལྷུང་དང་ལྷན་ཅིག་ཏུ།།རློམ་སེམས་རི་བོ་རྨང་ནས་བཤིགས།།ཅེས་གསུངས་པ་ལྟར་རོ།།རྗེ་ཞྭ་དམར་རིན་པོ་ཆེ་ནས་ཨ་རོལ་ཡོངས་འཛིན་བློ་བཟང་དར་རྒྱས་པ་ལ་སྒེའུ་སྟེང་བློ་བཟང་ཁོང་པ་རྒྱ་བོད་ཀྱི་གཞུང་ཆེན་མང་པོ་བསྡུར་ནས་ལྟ་རྟོགས་བྱེད་མཁན་ཞིག་ཡིན་པས་ལོ་ཤས་འགོར་ན་འཛམ་གླིང་ན་ཟླ་མེད་པའི་དགེ་བཤེས་ཤིག་འབྱུང་སྙམ་པ་ཡོད་གསུངས།ངེད་ཀྱི་ཆོས་གྲྭ་འདི་ལ་ཁྱོད་ལས་ལྷག་པའི་ཤེས་རབ་ཅན་ཡོང་མ་མྱོང་ཞེས་སོགས་གསུངས་པ་ལ་རྟོགས་བརྗོད་ལས།རྗེ་ཡིས་རང་གི་དག་པའི་འཁོར་སློབ་ནང་།།འདི་འདྲའི་རྣམ་དཔྱོད་མཁའ་ཡི་གྲྭ་གཅིག་ཏུ།།ཤེས་བྱ་ཡུངས་འབྲུའི་ཚད་ལ་འགོད་མཁས་པ།།མེད་ཅེས་གཞན་ལས་ཡང་ཡང་ཁྱད་དུ་བསྔགས།།ཞེས་གསུངས།སྐྱབས་མགོན་སྐལ་ལྡན་དྲུག་པ་ཆེན་པོས་ཀྱང་།།སྦྱོར་བྱུང་གི་ཤེས་རབ་ཅན་ཡིན་ན་གང་བསླབ་དེ་ལས་མི་ཤེས།བློ་བཟང་སྐྱེས་སྟོབས་ཀྱི་ཤེས་རབ་ཅན་ཡིན་པས་རིག་ཙམ་ཐོས་ཙམ་གྱིས་གཅིག་ཤེས་ན་མང་པོ་རིགས་བསྒྲེས་ཀྱིས་ཤེས་ཐུབ་པ་ཞིག་ཡིན་ཞེས་གསུངས་པ་དང་།ཁྲི་རྒན་ཚང་གིས་ཀྱང་།དགེ་རྒན་ཚང་གི་མཁྱེན་རབ་འདི་ཅི་ཙམ་གྱི་དཀའ་བ་ཞིག་ལ་ཐུག་པ་དེ་ཙམ་གྱིས་ཅིག་ལ་ཟུག་འགྲོ་བ་ཞིག་ཡིན་པ་འདི་ཡ་མཚན་པོ་ཞིག་རེད་ཅེས་གསུངས།
          དགུང་ལོ་སུམ་ཅུ་བའི་དཔྱིད་ཆོས་དང་དབྱར་ཆོས་གང་གི་སྐབས་སུའང་སྔར་བཞིན་དཔེ་ཁྲིད་དཔེ་གཟིགས་རྩོད་པ་སོགས་སྔར་མུས་ཐུགས་བརྩོན་ཆེན་པོ་གནང་བ་དང་།དགུན་ཆོས་ལ་དགེ་བཤེས་རིན་པོ་ཆེའི་མདུན་ནས་དབུ་ཕར་གྱི་དཔེ་ཁྲིད་ཞུ་བཞིན་བརྒལ་བརྟག་དང་།དགེ་ཕྲུག་སོ་སོར་མཚན་མོའི་ཐུན་སྔ་རྟིང་ཚུན་ལ་དཔེ་ཁྲིད་ཟམ་མ་ཆད་པར་སྩལ།གཞུང་གསར་འཛིན་གྲྭར་དམ་བཅར་ཕེབས་སྐབས།ཞོ་འོང་མིག་དམར་བས་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པའི་སྟེང་ནས་མངོན་པ་འོག་མའི་ལུགས་ལ་ཟག་བཅས་ཀྱི་ཕུང་བོ་ལ་སྡུག་བདེན་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་འཁོར་བ་གསུམ་ག་ཡིན་པས་ཁྱབ་ཀྱང་།གོང་མའི་ལུགས་ལ་ཁྱབ་ཆེ་ཆུང་ཡོད་མེད་ལས་བརྩམས་ཏེ་བགྲོ་གླེང་ཕུལ་བར།ཉོན་མོངས་པའི་ཟག་བཅས་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཀྱིས་ཁྱབ་པར་ལམ་ཁྲིད་ཆེན་མོར་གསུངས་པ་ཀུན་བཏུས་སོགས་འཕགས་བོད་ཀྱི་གཞུང་ཆེན་མང་པོའི་དགོངས་པ་ཡིན་པ།དེ་དག་ལ་ཁྱད་ཕྱེ་བའི་གཞུང་རྣམས་སྒྲས་ཟིན་ལྟར་ཁས་ལེན་མི་རུང་ཞེས་གཞོམ་དུ་མེད་པའི་དམ་བཅའ་བརྟན་པོར་བཙུགས་པ་སུས་ཀྱང་རྒོལ་མ་ནུས་པ་ལ།
          རྟོགས་བརྗོད་ལས།རིགས་པ་མི་ཟད་ང་རོའི་སྒྲ་གཅིག་གིས།།ཕས་རྒོལ་གླང་པོ་སྟོང་ཕྲག་འགྱེལ་བའི་ལྕིད།།མ་ཐེག་ནོར་འཛིན་འདི་ཡང་འགས་སྙམ་ན།།རྩོད་དུས་རྩོད་པའི་ཟླ་བོར་སུ་ཞིག་སྙེམས།།ཞེས་གསུངས།དེ་ལ་ཐམས་ཅད་ཀྱིས་དུས་ནམ་ཡང་དཔེ་ཁྲིད་དང་རྩོད་པའི་སྐབས་གཞུང་ཆེན་པོ་གུང་བསྒྲིགས་ནས་དོན་དཀའ་སླ་གང་ཡིན་ཡང་།ལུང་རིགས་ཀྱི་ལམ་ནས་འཕང་ན་དམ་བཅའ་བ་མགོ་བོ་མི་འཁོར་བ་མི་སྲིད་པ་ནི་ངག་གི་ལྷ་མོ་གྲུབ་ཡོད་པའི་རྟགས་ཡིན་པར་འདུག་ཁོང་གིས་དབྱངས་ཅན་མ་སྒྲུབས་པས་ཞལ་གཟིགས་ཡོད་པ་རེད།ཅེས་མང་པོ་དག་གླེང་བ་བྱུང་།ཕྱིས་སུ་ཁོང་གིས་ཐོས་ཚེ།དེ་ལྟར་གྲགས་སོང་བ་ལས་ངས་དེ་སྐབས་དབྱངས་ཅན་མ་བསྒྲུབ་མ་མྱོང་།མཁྱེན་པའི་གཏེར་རང་གི་ཚེ་རབས་ཀྱི་ལྷ་ཡིན་པས་བསྙེན་པ་ཁ་ཤས་བྱས་ཤིང་སྙན་བརྒྱུད་ལས་འོངས་པའི་ཤེས་རབ་སྤེལ་བའི་མན་ངག་ལག་ཏུ་བླངས་པས་བྱིན་རླབས་ཀྱི་མཚན་མ་རེ་ཡང་བྱུང་།འཇམ་དབྱངས་དམ་བཅས་པའི་གཟུངས་ཀྱི་ཕན་ཡོན་དུ་འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར།གཉིས་བཟླས་ན་རིགས་པ་འཛིན་པར་འགྱུར།གསུམ་བཟླས་ན་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་ཞེས་འཇམ་པའི་དབྱངས་རང་གིས་ཞལ་བཞེས་གནང་འདུགང་རང་གིས་ལོ་བཅུ་གསུམ་སྟེང་ནས་བརྒྱ་རེ་ཆག་མ་མྱོང་།གསུང་རབ་ཀྱི་དོན་གོ་བ་སོགས་དེའི་བྱིན་རླབས་ཡིན་སྙམ་པ་མ་གཏོགས་ལྷ་དང་ལྷ་མོ་གཞན་ཞིག་གི་བྱིན་རླབས་ཡིན་སྙམ་པ་མེད་ཅེས་གསུངས།དུས་ནམ་གྱི་རྩོད་པའི་ཚེའང་མགོ་མེད་མཇུག་རྡུམ་གྱི་རྩོད་པ་ཚིག་སྐམ་ཙམ་མ་ཡིན་པར།ཕར་ཕྱིན་རྩོད་སྐབས་གསེར་ཕྲེང་རྩོད་གཞུང་དུ་བཟུང་ནས་དམ་བཅའ་འཛུགས་སྐབས།གསེར་ཕྲེང་ཤོག་ལྷེ་རེར་རྩོད་གཞུང་དུ་བཟུང་ནས་དམ་བཅའ་འཛུགས་སྐབས།གསེར་ཕྲེང་ཤོག་ལྷེ་རེར་རྩོད་པ་འགྲོ་བ་བྱས།རྣམ་བཤད་དང་རྟོགས་དཀའི་སྣང་བ་གཉིས་དེ་དང་མཐུན་མི་མཐུན་གྱི་སྤུ་རིས་ཕྱེ།སྣང་བ་གཉིས་འགྲེལ་ཆུང་བཅས་ལ་རྒྱབ་བརྟེན་གྱི་ཁུངས་བཅོལ།སྒོ་མང་ཡིག་ཆ་གཙོ་བོར་གྱུར་པའི་སེར་འབྲས་སོ་སོའི་སྔ་ཕྱིའི་ཡིག་ཆ།མཆན།དོགས་སློང་།དོགས་གཅོད།ཐ་ན་ཟིན་བྲིས་རིགས་ཐམས་ཅད་བསྡུས་ནས་ཐད་ཀ་ཐད་ཀ་ཉི་ཁྲི་དག་གཏུགས་དང་ཞིབ་ཏུ་སྦྱར།ཡུམ་གཞན་དང་སྦྱོར་བའི་མིག་ཕྱེ་སྟེ་ཕར་ཕྱིན་གཅིག་པུར་ལོ་དྲུག་གི་རིང་རྩོད་པས་བདར་ཤ་བཅད།ཕར་ཕྱིན་རྩོད་པའི་ནང་མདོ་སྡེ་རྒྱན།རྒྱུད་བླ་མ།འབྱེད་རྣམ་གཉིས་བཅས་བྱམས་ཆོས་རྣམས་དང་།ལམ་རིམ་ཆེ་ཆུང་སོགས་ཕར་ཕྱིན་རྩོད་པའི་ཐད་སོ་སོར་བླངས་ནས་གསན་སྦྱོང་མཐིལ་ཕྱིན་པར་བགྱིས།མདོར་ན་རྗེ་བཙུན་བླ་མ་འདིས་དགུང་ལོ་ཉེར་བཞི་ནས་དགུང་ལོ་སོ་གཉིས་ཀྱི་རིང་རྗེ་ཞྭ་དམར་རིན་པོ་ཆེའི་ཞབས་པད་དུ་བཅར་ནས་བསམ་སྦྱོར་གཉིས་ཀྱི་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་ཕྱོགས་མེད་ལ་སྦྱངས།
         དགུང་ལོ་སོ་གཉིས་ཀྱི་སྟེང་ཁྱབ་བདག་ཞྭ་དམར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་བསྡུས་པ་ནས་བཟུང་།སྡིས་ཚ་ནས་ཀྱང་གཏན་སྡོད་དུ་མ་བཞུགས་པར་དབེན་པ་ནས་དབེན་པར་ཕེབས་ཏེ་མདོ་སྔགས་ཕྱོགས་མེད་ཀྱི་གཞུང་ལ་གཙོ་བོ་རང་སྟོབས་ཀྱིས་སྦྱངས་པ་མཛད་པས་པཎྜི་ཏ་ཆེན་པོའི་གོ་འཕང་བརྙེས་པ་ཞིག་གོདབེན་པའི་གནས་སྐབས་རྣམས་སུ་ཁྲི་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་དབུ་མ་འདུལ་མཛོད་སོགས་མདོ་ཕྱོགས་ཀྱི་ཆོས་སྐོར་རྣམས་ཀྱི་ལྗགས་ལུང་དང་།རྒྱུད་སྡེ་སོ་སོའི་དབང་ལུང་རྗེས་གནང་མན་ངག་གི་ཆོས་རྒྱུན་མཐའ་ཡས་པ་གསན་པ་དང་དགེ་ཕྲུག་སོ་སོ་ལ་མདོ་སྔགས་རིག་གནས་ཀྱི་དཔེ་ཁྲིད་ཉིན་མཚན་ཁོར་ཡུག་ཏུ་གནང་བ་སོགས་ཞིབ་པར་བརྗོད་ཀྱིས་མི་ལང་ངོ་།།ꪥདགུང་ལོ་སོ་གསུམ་ནས་ཞེ་གཅིག་པའི་བར་ལོ་དགུའི་རིང་ཐུགས་ཁོམ་ནམ་ཡོད་ལ་དབུ་སྔགས་ཀྱི་གཞུང་ཆེ་ཆུང་ལ་དཔེ་གཟིགས་དང་།དེ་དོན་ལ་རྩེ་གཅིག་ཏུ་དཔྱོད་པའི་བརྩོན་པ་རྒྱུན་ཆགས་སུ་བསྟེན་པས་བདེ་གསང་འཇིགས་དུས་བཞིས་མཚོན་བླ་མེད་གཙོ་བོར་གྱུར་བའི་རྡོ་རྗེའི་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པས་ཉིད་ཀྱི་རྟོགས་བརྗོད་ལས།ཤེས་བྱ་རབ་འབྱམས་སྤྱི་དང་ཁྱད་པར་དུ།།རྒྱལ་ཀུན་གསང་གསུམ་སྙིང་བོ་འདུས་པ་སོགས།།ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་གནད་དོན་ལ།།སྐྱེས་པས་ཐོབ་པའི་སྤོབས་པ་བླ་ན་མཐོ།།ཞེས་གསུངས།
            དགུང་ལོ་ཞེ་བདུན་པར་སྐྱབས་མགོན་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོས་ཡོངས་འཛིན་དུ་བཀུར་བའི་སྙན་གསན་ཕུལ་བར།རྗེ་འདིས་ཀྱང་ཆེན་པོའི་སྤྱི་སྲོལ་དང་བསྟུན།དུང་དཀར་དང་ཚོན་སྣ་ལྔའི་རྒྱན་ཅན།འདུན་ལེགས་མའི་གླེགས་བམ།ལྷ་རྫས་དཀར་སེང་།ཟང་ཟིང་གི་ཚན་གྲངས་བཅས་ཕུལ་ཏེ་སྐྱབས་མགོན་མཆོག་ལ་མཇལ་ཕྱག་ཞུས་འཕྲལ།སྐྱབས་མགོན་མཆོག་ནས་བདེ་སྟན་སྟེང་ཕྱག་འབུལ་སོགས་ཆོས་གསན་པའི་རྟེན་འབྲེལ་གྱི་སྒོ་དང་པོ་ནས་མ་ལོག་པར་མཛད་པ་ལ།རྗེ་འདིས་ཀྱང་ཕྱག་ལན་སྔོན་དུ་བཏང་སྟེ་ཡོན་ཏན་གཞིར་གྱུར་མའི་ཁྲིད་ཕུལ་བར་ཤར་བླ་བྲང་ཆེན་མོ།ནང་ཆེན་ཆེ་ཆུང་།སྤྱི་སྒེར་སོགས་ནས་ཡབ་སྲས་གཉིས་ཀར་དགའ་དར་ཕུལ།དེ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་རིག་གནས་ཀྱི་སྐོར་རྣམས་དང་།བསྡུས་གྲྭ་ནས་བཟུང་མདོ་སྔགས་རབ་འབྱམས་ཀྱི་གནད་མ་ལུས་པ་བསྟན་པའི་བཀའ་དྲིན་བསྐྱངས་ཏེ།ངེས་པ་དོན་གྱི་རེབ་གོང་གསེར་ལྗོངས་ཡུལ་གྱི་སྐྱབས་མགོན་བདུན་པ་ཆེན་པོ་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོའི་ཡོངས་འཛིན་ཞེས་མཚན་སྙན་གྲགས་པ་དཀར་པོའི་དབྱར་རྔ་འཛམ་གླིང་འཛིན་མའི་ཁྱོན་མ་ལུས་པར་ལྡིར་བ་འདི་བཞིན་ལགས་སོ།།དགུང་ལོ་ང་གཅིག་པར་དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཆོས་གྲྭ་ནས་དངུལ་རྭའི་ཧྲེ་བོར་གྲགས་པ་པདྨའི་རྫིང་བུ་ལས་སྟག་མའི་མེ་ཏོག་གི་དཔེར་འགྱུར་བ་རང་སྐྱོན་རྒྱན་ཏུ་འཕྱར་ཏེ་གཞན་སྐྱོན་སངས་རྒྱས་ལ་ཡང་འདོད་པའི་རིགས་སྨྲར་རློན་པའི་གསར་བུ་ཞིག་གིས་རྩོད་པའི་གླེང་བྱེད་པའི་ལུགས་སུ་གཞན་བཅོལ་གྱི་ཡིག་ཧྲུལ་གསུམ་ཙམ་སྔ་ཕྱིར་ཕུལ་བ་ལ་མི་འཇིགས་སེང་གེ་ཁྲོས་པའི་ང་རོ་ཞེས་བྱ་བའི་ཕོ་ཉ་ཚིགས་བཅད་དང་།དེ་དོན་གསལ་བའི་གསུང་རིག་ཚིག་ལྷུག་བཅས་འཕྲིན་དུ་བསྐུར་བར་མཛད།དྲུག་པའི་ཚེས་བཞིའི་དུས་ཆེན་དང་བསྟུན་རོང་ཆེན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་པ་ཚེ་རིང་ནས་སྐུ་གསུང་ཐུགས་རྟེན་བཞུགས་གདན་རྒྱབ་ཡོལ།ལྷ་རྫས་ནང་མཛོད་བཅས་ཕུལ་ཏེ་སྐུ་ཡོན་གསན་སྦྱོང་གི་ཡོངས་འཛིན་མཛད་པར་གསོལ་བ་བཏབ་པ་ལྟར་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་མཁས་པར་བྱ་བའི་གནས་མ་ལུས་པ་བསྟན་ཏེ།མིག་གི་འབྲས་བུ་བཞིན་དུ་བསྐྱངས།དགུང་ལོ་ང་ལྔ་བའི་དགུན་སྨད་ཡུལ་དབུས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་གྲྭ་ནས་རྡོ་སྦིས་ལྷ་རམས་པ་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་རྗེ་འདི་ཉིད་ཀྱི་དངོས་རྩོམ་ཡིན་པའི་ལུགས་སུ་བྱས་པའི་དགག་ལན་བསྐལ་བའི་མེ་དཔུང་ཞེས་བྱ་བ་ཞིག་བསྐུར་བ་འབྱོར་བར་རགས་གཟིགས་ཙམ་མཛད་དེ་བསྙེལ་བྱང་འགའ་བཀོད།
       དགུང་ལོ་ང་དྲུག་པ་མེ་བྱའི་ལོ་གསར་ནས་འཇམ་དཔལ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལས་བྱུང་བའི་ལེགས་པར་བཤད་པ་ཆུའི་འཁྲུལ་འཁོར་ཞེས་བྱ་བའི་བསྟན་བཅོས་མཛད་དེ་བིས་མདོའི་གསེར་ཁ་སྤྲུལ་བའི་སྐུ་འཇིགས་མེད་སྐལ་བཟང་རྒྱལ་མཚན་དབུས་སུ་ཕེབས་སྐབས་ཕྱག་ཏུ་བཞག་སྟེ་འབྲས་སྒོ་ཀླུ་འབུམ་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཟང་ཟིང་གི་སྐྱེས་དང་བཅས་བསྐུར།ས་ག་ཟླ་བའི་ཚེས་བཅུ་བཞི་ལ།པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་རེབ་གོང་གསེར་ལྗོངས་ཡུལ་དུ་ཕེབས་པའི་ཆིབས་བསུ་དང་ནང་མཇལ་ཞུས།པཎ་ཆེན་མཆོག་གནས་གཟིགས་སོགས་གར་ཕེབས་སུ་ཞབས་པད་དུ་བཅར་ཅིང་།ཐོས་བསམ་གླིང་ནས་རྩོད་རྒྱུགས་འབུལ་བའི་ཐོག་མ་རྣམ་འདྲེན་བླ་མ་སྐལ་ལྡན་བདུན་པ་ཆེན་པོ་བཞེངས་པའི་བགྲོ་གླེང་གང་མཛད་སར་སྒྲུབ་གྲོགས་གནང་སྟེ་ཐལ་འགྱུར་རེ་རེས་ཀྱང་རྒོལ་བའི་ཁས་ལེན་བྱེ་མའི་ཆངས་བུ་བཞིན་དུ་བཏང་ནས་ཕྱི་རྒོལ་ས་འོག་ཏུ་རྟིབ་པ་ལྟ་བུ་མཛད་ཚེ།པཎ་ཆེན་ཐམས་ཅད་མཁྱེན་པ་ཡང་རྗེ་འདིས་གར་སྒྲུབ་ཏུ་ཕེབས་ནས་སྤྱན་གྱིས་བཙལ་ཏེ་ཐུགས་ཕྲོགས་པའི་རྣམ་པ་དང་།རྒྱལ་མཚན་མཐོན་པོའི་མཚན་ཞབས་སོ་སོ་ནས་ཀྱང་ཞུ་དུད་དང་སྐུ་ཡོན་ལ་ངོ་མཚར་དུ་གྱུར།གཞི་བྱེས་ཀྱི་མཆོག་དམན་ཀུན་གྱིས་ཀྱང་ཕྱོགས་གླང་ཆོས་གྲས་མུ་སྟེགས་ཀྱིས་རྒོལ་བ་འཇོམས་པ་ལ་ཆས་པ་ལྟ་བུར་མཐོང་ནས་བསྔགས་བརྗོད་ཚད་མེད་ཐོབ།རྒྱལ་མཚན་མཐོན་པོའི་དྲུང་དྲག་མང་པོས་སྙན་སྐུལ་ཕུལ་བ་བཞིན་རྟོགས་བརྗོད་གསེར་གྱི་མེ་ཏོག་མཛད་པར་གསུང་འཕྲིན་བཅད་ལྷུག་སྤེལ་མ་གསུམ་དང་བཅས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་དང་འབྲོང་རྩེ་མཚན་ཞབས།མཚན་ཞབས་ཡེ་ཤེས་ཚུལ་ཁྲིམས་མཆོད་དཔོན་ཆེན་མོ་སོགས་ལ་ཕུལ་བའི་བཀའ་ལན་དུ།རོང་བོ་ནོ་མོ་ཧན་གྱི་ཡོངས་འཛིན་བློ་བཟང་དཔལ་ལྡན་དེ་འདྲའི་སྐུ་ཡོན་ཆེ་བ་མེད།ཁོང་པ་མཁས་ཁུངས་མེད་པར་ཡོན་ཏན་རང་རྡོལ་བྱུང་བ་རེད།ཅེས་ཡང་ཡང་གསུངས།
         དགུང་ལོ་ང་བདུན་པ་ནས་དགུང་ལོ་རེ་བཞི་བར་སློབ་མའི་ཚོགས་ལ་མདོ་སྔགས་རིགས་གནས་ཀྱི་ཆོས་ཆར་དགུང་ནས་ཕབ་པ་སོགས་ཞིབ་པར་བརྗོད་ཀྱིས་མི་ལང་ངོ་།།གདུལ་བྱ་རྣམས་ཀྱི་ཡིད་ཀྱི་རེ་བ་མ་ལུས་པ་སྐོང་བར་བྱེད་པའི་ལེགས་བཤད་རྩོམ་པའི་རྒྱུའི་ཚོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་ན་ལེགས་བཤད་བརྩམས་པ་ཐམས་ཅད་ལ་སྔོན་སུས་ཀྱང་མ་ཐོན་པའི་སྙན་ངག་གི་ཉམས་དུ་མ་ཐོན་ཡོད་པ་ལེགས་བཤད་རྣམས་ལ་མཇལ་བ་ཙམ་གྱིས་ཤེས་པ་དང་།ཚུལ་དེ་ལ་རྟོགས་བརྗོད་ལས།ལྷོ་ཕྱོགས་རྒྱ་མཚོ་འཕྱུར་བའི་གླུ་དབྱངས་ལ།།ཚངས་ཆེན་རྗེས་ཆགས་ཉན་པའི་རྩེ་དགའ་ལས།།བྱུང་བ་མ་ཡིན་ཚངས་པའི་བུ་མོ་ཞིག།གསེར་ལྗོངས་དྲི་ཟ་དགའ་བའི་ཚལ་ན་རྒྱུ།།ཞེས་སོགས་གསུངས།རྗེ་བཙུན་ཨ་བྷྱས་ཀྱང་།མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་བིས་པ་མི་ཕམ་ཟླ་བ་ལྟ་བུའི་སྙན་ངག་པ་མ་བྱུང་བར་གསུངས་ཀྱང་།དེས་རྗེ་འདིའི་སྙན་ངག་གི་ཆ་ཤས་ཤིག་ལའང་འགྲན་མི་ནུས་པ་མངོན་སུམ་དུ་གྲུབ་པས།ད་ལྟ་མ་ཟད་གནའ་བོའི་དུས་ནའང་མདོ་སྨད་དུ་རྗེ་འདི་ལ་འགྲན་བཟོད་པའི་སྙན་ངག་པ་མ་བྱུང་བར་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲའོ་ཞེས་གསུངས།
          དེ་ལྟར་ཕྱི་རབས་ཀྱི་གདུལ་བྱ་བློ་ལྡན་དོན་གཉེར་རྣམས་ལ་ཕན་པའི་ཕྱིར་རྗེ་ཉིད་ཀྱིས་མཛད་པའི་གསུང་རྩོམ་གྱི་རིམ་པ་མཐའ་ཡས་པ་ཞིག་ཡོད་ནའང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཕལ་ཆེ་བ་འབྱུང་བ་ཆེན་པོ་བཞི་ལ་ཐིམ་ཟིན་པས་ད་ལྟ་ཆ་ཙམ་ལུས་པ།བྱང་སའི་ས་བཅད།སྔགས་ཕྱོགས་སྟོང་ཐུན།དབྱིངས་མཁའ་ཁྱབ་མ།ཆུའི་འཕྲུལ་འཁོར།སེང་གེའི་ང་རོ།བརྒལ་ལན།རེབ་གོང་རྟོགས་བརྗོད།ཕོ་ཉ་ཞུ་འཕྲིན།ལྟ་མགུར།ལྟ་བའི་མྱོང་བྱང་།ལམ་རིམ་བརྗེད་བྱང་ཆེན་མོ།མགུར་དབྱངས།བླ་མར་སྲི་ཞུ་སྒྲུབ་ཚུལ།བླ་མའི་རྣལ་འབྱོར་སྐོར།བརྒྱད་སྟོང་དོན་བསྡུས་ཀྱི་ས་བཅད།རྩ་ཤེའི་ས་བཅད།རྩ་ཤེའི་ལྡེ་མིགརྩ་ཤེའི་དོན་སྦྱོར།མཛོད་ཀྱི་ཐོབ་པ།ལྷག་མཐོང་དྲིས་ལན་སོགས་དྲིས་ལན་གྱི་སྐོར།རིགས་ལམ་འཕྲུལ་ལྡེ།གསུང་ཐོར་བུའི་སྐོར།དམ་ཚིག་རྡོར་བཟླས།ཟ་བྱེད་མཁའ་འགྲོ།ཨེ་ལཾ་གཟུངས་སྒྲུབ།དབྱངས་ཅན་མའི་བསྟོད་པ།དངོས་གྲུབ་ཞུ་ཚུལ།བདེ་ཆེན་རྩིས་ཀྱི་ལྷན་ཐབས།འབྲས་སྤུངས་མཆོད་རྟེན་གྱི་ཐིག་རྩ།ཆབ་ཤོག་ཕྱོགས་བསྒྲིགས།ངོ་མཚར་བའི་མཎྜལ་བཤད་པ་མི་འདྲ་བ་སུམ་ཅུ་སོ་ལྔ་བཅས་བསྡོམས་པའི་གླེགས་བམ་ལྔ་ཙམ་བཞུགས་པ་འདི་ལགས་སོ།།དགུང་ལོ་རེ་བཞི་བ་ཤིང་སྦྲེལ་ལོའི་སྤྱི་ལོ་1944ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཀྱི་མཚན་གུང་ལ་སེང་གེ་འགྱིངས་སྟབས་ཀྱིས་ངང་སྐུའི་དགོངས་པ་རྫོགས་པའི་ཚུལ་བསྟན།ཞེས་མདོ་སྨད་རེབ་གོང་གསེར་མོ་ལྗོངས་སུ་བྱོན་པའི་མཁས་དབང་ཡོངས་འཛིན་པཎྜི་ཏ་བློ་བཟང་དཔལ་ལྡན་གྱི་རྣམ་ཐར་མདོ་ཙམ་བརྗོད་པ་ཞེས་པ་འདི་ནི་སྐྱེས་ཡུལ་མདོ་སྨད་རེབ་གོང་པ་འཇིགས་མེད་བསམ་གྲུབ་གྱིས་སྤྱི་ལོ་1989ལོར་སྦྱར་བའོ། །



རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།