གསར་བརྗེ་པ་དང་བསམ་བློ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་མཛད་རྗེས།

        བོད་མི་གསར་བརྗེ་པ་དང་བསམ་བློ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་མི་ཚེ་སྲིད་དོན་མཛད་རྗེས་སྐོར་རགས་ཙམ་བརྗོད་པ།
       བོད་མི་གསར་བརྗེ་པ་དང་བསམ་བློ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་སྤྱི་ལོ་1921—10—25ལོར་ཁམས་འབའ་ཐང་དུ་སྐུ་འཁྲུངས།  གཞོན་དུས་ནས་ནན་ཅིན་དུ་ཅང་ཅེ་ཧྲིའི་མི་དྲག་གི་སློབ་གྲྭར་ཞུགས་ཏེ་རྒྱའི་སྐད་ཡིག་དང་ཆབ་སྲིད་སོགས་ལ་སྦྱངས་པ་དང་།དེ་ནས་སློབ་གྲྭ་ནས་བུད་ཏེ་མར་ལེ་རིང་ལུགས་ཀྱི་གཞུང་ལུགས་ལ་ཞིབ་ཏུ་སྦྱངས་ནས་གསར་བརྗེའི་ལས་དོན་ནང་ཞུགས།དེ་ནས་བོད་ལྗོངས་སུ་ཕེབས་ནས་བོད་དུ་མར་ལེ་རིང་ལུགས་ཀྱི་བསམ་བློའི་ལྟ་བ་སྤེལ་ཏེ།དེའི་དམིགས་ཡུལ་གཙོ་བོ་ནི།ང་ཚོའི་བོད་མི་རིགས་འདི་རྗེས་ལུས་དང་གཉའ་གནོན་འོག་ཐར་བར་བྱས་ཏེ།བོད་མི་རིགས་རང་ཉིད་བདག་པོ་ཡིན་ལ།འདྲ་མཉམ་དང་དམངས་གཙོ་བཅས་ཡིན་པའི་བོད་མི་རིགས་རང་དབང་རང་སྐྱོང་དོན་དངོས་དང་མཐུན་པ་ཞིག་བཙུགས་ནས།བོད་མི་ཚང་མར་བདེ་སྐྱིད་ཀྱི་དུས་བཟང་ཞིག་བསྐྲུན་རྒྱུ་དེ་ནི་ཁོང་གི་བླ་ན་མེད་པའི་ཕུགས་བསམ་དེ་རེད།ཁོང་གིས་ལོ་རྒྱུས་ལ་འགན་འཁྱེར་བ་དང་།མི་རིགས་ལ་འགན་འཁྱེར་བ།མི་རབས་རྗེས་མའི་མདུན་ལམ་ལ་འགན་འཁྱེར་བའི་སྒོ་ནས་ཐོག་མཐའ་བར་གསུམ་དུ།དྲང་བདེན་མིན་པའི་སྲིད་ཇུས་དང་བྱེད་སྟངས་དེ་རིགས་ལ་ཐད་གར་ཁ་གཏད་དུ་ལངས་ནས་སུན་འབྱིན་དང་དགག་པ་ནན་མོ་བརྒྱབ་ཡོད།
  ཁོང་གིས་ཚད་མེད་པའི་མི་རིགས་ཀྱི་དགའ་ཞེན་དེ་ལ་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་འགོ་ཁྲིད་རེ་གཉིས་ཀྱིས་ལྟ་ཚུལ་མི་མཐུན་པར་བཟུང་ནས།ཁོང་ལ་མ་ཉེས་ཁག་གཡོགས་ཀྱི་ས་གནས་མི་རིགས་རང་ལུགས་སོགས་ཀྱི་སྐྱོན་ཆ་མང་པོ་བགྲངས་ཏེ།མཐར་མི་ལོ་བཅོ་བརྒྱད་རིང་ཁོང་ཉིད་གཅིག་པུར་ཁེར་རྐྱང་གི་བཙོན་དོང་དུ་བཅུག་སྟེ་མི་སྤྱོད་ལས་འདས་པའི་མནར་སྤྱོད་ཚད་མེད་པ་བཏང་མཐར།ལུས་སེམས་གཉིས་ཀ་བདེ་ཐང་མིན་པ་བཟོས་པ་སོགས་མི་རིགས་ཀྱི་ཆེད་དུ་དམྱལ་བའི་སྡུག་བསྔལ་མི་ཡུལ་དུ་མངོན་སུམ་མྱོང་བའི་རླབས་ཆེན་གྱི་དཔའ་བོ་ཞིག་མ་ཡིན་ནམ།ཁོང་གིས་བཟའ་ཟླ་དང་འཐབ་གྲོགས་མང་པོ་ཞིག་ཀྱང་སྔ་ཕྱིར་འཛིན་བཟུང་བྱས་ཏེ་ཚད་མེད་པའི་མནར་སྤྱོད་འོག་སྡུག་གསོད་བྱས་ཀྱང་།ཁོང་གིས་དེ་དག་ནི་གུང་ཁྲན་ཏང་གི་གདོང་འབག་གྱོན་པའི་དཔོན་ངན་ཁ་ཤས་ཀྱི་བྱེད་སྤྱོད་ལ་བརྟེན་ནས་བྱུང་བ་ལས།ཏང་དང་རྒྱལ་ཁབ་ཀྱིས་བྱས་པ་ཞིག་མ་ཡིན་པར་ངོས་འཛིན་གནང་ཐོགརིགས་སོ་སོའི་གྲངས་ཉུང་མི་རིགས་ཚང་མ་རྒྱ་རིགས་དང་འདྲ་བར་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་གི་ཁྱིམ་མི་ཡིན།ཏང་གི་མི་རིགས་སྲིད་ཇུས་ལ་ཡོ་བསྲང་བྱེད་པ་དང་།བོད་ཀྱི་གནད་དོན་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར་ཐག་གཅོད་ཡོང་བ་བྱེད་རྒྱུར་འབད་བརྩོན་གནང་བ་རེད།
རྒན་ཕུན་དབང་ལགས་ཀྱིས་བོད་ཁུལ་དུ་མར་ལེ་རིང་ལུགས་ཀྱི་གསར་བརྗེའི་ལས་འགུལ་སྤེལ་སྐབས་སུའང་།བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྲུང་འཛིན་བྱ་རྒྱུར་དམིགས་གསལ་གྱི་ཐུགས་འཁུར་ཆེན་པོ་གནང་ཡོད་པ་དང་།ཁོང་གིས་མི་ཚེ་གང་གི་བྱ་ལས་ཁྲོད་དཀའ་ཉེན་ཆེན་པོའི་བགྲོད་ལམ་ཀྱག་ཀྱོག་མང་པོ་བརྒྱུད་ཡོད་པས།མཛད་རྗེས་རྣམས་མཐོ་རིམ་མི་སྣའི་སྤྱོད་ཡུལ་ལས་ང་ཚོ་ཕལ་བ་རྣམས་ཀྱིས་བློ་ངོར་ཤོང་དཀའ་བའི་གནས་ཡིན་ནའང་།ང་ཚོས་རླབས་ཆེན་གྱི་མི་སྣ་འདིའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་།རྣམ་དཔྱོད་ཀྱི་ཤེས་རབ་མཁའ་ལྟར་ཡངས་པའི་བློ་སྟོབས་ཀྱིས།ཕམ་ཁའི་ཁྲོད་ནས་རྒྱལ་ཁ་བླངས་ཤིང་།མུན་པའི་ཁྲོད་ནས་འཛམ་གླིང་རྗེན་པར་མཐོང་བའི་སྒྲོན་མེ་རྙེད་པ་འདི་རིགས་ངེས་པར་ཤེས་དགོས།ང་ཚོའི་མི་ཞིག་གི་ལོ་རྒྱུས་ལ་གདེང་འཇོག་བྱེད་སྐབས།མི་དེའི་རང་གཤིས་དང་རང་ཚུགས་བརྟན་མིན།སྐུ་ཚེ་གང་གི་ལས་དོན་མཐའ་དག་སྤྱི་ཚོགས་ལ་ཕན་གནོད་གང་བྱུང་བཅས་ལ་བལྟ་དགོས་པ་དེ་གལ་ཆེན་པོ་ཡིན།ལྟ་སྟངས་འདིའི་ཆ་ནས་བཤད་ན།རྒན་ཕུན་དབང་ལགས་ནི་ནམ་ཡང་ངོ་གནོང་མི་དགོས་པའི་གངས་ཅན་བོད་ཀྱི་དཔའ་རྒོད་གཅིག་དང་།མིང་དོན་མཚུངས་པའི་མར་ལེ་རིང་ལུགས་པ་ཞིགབོད་མི་གསར་རྗེ་པ།བསམ་བློ་པ།ཚན་ཉིད་རིག་པ་སྨྲ་བ།རྣམ་དཔྱོད་ཀྱི་ཤེས་རབ་མཁའ་ལྟར་ཡངས་པའི་མཁས་པའི་དབང་པོ་ཞིག་བཅས་ཡིན་པས།ང་ཆོའི་གངས་ཅན་གྱི་ཁྲོད་དུ་སྐྱེས་བོ་འདི་འདྲ་ཞིག་བྱོན་པ་ནི།རང་རེའི་གངས་ཅན་པ་རྣམས་ཀྱི་གཟི་བརྗིད་དང་མཛེས་རྒྱན་དམ་པ་ཞིག་རེད།
         རྒན་ཕུན་དབང་ལགས་ཀྱི་ན་ཚོད་གཞོན་པའི་སྐབས།
    དེ་སྔ་ཆིན་རྒྱལ་རབས་ཀྱི་སྐབས་སུ་ཁམས་ཁུལ་དུ་ཡང་བོད་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་ས་གནས་ཀྱི་རྒྱལ་པོ་དང་།རྒྱ་དཔོན།སྟོང་དཔོན་བྱ་བའི་གོ་གནས་སྤྲད་དེ་མུ་མཐུད་དུ་རང་རང་གི་ཡུལ་སྡེ་དང་ཕྱོགས་ཁ་འཛིན་སྐྱོང་བྱེད་དུ་བཅུག་སྟེ་ཡུལ་གོམས་དང་ཁྲིམས་ལུགས་བཅས་ལ་དབང་བསྒྱུར་བྱེད་ཀྱིན་ཡོད།སྤྱི་ལོ་1903—1904ལོར་ཁམས་ཁུལ་གྱི་ས་གནས་རང་སྐྱོང་གི་སྲིད་ཇུས་ལ་འགྱུར་བ་བྱུང་སྟེ།ས་གནས་དཔོན་པོ་དང་འགོ་བ་རྣམས་ཀྱི་གོ་གནས་མེད་པར་བཟོས་པ་དང་།དེའི་ཚབ་ཏུ་རྒྱ་རིགས་ལས་བྱེད་བསྐོས་ནས་བོད་ལུགས་ཀྱི་ཆོས་སྲིད་སྒྲིག་འཛུགས་མེད་པར་བྱས།སྤྱི་ལོ་1905ལོ་འགོར་འབའ་ཐང་མི་དམངས་ཀྱིས་ངོ་རྒོལ་གྱེན་ལངས་བྱས་ཏེ་ཆིན་དམག་དང་ལས་བྱེད་མང་པོ་བསད་དེ་རང་ས་རང་བཟུང་བྱས་ནའང་།དེ་མ་ཐག་ཆིན་སྲིད་གཞུང་གིས་ངོ་རྒོལ་གྱེན་ལངས་ལ་དྲག་གནོན་བྱེད་ཆེད་སི་ཁྲོན་ནས་ཆིན་དམག་7500བཏང་སྟེ་སྤྱི་ལོ་1905ལོའི་ཟླ་དྲུག་པར་འབའ་ཐང་སླར་ཡང་བཙན་དབང་འོག་བཅུགངོ་རྒོལ་གྱེན་ལངས་པ་འགོ་གཙོ་གཉིས་ཀྱི་སྐེ་བཅད་པ་དང་།འབའ་ཆོས་སྡེ་དགོན་པ་ཤུལ་མེད་དུ་མེ་ལ་བསྲེགས།དེ་ནས་བཙན་ཤུགས་ཀྱིས་ཁྲིམས་ལུགས་མང་པོ་ལག་བསྟར་བྱས་ཏེ་འབའ་ཐང་གི་བོད་མིའི་རང་ས་རང་འཛིན་གྱི་བདག་སྐྱོང་ལ་བཅོས་བསྒྱུར་བྱས།ཆིན་རྒྱལ་རབས་འཇུག་རྫོགས་རྗེས་འབའ་ཐང་ནི་གོ་མིན་ཏང་དབང་འཛིན་པའི་དམ་བསྒྲགས་ཆེ་བའི་ས་གནས་ཀྱི་འགོ་བ་དམག་ཤེད་ཅན་ལིའུ་ཝན་ཧུའེ་དྲག་ཤུགས་ཀྱི་དབང་བསྒྱུར་འོག་གནས་ཡོད།
    དེ་ལྟ་བུའི་འཁོར་ཡུག་དང་དུས་བབ་རྙོག་འཛིངས་ཀྱི་སྐབས་སུ།འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི།ལྷ་ས་ནས་མར་བརྩིས་པའི་སྤྱི་ལེ་ལྔ་བརྒྱ་ཙམ་གྱི་བོད་ཤར་ཕྱོགས་ས་ཁུལ་གྱི་འབའ་ཐང་དུ་ཡབ་སྒོ་ར་ཨ་ཤེས་དང་ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་སྤྱི་ལོ་1921ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་སྐྱེས།དགུང་ལོ་7—12པར་དེ་གར་སྲིད་གཞུང་གིས་བཙུགས་པའི་སློབ་གྲྭར་ཞུགས་ནས་བོད་ཡིག་དང་།རྒྱ་ཡིགརྩིས་རིག་བཅས་ལ་སྦྱངས།ཁོང་དགུང་ལོ་བཅུ་བཞིའི་སྐབས་འབའ་ཐང་མི་དམངས་ཀྱིས་ལིའུ་ཝན་ཧུའེ་དམག་ཤེད་ཅན་ལ་ངོ་རྒོལ་གྱི་གྱེན་ལངས་ཡང་ཡང་བྱས་པ་ལ་ཕམ་ཉེས་བྱུང་བ་དེས།ཁོང་གི་བློ་སྟོབས་ཞུམ་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་བོད་མིའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་རྒྱུའི་སྤོབས་པ་ཆེན་པོ་སྐྱེས།སྐབས་དེར་ཁོང་གི་ཞང་པོ་དང་སྐལ་བཟང་ཚེ་རིང་གི་རང་དབང་བདེན་དོན་བརྩོན་ལེན་གྱི་སྙིང་སྟོབས་ཀྱིས་ཁོང་གི་སེམས་ཤུགས་ཀྱི་སྙིང་རྩ་འཕར་ལྡིང་བྱུང་སྟེ།ནམ་ཞིག་ན་འདི་དག་གི་རྒྱུད་འཛིན་བྱས་ཏེ་མི་རིགས་ཀྱི་རང་དབང་དོན་མཐུན་ཞིག་ཡོང་བར་འབད་བརྩོན་བྱེད་རྒྱུའི་དམ་བཅའ་ལྡོག་ཏུ་མེད་པ་ཞིག་སྐྱེས།དེ་ནས་ནན་ཅིན་ཏུ་སློབ་གྲྭར་འགྲོ་རྒྱུའི་འདུན་པ་སྐྱེས།ཁོང་གི་ཞང་པོ་དང་སྐལ་བཟང་ཚེ་རིང་གཉིས་ལ་ཡིད་སྨོན་བྱེད་དོན་གཞན་ཞིག་ནི།ཁོང་གཉིས་རང་དབང་གི་དོན་དུ་འཐབ་རྩོད་བྱེད་མཁན་ཡིན་པར་མ་ཟད་བསམ་བློ་སྔོན་ཐོན་དང་།སྐབས་དེའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ལ་བྱང་ཆ་ཆེ་བ་དང་འབྱོན་ཐང་ལྡན་པ།ལྷག་པར་དུ་ཞང་པོ་ནི་རྒྱ་སྐད་དང་རྒྱ་ཡིག་ལ་ཤེས་ཡོན་ལྡན་པ་སོགས་ཀྱི་དབང་གིས་ཡིན།
  དགུང་ལོ་བཅུ་བཞིར་སོན་སྐབས་ཁོང་གི་ཞང་པོ་དང་།ཞང་པོའི་གཅུང་མོ་དང་བུ་མོ་བཅས་དང་མཉམ་དུ་ནན་ཅིན་དུ་སློབ་གྲྭར་སྐྱོད།དེ་ནས་ནན་ཅིན་དུ་སླེབས་པར་ཁོང་གི་ཞང་པོ་འབྲིང་བ་“བློ་བཟང་རྒྱལ་མཚན་(རྒྱ་མིང་དུ་ཅང་ཨན་ཤི་)དང་ཁོང་གི་བཟའ་ཟླ་གཉིས་” ཁོང་ནི་ཅང་ཅེ་ཧྲིའི་དམག་དོན་ཆེད་སྦྱོང་ཁང་གི་སློབ་མ་ཡིན།ཆེད་སྦྱོང་ཁང་དེར་བོད་མི་གཅིག་ཁོ་ན་ཡོད་པ་ཁོ་རང་དང་།ཁོང་གི་བཟའ་ཟླ་ནི་གོ་མིན་ཏང་གཞུང་གི་ཡན་ལག་ལས་ཁུངས་ཏེ།གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཐེ་གཏོགས་བྱེད་མཁན་གྱི་བོད་སོག་ཨུ་ཡོན་ལྷན་ཁང་གི་སྐད་བསྒྱུར་བ་ཡིན།མོ་ནི་འབའ་ཐང་དུ་ཡོད་སྐབས་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་གྱི་སློབ་གྲྭར་སོང་མྱོང་ཡོད་སྟབས།དབྱིན་ཇི་དང་རྒྱ་བོད་གཉིས་ཀྱི་སྐད་ཡིག་ཀྱང་ཤེས་པ་རེད།མེལ་•གུར་སི་ཐན་(Melvyn C.Goidstein)ཀྱིས་མཛད་པའི་ཕུན་དབང་གི་རྣམ་ཐར་དུ་གསལ། (དབྱིན་ཡིག་)གྲུ་ཁར་བསུ་བར་འབྱོར་བས་ཁོང་གི་ཁྱིམ་དུ་ཕེབས།དེ་ནས་ནན་ཅིན་དུ་ཅང་ཅེ་ཧྲིའི་མི་དྲག་གི་སློབ་གྲྭ་དམག་མིའི་འགྲོ་སྟངས་དང་མཐུན་པ་དེར་ཞུགས་ཏེ་རྒྱའི་སྐད་ཡིག་དང་།རྩིས་རིགལོ་རྒྱུས།ས་ཁམས་བཅས་ལ་སྦྱངས།སྐབས་དེར་རི་འགོག་དམག་འཁྲུག་ལངས་པའི་དབང་གིས་སློབ་གྲྭ་རིམ་པར་ཅང་ཞིས་དང་ཀྲེ་ཅང་།ཁྲོང་ཆིན་སོགས་ལ་སྔ་ཕྱི་གནས་སྤོར་བྱས།
   དགུང་ལོ་བཅུ་དྲུག་པའི་སྐབས་སློབ་གྲྭའི་ཡིག་རྒྱུག་ལ་རྩོམ་ཡིག་གཉིས་བྲིས་ཏེ།དང་པོ་ནི་ཉི་ཧོང་བཙན་འཛུལ་པའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ནག་མི་དམངས་གིས་དཀའ་སྡུག་ཆེན་པོ་མྱོང་ཚུལ་དང་།གཉིས་པ་ནི།རྒྱ་ནག་ནང་ཁུལ་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པ་སྟེ།འབྱོར་ལྡན་རྣམས་ཟ་ཁང་གི་ནང་དུ་གད་མོ་བགོད་བཞིན་ཡོད་ཀྱང་།འབྱོར་མེད་དབུལ་བོ་རྣམས་སྲང་བར་ལམ་ནང་དུ་རྟེན་གཞི་མེད་པར་འཆི་བཞིན་ཡོད་པའི་བར་ཁྱད་ཆེན་པོ་ཧང་སངས་དགོས་པ་ཞེས་པ་དེ་གཉིས་ཡིན།རྩོམ་ཡིག་དེ་གཉིས་ཁོང་གི་དགེ་རྒན་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལྟ་བར་དགའ་ཞེན་ཡོད་པ་དེས་དག་བཅོས་གནང་སྟེ་ཀྲེ་ཅང་གི་གསར་འགྱུར་ཞིག་གི་སྟེང་བཀོད་པར།ཉིན་ཞིག་སྐུ་ཞབས་ཝང་གིས་ཕུན་དབང་ལགས་ཀྱི་བྲིས་པའི་གསར་འགྱུར་དང་རྩོམ་ཡོན་སྒོར་བཅུ་བཅས་སྤྲད་བྱུང་བ་ནི་ཁོང་གི་མི་ཚེ་འདིའི་རྩོམ་དང་རྩོམ་ཡོན་གྱི་གྱི་ཐོག་མ་ཡིན།དེ་ནས་སྐུ་ཞབས་ཝང་གིས་ཁོང་ལ་མཐོང་ཆེན་བྱས་ཏེ་སི་ཏ་ལིན་གྱི་《མི་རིགས་ཀྱི་སྐོར་གླེང་བ་》ཞེས་པ་དེ་དང་།ལེ་ཉིན་གྱིས་མཛད་པའི་《མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆའི་རྣམ་བཤད་》ཅེས་པའི་བརྩམས་ཆོས་དེ་གཉིས་གཡར་བོ་བྱུང་བར་ཁོང་གི་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཐོབ།དེ་བས་ཁོང་ཨུ་རུ་སུ་རྒྱལ་ཁབ་ལ་ཡིད་སྨོན་སྐྱེས་ཏེ།རྒྱུ་མཚན་ནི།ཨུ་རུ་སུ་རྒྱལ་ཁབ་ཀྱི་ནང་དུ་མི་རིགས་ཚང་མར་དབང་ཆ་འདྲ་མཉམ་ཡོད་པ་དང་།མི་རིགས་སོ་སོར་རང་རང་གི་སྲིད་གཞུང་ཅན་གྱི་མི་སེར་སྤྱི་མཐུན་ཞིག་ཡིན།ལེ་ཉིན་གྱི་གསུང་ལས་“དབང་ཆ་ཆེན་པོ་ཡོད་པའི་མི་རིགས་དང་དབང་ཆ་མེད་པའི་མི་རིགས་དབར་འབྱུང་ངེས་ཀྱི་ཟློག་ཏུ་མེད་པའི་ཉེན་འཚབ་”ཅེས་གསུངས་པ་སོགས་ཀྱི་དགོངས་དོན་གསལ་པོར་རྟོགས།
     དེར་རྟེན་འབྱུང་འགྱུར་གྱི་ཆབ་སྲིད་རྣམ་པ་གསར་བའི་ནང་།རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་ཀྱིས་ཁོང་གི་མ་འོངས་པའི་མི་ཚེའི་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སྟེ།ཁོ་གི་སེམས་ལ།ང་ཚོ་བོད་ཀྱི་དཀའ་རྙོག་མཐའ་དག་སེལ་བའི་ཆེད།བོད་གཞུང་གི་མངའ་ཁོངས་ཡོངས་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ཁོངས་སུ་འདྲ་མཉམ་དུ་ཞུགས་ཏེ་གསར་བརྗེ་བྱས་ན་སེལ་ཐུབ་ངེས་ཡིན་པའི་ཡིད་ཆེས་སྐྱེས།སྤྱི་ལོ་1939ལོར་སློབ་གྲྭའི་ནང་ཁོ་ཚོ་བོད་མི་ལྔ་འདུས་པའི་“བོད་རིགས་གུང་ཁྲན་རིང་ལུགས་གསར་བརྗེ་ཚོགས་པ་”ཞེས་པའི་གསང་བའི་གུང་ཁྲན་ཏང་གི་རྩ་འཛུགས་ཞིག་བཙུགས་ཏེ་ཚོགས་པ་དེའི་ཐོག་མའི་མི་སྣ་ནི།ཕུན་དབང་།དཀོན་མཆོག་བཀྲ་ཤིས།ཤེས་རབ་(བླ་བྲང་ནས་ཡིན་)།རྨ་བྱ་དོན་གྲུབ།ངག་དབང་སྐལ་བཟང་བཅས་མི་ལྔ་ཡོད།དེ་ནས་བཟུང་བློ་སེམས་འགྱུར་མེད་བཅས་ཀྱི་སྒོ་ནས་བྱ་བར་གཟབ་ནན་དང་ཧུར་བརྩོན།མི་ཚེ་ལྷག་མ་ཆ་ཚང་སྤྱི་ཚོགས་ཀྱི་གནད་དོན་དང་།ལྷག་པར་དུ་བོད་ཀྱི་རང་སྲིད་རང་སྐྱོང་དང་།བོད་མི་རིགས་དང་འབྲེལ་བའི་གནད་དོན་ཐད་ཚང་མས་མཉམ་དུ་འབད་བརྩོན་བྱ་རྒྱུར་སེམས་ཐག་བཅད།ད་དུང་ཁོ་ཚོའི་རྣམ་པའི་ཐོག་ནས་གུང་ཁྲན་ཏང་གི་རྩ་འཛུགས་མ་ཡིན་པའི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཞིག་བཙུགས་ནས་སྐབས་འགར་གནད་དོན་མང་པོ་གླེང་མོལ་ཡང་ཡང་བྱས།རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་སྤྱི་ལོ་1940ལོའི་དབྱར་ཁར་གོ་མིན་ཏང་སློབ་གྲྭ་ནས་ཁོ་རང་ཕྱིར་འབུད་བཏང་།
        གསར་བརྗེའི་ལམ་ཆེན་དུ་བསྐྱོད་པ།
     དགུང་ལོ་ཉི་ཤུ་པ་སྤྱི་ལོ་1942ལོར་ཕྱིར་ཁམས་ཁུལ་དུ་ལོག་ནས་གསར་བརྗེའི་ལས་འགུལ་སྤེལ་མགོ་བརྩམས་ཏེ་“མེ་སྟག་ཚོགས་པ་”ཞེས་པའི་ཚོགས་པ་བཙུགས།  ཚོགས་པ་དེའི་ཐོག་མའི་ཚོགས་མི་ནི།ཕུན་དབང།ངག་དབང་སྐལ་བཟང་།སྟོབས་ལྡན།དགྲ་འདུལ་བཅས་ཡིན།དེ་ཡང་བོད་རིགས་ཞིང་བྲན་ནི་རྙིང་ཞེན་ཆེ་ལ།བསམ་བློའི་སྟེང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པས།ཁོང་ཚོར་དེང་རབས་ཀྱི་རིག་གནས་གསར་བའི་གོ་ཐོས་ཅི་ཡང་མེད་སྟབས་བློ་སྣ་བསྒྱུར་རྒྱུ་ཧ་ཅང་དཀའ་ངལ་ཆེན་པོ་ཡོད།དེ་ཕྱིར་ཁོ་ཚོར་བཅོས་བསྒྱུར་གཏོང་རྒྱུའི་འབད་བརྩོན་ཐལ་ཆེ་ན།ཚུར་རྒོལ་བྱ་རྒྱུའི་ཉེན་ཁ་ཡང་ཡོད།དེར་རྟེན་ཁོང་གིས་ཐོག་མར་ཁམས་ཁུལ་གྱི་གཞོན་ནུ་སྤྱང་གྲུང་འཛོམས་པ་འགའ་བསྡུས་ནས་(དཔེར་ན་སྡེ་དགེའི་ནང་སྐད་གྲགས་ཆེ་བའི་བྱ་རྒོད་སྟོབས་ལྡན་སོགས།དེ་ནི་རྒྱུ་ནོར་དང་དབང་ཤུགས་ཆེ་བར་མ་ཟད་སྡེ་དགེའི་ས་ཁུལ་གྱི་བློན་ཆེན་མཐོ་ཤོས་ཡང་ཡིན།)བཤད་པར།ང་ཚོ་བོད་མི་རྣམས་དབུས་དང་།ཨ་མདོ།ཁམས་བཅས་གང་དུ་གནས་ཀྱང་ཚང་མ་བོད་མི་རེད།དེར་བརྟེན་ཁམས་ཁུལ་མི་འདྲ་བ་ཞིག་ཏུ་བརྩིས་ཏེ་བོད་དང་ཁ་བྲལ་བའམ།ཁམས་ཁུལ་གཅིག་པུར་རང་དབང་ཡོངས་ཐབས་བྱེད་པ་ནི་ནོར་འཁྲུལ་རེད།ཁམས་ཁུལ་ནི་གཅིག་གྱུར་ཡིན་པའི་བོད་མི་རིགས་ཀྱི་ཁོངས་གཏོགས་ཤིག་ཡིན་པས།ང་ཚོས་བོད་མི་ཚང་མའི་ཆེད་དུ་ལས་ཀ་བྱེད་དགོས།གསར་བརྗེ་སློབ་དཔོན་ལེ་ཉིན་དང་སི་ཏ་ལིན་གྱིས་གསུངས་ཡོད་པར།སྐད་ཡིག་དང་།རིག་གཞུང་།གོམས་བཤིས།ས་ཁོངས་བཅས་གཅིག་པ་ཡིན་པའི་ཚོགས་སྡེ་ཞིག་ལ་མི་རིགས་ཟེར་ཞེས་དང་།མ་གཞི་སྤྱིར་བཏང་བོད་ཀྱི་ས་ཁུལ་ཁག་གི་ཡུལ་སྐད་མི་འདྲ་བ་དང་།ས་གནས་ཀྱི་སྲོལ་རྒྱུན་ལ་ཁྱད་པར་ཕྲན་བུ་ཡོད་ཀྱང་།ང་ཚོ་ཚང་མ་བོད་རིགས་སུ་གྲུབ་བྱེད་ཀྱི་ཐུན་མོང་གི་རིག་གཞུང་དང་།སྐད་ཡིག་སོགས་ཡོད་པའི་སྐོར་ཞིབ་ཏུ་གསུངས།དེར་བྱ་རྒོད་སྟོབས་ལྡན་ནི་བཤིས་རྒྱུད་ཅུང་གྱོང་བོ་ཞིག་ཡིན་སྟབས་ཁོང་གིས་གདོང་འཛུམ་དམུལ་བཞིན་ཕུན་དབང་ལགས།ཁྱོད་ཀྱིས་ཆབ་སྲིད་ཀྱི་གཞུང་ལུགས་མང་པོ་ཤེས་ཀྱང་།བོད་པའི་སྐུ་དྲག་གི་སྐོར་མང་པོ་ཤེས་གི་མ་རེད།ལྷ་སའི་དམག་མི་དང་སྐུ་དྲག་ཚོས་དུས་རབས་འདིའི་འགོ་སྟོད་དུ་ཁམས་ལ་དབང་བསྒྱུར་བྱེད་སྐབས།ལས་སྣེ་ཚོས་མི་དམངས་ལ་དཔྱ་ཁྲལ་ལྕི་མོ་བཀལ་ཏེ།ཁྲལ་འཇལ་མི་ཐུབ་མཁན་སུ་བྱུང་ལ་རྟ་ལྕག་གཞུ་རྐྱང་བྱས་པས།མི་མང་པོས་ཁོང་ཚོ་ནི་རྒྱ་མི་ལས་ཀྱང་སྡུག་གི་རེད་ཅེས་བཤད་བཞིན་ཡོད་པ་དང་།རྒྱ་མིས་ང་ཚོའི་དཔོན་པོ་བྱས་ཀྱང་མང་ཚོགས་ཀྱི་ཅ་ལག་རྐུ་འཁྱེར་བྱེད་གི་མ་རེད་ཞེས་སོགས་བོད་གཞུང་གི་ལས་སྣེ་དང་དམག་མི་ཚོས་མང་ཚོགས་ལ་གཉའ་གནོན་བྱས་པའི་དཔེར་མཚོན་མང་པོར་བཤད།དེ་ནས་ཕུན་དབང་གིས་ཁོང་གི་བསམ་ཚུལ་ལ་རྩོད་གླེང་གིས་ངོ་རྒོལ་བྱས་དོན།བོད་གཞུང་གི་ཁྲིམས་དང་།དེ་སྔ་ཁམས་ནང་བརྩམས་པའི་བྱ་སྤྱོད་ལ་སྐྱོན་ཆ་ཡོད་རུང་།དེ་དག་ནི་ང་ཚོའི་མི་རིགས་ནང་ཁུལ་ཀྱི་རྙོག་དྲ་ཡིན།འདི་རིགས་རྩིས་མེད་དུ་བཏང་སྟེ་ང་ཚོ་བོད་མི་ཚང་མ་བསམ་བློ་གཅིག་སྒྲིལ་བྱུང་ན།གཞི་ནས་ལིའུ་ཝན་ཧུའེ་དམག་ཤེད་ཅན་མཐར་སྐྲོད་གཏོང་ཐུབ་པར་མ་ཟད།བཙན་འཛུལ་པ་ཚང་མ་འགོག་ཐུབ་ཅེས་བཤད་དེ།སྐད་ཆའི་དོན་སྙིང་རྣམས་མཚོན་པའི་གཞས་ཚིག་ཅིག་བརྩམས་པ་ནི། “དབུས་གཙང་མདོ་ཁམས་མ་ཕྱེ།།མི་རིགས་གཅིག་གི་སྤུན་ཟླ།།ང་ཚོ་རྡོག་རྩ་གཅིག་སྒྲིལ།།རང་རིགས་ལ་རྒྱ་རྩོད་དགོས”།།ཞེས་སོ།།
    དེ་ནས་ཡུན་རིང་སོང་རྗེས་ཆབ་མདོ་ཡི་མདོ་སྤྱི།མདའ་དཔོན་སྐུ་དྲག་གཡུ་ཐོག་སྟེ་ཁོང་ནི་ལྷ་སའི་གཞུང་གི་ལས་སྣེ་མཐོ་གྲས་ཤིག་ཡིན་པ་དེ་མཇལ་བར་བྱིན།ཉིན་མང་པོར་གཡུ་ཐོག་ལ་གླེང་མོལ་བྱས་པའི་བརྗོད་གཞི་གཙོ་བོ་རྣམས་ནི།གོ་མིན་ཏང་དང་གུང་ཁྲན་ཏང་དབར་གྱི་འགལ་ཟླའི་སྐོར་སོགས་རྒྱ་ནང་གི་གནས་སྟངས་དང་།འཇར་མན་དང་།ཉི་ཧོང་།ཨུ་རུ་སུ་བཅས་ཀྱི་སྐོར་དང་།སྐབས་དེར་འབྱུང་བཞིན་པའི་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་སོགས་ཞིབ་ཏུ་ཞུས་པར་ཁོང་ཤིན་ཏུ་དགྱེས་ཚོར་བྱུང་།དེ་ནས་གཡུ་ཐོག་ལགས་ནས་ཁྱོད་ལ་དམག་འཁྲུག་སྐོར་གྱི་ཤེས་བྱ་གང་འདྲ་ཡོད་མེད་དྲིས་བྱུང་བར།ཕུན་དབང་གིས།ང་རང་དམག་འཐབ་ནང་གཏན་ནས་ཞུགས་མྱོང་མེད་རུང་།དམག་འཁྲུག་སྐོར་གྱི་དེབ་མང་པོ་བཀླགས་མྱོང་།ལྷག་པར་དུ་འཇབ་དམག་སྐོར་གྱི་དེབ་བལྟ་མྱོང་ལུགས་ཞུས་ཏེ་མའོ་ཙེ་ཏུང་དང་ཀྲུའུ་ཏེ་ཡི་གཞུང་ལུགས་དང་།ད་དུང་དཔེ་དེབ་འགའི་སྐོར་ཞུས།ད་དུང་གཡུ་ཐོག་ལགས་ནས་བཤད་པར།ཁྱོད་ལ་ལིའུ་ཝན་ཧུའེ་ཡི་ལྟོས་བཅས་ཀྱི་སྟོབས་ཤུགས་དང་།ཁོ་པའི་དམིགས་ཡུལ་སོགས་ལ་ལྟ་ཚུལ་ཅི་འདྲ་ཡོད་མེད་སོགས་དྲིས་བྱུང་བར།ཕུན་དབང་གིས་བཤད་པར།རྩ་བའི་ཆ་ནས་ལིའུ་ཝན་ཧུའེ་མཐོང་སྣང་དུ་ཡོད་པ་ལྟར་གྱི་དཔུང་སྟོབས་དང་ལྡན་པ་ཞིག་མིན་པ་དང་།ཕྱི་ཚུལ་དུ་ཅང་ཅེ་ཧྲེ་དང་ལིའུ་ཝན་ཧུའེ་གཉིས་མཉམ་འབྲེལ་ཡག་པོ་ཡོད་པ་ལྟར་སྣང་ཡང་།ཁོང་གཉིས་སོ་སོར་ཀུན་སློང་དང་ལས་འཆར་མི་འདྲ་བ་ཡོད།དེ་ཡང་ཅང་ཅེ་ཧྲེས་གཡུལ་ས་མང་པོ་བཟུང་ཡོད་ལ།ཁོས་ག་དུས་ཡིན་ནའང་ལིའུ་ཝན་ཧུའེ་ཡི་དབང་ཤུགས་ཉམས་དམས་སུ་གཏོང་ཐབས་བྱ་དགོས་སྙམ་གྱི་ཡོད་པའི་སྐོར་དང་།དེ་བཞིན་གཡུ་ཐོག་ལགས་ལ།གལ་ཏེ་ཁྱོད་ཀྱིས་ལིའུ་ཝན་ཧུའེ་དང་དམག་འཐབ་བྱ་རྒྱུའི་དགོངས་འཆར་གནང་གི་ཡོད་ན།ལམ་སེང་དགྲ་ལན་སློག་མི་དགོས་པའི་སྐོར་ཞུས་པ་དང་།དེ་ནས་མུ་མཐུད་དུ་དམག་འཁྲུག་སྐོར་གླེང་སྐབས།ཕུན་དབང་ལགས་ནས།དམག་འཁྲུག་ནང་རྒྱལ་ཁ་ཐོབ་ཐབས་གཅིག་ནི།མང་ཚོགས་དང་འབྲེལ་ལམ་ཧ་ཅང་ཉེ་པོ་ཞིག་བསྐྲུན་དགོས་པ་དང་།དེ་ལྟར་བསྐྲུན་པར་མང་ཚོགས་ཀྱི་ཁྲལ་དང་ཁུར་པོ་ཡང་དུ་བཏང་སྟེ།མི་རིགས་ཀྱི་ལ་རྒྱ་ཟམ་མོའི་རྨང་གཞི་འདིང་དགོས།ཁྱེད་ཀྱིས་ཁམས་སམ་ས་ཁུལ་གང་དུའང་དམག་དཔུང་ཁོ་ནར་བརྟེན་ནས་རྒྱལ་ཁ་ཐོབ་ཀྱི་མ་རེད།ངེས་པར་དུ་མི་དམངས་རྣམས་ཁྱེད་ཀྱི་ཕྱོགས་སུ་ཡོད་དགོས་ཤིང་།དེ་ལྟར་མ་བྱུང་ཡང་ཁྱེད་ཀྱི་ཁ་གཏད་དུ་མ་ལངས་པ་ཞིག་ངེས་པར་ཡོད་དགོས་སོགས་ཞུས།
     དེ་ནས་འབྱུང་འགྱུར་གྱི་བོད་དོན་སྐོར་ལ།ཕུན་དབང་ལགས་ནས།འབྱུང་འགྱུར་བོད་ཀྱི་གནད་དོན་གཙོ་བོ་ནི།བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་བྱེད་རྒྱུ་དེ་གཙོ་བོ་རེད།མ་མཐའ་ཡང་འདྲ་མཉམ་མིན་པ་དང་།དབང་ཆ་ལོག་པར་སྤྱོད་པའི་ད་ལྟའི་ལམ་ལུགས་འདི་རྩ་མེད་བཟོ་དགོས།ང་ཚོ་བོད་འདི་དེང་རབས་སུ་བསྒྱུར་དགོས་པ་དང་།གཞུང་ལམ་དང་བཟོ་གྲྭ་འཛུགས་སྐྲུན་བྱེད་པ།ཐོན་སྐྱེད་བྱེད་སྟངས་ཡང་དེང་རབས་ཀྱི་འཕྲུལ་ཆས་སུ་བསྒྱུར་རྒྱུ་དང་།འཛམ་གླིང་ནི་ཉིན་རེར་བཞིན་འགྱུར་ལྡོག་ཤིན་ཏུ་ཆེན་པོར་འགྲོ་བཞིན་ཡོད་སྟབས།ང་ཚོའི་རང་ཉིད་ལ་བསྒྱུར་བཅོས་མ་བྱས་ཚེ།རང་གིས་རང་ཉིད་རྩ་མེད་བཟོ་ངེས་ཡིན་པ་སོགས་དཔེ་མཚོན་མང་པོ་བཀོད་ནས་བཤད།ཡང་གླེང་མོལ་གྱི་སྐབས་ཤིག་གཡུ་ཐོག་གིས་ཕུན་དབང་ལགས་ལ།ཁྱོད་རང་ཆོས་པ་ཡིན་མིན་སྐོར་དྲིས་པར།ཕུན་དབང་ལགས་ནས།ངས་གཙོ་བོ་ཆོས་ཉམས་ལེན་བྱེད་ཀྱིན་མེད་ཀྱང་།དེ་ལ་ངོ་རྒོལ་ཡང་བྱེད་ཀྱི་མེད།ང་དང་ངའི་གྲོགས་པོ་ཚོས་དོ་སྣང་བྱེད་ས་གཙོ་བོ་དེ་མི་རིགས་དང་།འདྲ་མཉམ།དམངས་གཙོ་བཅས་ཀྱི་སྐོར་ཡིན་པ་སོགས་བཤད།
     དེ་ནས་སྤྱི་ལོ་1943ལོར་ལྷ་སར་སླེབས།སྐབས་དེར་ཆོལ་ཁ་གསུམ་གྱི་བོད་མི་ཚོར་གཅིག་མཐུན་གྱི་བསམ་བློ་མེད་པ་སྟེ།ལྷ་སར་ཡོད་པའི་ཁམས་པ་དང་ཨ་མདོའི་མི་རྣམས་བོད་གཞུང་ལ་ཡིད་ཆེས་མེད་པ་དང་།བོད་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ལས་སྣེ་ཚོར་ཡིད་ཆེས་བྱེད་ཀྱི་མེད་པ་བཅས་བོད་ཁུལ་ཡོངས་གཅིག་མཐུན་མིན་པའི་གནས་ཚུལ་ཆེས་ཧ་ཅང་རྙོག་འཛིངས་དང་ཡིད་སྐྱོ་བའི་གནས་སུ་གྱར་ཡོད།དེ་ནས་ལྷ་སར་ཟླ་ངོ་ཁ་ཤས་ལྷག་གི་རིང་ལ་སྐུ་དྲག་ནང་གི་ན་གཞོན་དང་ཤེས་ལྡན་མི་སྣ་བསམ་བློ་སྔོན་ཐོན་ཅན་སྐོར་ཞིག་ལ།ང་ཚོའི་བོད་ཀྱི་སྤྱི་ཚོགས་འདི་ཧ་ཅང་རྗེས་ལུས་ཡིན་པ་དང་།དེ་ངེས་པར་དུ་བཅོས་བསྒྱུར་དང་ལེགས་བཅོས་བྱ་དགོས་པའི་སྐོར་ཉིན་མང་པོར་ཕན་ཚུན་གླེང་མོལ་དང་གྲོས་བསྡུར་ཡང་ཡང་བྱས།མཇུག་མཐར་གྱི་གྲོས་དོན་སྙིང་པོ་ནི།གཅིགང་ཚོ་བོད་གཞུང་གི་དབང་ཆ་དེ།དབུས་ཁུལ་ནས་ཡིན་པའི་སྐུ་དྲག་གི་མི་རྒྱུད་ཁ་ཤས་དང་།སེར་མོ་བ་ཁ་ཤས་ཀྱི་སྒེར་གཅོད་བྱས་ན་མི་འགྲིག་པར།བོད་གཞུང་གི་ནང་སྐུ་ཚབ་ཇེ་མང་དུ་བཏང་སྟེ་བོད་ཀྱི་ས་ཁུལ་ཚང་མའི་ངོ་བོ་མཚོན་པའི་སྐུ་ཚབ་ངེས་པར་དུ་ཡོད་དགོས།ད་དུང་ཤེས་ཡོན་ཅན་མཁས་པ་དང་ལས་རིགས་མི་འདྲ་བའི་མི་སྣ་སོ་སོའི་ལས་སྣེ་པ་སྣ་ཚོགས་སོགས་མདོར་ན་བོད་མི་ཡོངས་ཀྱི་ངོ་བོ་མཚོན་པའི་སྲིད་གཞུང་ཞིག་ཡིན་དགོས།དེ་འདྲའི་སྲིད་གཞུང་གིས་ང་ཚོ་བོད་འདི་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་།བཟོ་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་གོང་དུ་སྤེལ་བ།ཚན་རིག་གི་ཤེས་བྱ་དང་འཕྲུལ་འཁོར་གྱི་རིགས་ལ་སློབ་སྦྱོང་བཅས་བྱས་ཏེ་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཆུད་པར་བྱས་ནས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དང་ལྷིང་འཇགས།མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་བཅས་སུ་བཏང་ནས་བོད་ལྗོངས་གསར་བ་ཞིག་འཛུགས་བསྐྲུན་བྱ་རྒྱུ་དེ་གཙོ་བོ་ཡིན།གཉིས།ཁམས་ཁུལ་དུ་འཇབ་དམག་གཡུལ་འགྱེད་རུ་ཁག་ཞིག་བཙུགས་ཏེ་ལིའུ་ཝན་ཧུའེ་དམག་ཤེད་ཅན་མཐར་སྐྲོད་བཏང་སྟེ་ཁམས་ཁུལ་སྲིད་གཞུང་ཞིག་འཛུགས་རྒྱུ་དང་།ཁམས་གསར་བ་དེ་ནི་བོད་གཞུང་གི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་བཅས་ཀྱི་ལས་དོན་དེ་གཉིས་ཡིན་པར་བསྟན།དེ་ནས་རླབས་ཆེན་གྱི་དམིགས་དབེན་འདི་དག་འགྲུབ་ཆེད་གསང་སྟབས་ཀྱིས་རྒྱ་གར་དུ་ཕེབས་ཏེ།དེ་གའི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་གསར་རྗེ་ཚོགས་པ་དང་འབྲེལ་ལམ་བཙུགས་པ་དང་།དེ་ནས་ཕྱིར་བོད་ལྗོངས་སུ་ཕེབས།གསར་རྗེ་ལས་དོན་གྱི་ཆེད་དུ་ཐེངས་འགར་ཁམས་ཁུལ་དང་རྒྱ་གར།བོད་ལྗོངས་བཅས་སུ་ཡང་ཡང་ཕེབས།
   སྤྱི་ལོ་1949ལོར་ཀྲུང་གུང་ཁམས་བོད་མཐའ་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་ཞེས་པའི་ཚོགས་པ་ཞིག་བཙུགས་ཤིང་།ཚོགས་པ་དེའི་བསྡུས་མིང་ལ་འབའ་ཐང་གི་གསང་བའི་ཏང་ཟེར།ཕུན་དབང་ལགས་ནས་ཚོགས་པ་དེའི་དྲུང་ཡིག་ཆེན་མོའི་འགན་ཁུར།ཁོང་གིས་སྔོན་མ་ནས་བོད་རིགས་ཡོངས་རྫོགས་སམ་མ་མཐའ་ཡང་ཁམས་ཁུལ་ཡོངས་གཅིག་ཏུ་སྒྲིལ་བའི་གཞུང་གསར་པ་ཞིག་འཛུགས་རྒྱུའི་བསམ་པ་དེ་ལེགས་འགྲུབ་བྱུང་།དེ་ནི་ཨུ་རུ་སུ་དང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱབ་སྐྱོར་འོག་ལེགས་འགྲུབ་བྱུང་བ་ཞིག་རེད།ཨུ་རུ་སུ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་པ་གཉིས་གའི་ཁྲིམས་ཐོག་ནས་མི་རིགས་འདྲ་མཉམ་ཡིན་པ་ཁས་ལེན་པ་དང་།མི་རིགས་ཚང་མར་མིང་དོན་མཚུངས་པའི་ས་ཁོངས་རང་སྐྱོང་གི་དབང་ཆ་ཡོད་པ་ཡང་ཁས་ལེན་བྱེད་ཀྱིན་ཡོད།དེ་བས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ཀྱི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བར་ཡིད་ཆེས་བཅིངས།དེ་ནས་མི་མང་དང་དམིགས་བསལ་གྱི་སློབ་མའི་ཁྲོད་ནས་ཡིད་ཆེས་དང་བློས་གཏོང་ཐུབ་མཁན་གྱི་རྒྱབ་སྐྱོར་རྟེན་གཞི་ཞིག་བསྐྲུན་རྒྱུ་དེ་ནི་གལ་ཆེ་བ་དང་།དེ་སྒྲུབ་པའི་ཆ་རྐྱེན་དུ། “བོད་ཤར་རྒྱུད་དམངས་གཙོ་གཞོན་ནུའི་མནའ་འབྲེལ་”ཞེས་པའི་ཚོགས་པ་ཞིག་ཀྱང་བཙུགས།ཕུན་དབང་ལགས་ནས་ཚོགས་གཙོའི་འགན་འཁུར།དེ་ནས་མི་རིང་བར་ས་གནས་ཡུལ་དམག་དང་།དགོན་སྡེ།མི་དྲག་གི་རྒྱུད་འཛིན་པ།གྲྭ་པ་མང་པོ་བཅས་གཞོན་ནུའི་མནའ་འབྲེལ་ཚོགས་པའི་གྲས་སུ་ཞུགས།ལས་དོན་མཐའ་དག་མགྱོགས་པོར་ལེགས་འགྲུབ་བྱུང་སྟབས་སྡེ་དགེ་དང་།ལི་ཐང་།དར་རྩེ་མདོ་བཅས་ཀྱི་གྲོང་བརྡལ་རྣམས་སུའང་གཞོན་ནུའི་མནའ་འབྲེལ་ཚོགས་པའི་ཡན་ལག་བཙུགས།དུས་མཚུངས་སུ་པེ་ཅིན་དུ་མའོ་ཙེ་ཏུང་དང་།ཀྲུའུ་ཏེ་གཉིས་ལ་ཏར་འཕྲིན་བཏང་སྟེ།བོད་རིགས་གུང་ཁྲན་ཏང་གི་ཚོགས་པའི་ལོ་རྒྱུས་མདོར་བསྡུས་དང་།དེ་བཞིན་ཁྲུང་ཆིན་དུ་གུང་ཁྲན་ཏང་གི་ཚོགས་པའི་དབར་འབྲེལ་བ་ཇི་བྱུང་།འབའ་ཐང་ནང་གི་ད་ལྟའི་གནས་སྟངས་བཅས་ཞིབ་གསལ་བརྗོད།
སྤྱི་ལོ་1950ལོའི་ལོ་འགོར་པེ་ཅིན་ནས་ཏར་འཕྲིན་ཞིག་འབྱོར།ཏར་འཕྲིན་ནང་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་ཆེན་མོ་ཀྲུའུ་ཏེ་ཡིས།ཁྲུང་ཆིན་བཅིངས་འགྲོལ་བཏང་ཚར་བས་ཕུན་དབང་ལམ་སེང་དེར་བསྐྱོད་དེ།ཏེང་ཞའོ་ཕིན་དང་།ལིའུ་པོ་ཁྲེང་ལ་ཁྱོད་ཚོའི་གནས་སྟངས་སྙན་ཞུ་འབུལ་དགོས་ཞེས་སློབ་སྟོན་གནང་ཡོད།དེ་ནས་གནམ་གྲུར་བསྡད་དེ་ཁྲུང་ཆིན་དུ་ལྷོ་ནུབ་ཅུད་ཀྱི་ཆེས་མཐོའི་ལས་བྱེད་དང་།བོད་བཅིངས་འགྲོལ་གཏོང་རྒྱུའི་འགན་ཁུར་མཁན་ཏེང་ཞའོ་ཕིན་དང་།ལིའུ་པོ་ཁྲེང་།ཧོ་ལུང་བཅས་ལ་མཇལ།དེ་ནས་ཁོ་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་མི་དམངས་བཅིངས་འགྲོལ་དམག་གཏོང་རྒྱུའི་གཏན་འཁེལ་ཚར།ལྷོ་ནུབ་ཅུད་ཀྱི་དམག་སྡེ་ཨང་བཅོ་བརྒྱད་པ་ཐེངས་འདིའི་བཅིངས་འགྲོལ་དམག་གཏོང་རྒྱུའི་རྩ་བའི་ལས་འགན་ཡོད་ཚུལ།བོད་ཞི་བས་བཅིངས་འགྲོལ་གཏོང་ཐུབ་མིན་ཐད་ཁྱོད་ལ་བསམ་ཚུལ་གང་ཡོད་མིན་བཅས་དྲིས་བྱུང་བར།ཕུན་དབང་ལགས་ནས།བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད།དྲག་ཤུགས་བེད་སྤྱོད་བཏང་ན།དེས་བོད་རིགས་དང་རྒྱ་རིགས་དབར་ཞེ་འཁོན་གཏིང་ཟབ་མོ་ཞིག་ཆགས་པ་དང་།ད་དུང་དམག་དཔུང་འབོར་ཆེན་འཁྲིད་པ་ཡིན་ན།བོད་ཡུལ་ནི་ལུང་པ་སྐྱོ་ཤས་ཡིན་པས་དེང་རབས་ཀྱི་འཕྲུལ་འཁོར་སྐྱེལ་འདྲེན་གྱི་གཞུང་ལམ་མེད་པ་དང་།དམག་རྒྱགས་དང་མཁོ་སྤྲོད་བཅས་ལ་དཀའ་ཁག་ཧ་ཅང་ཆེ་བ་སོགས་བརྗོད།དེ་གར་ཏེང་ཞའོ་ཕིན་ལ་ཐེངས་འགར་གླེང་མོལ་བྱུང་བ་དང་།གྲངས་ཉུང་མི་རིགས་སྐོར་གྱི་དཔེ་དེབ་མང་པོ་དང་ནང་ཁུལ་གྱི་ཡིག་ཆ་མང་པོ་ཡང་བསྟན་བྱུང་།དེ་བས་བཅིངས་འགྲོལ་དམག་མི་དང་ཏང་ཡོན་མཐོ་རིམ་ལས་བྱེད་གཞན་དག་དང་གླེང་མོལ་སྦ་གསང་མེད་པར་བྱེད་པའི་གོ་སྐབས་ཀྱང་ཐེངས་འགའ་ཐོབ།ཉིན་ཞིག་ཏེང་ཞའོ་ཕིན་གྱིས་ཕུན་དབང་ལགས་ལ།ལྷོ་ནུབ་དམག་ཁུལ་ཁང་བོད་ལས་དོན་ཚོགས་ཆུང་གི་འགོ་འཛིན་དབང་ཆ་སྤྲད་དེ།སྤྱི་ཡོངས་ནས་བོད་རྒྱའི་དབར་གྱི་འབྲེལ་ལམ་བཟང་པོ་རྒྱུན་གནས་ཡོང་བའི་འགན་ཁྱེད་ཀྱི་ཁུར་དགོས་པར་བརྟེན།ཁྱེད་ཀྱི་ལས་འགན་ནི་གཙོ་གནད་ཅིག་རེད་ཅེས་བརྗོད།མི་དམངས་བཅིངས་འགྲོལ་དམག་གིས་ཆབ་མདོ་དྲག་ཤུགས་ཀྱིས་བླངས་རྗེས།དེ་གར་ལྷ་ཀླུའི་ཚབ་ཏུ་བསྐོས་མ་ཐག་པའི་མདོ་སྤྱི་(བཀའ་བློན་)ང་ཕོད་ཚུད་པའི་བོད་རིགས་འགོ་བ་རྣམས་འཛིན་བཟུང་བྱས།ཆབ་མདོ་བཅིངས་འགྲོལ་བཏང་བའི་ཉིན་བཅུ་གསུམ་གྱི་རྗེས་ནས་ཕུན་དབང་ལགས་ཆབ་མདོར་བསྐྱོད་དེ།དེ་གར་འཛིན་བཟུང་བྱས་པའི་བོད་རིགས་འགོ་བ་རྣམས་དང་ཀྲུང་དབྱང་སྲིད་གཞུང་བར་འབྲེལ་ལམ་བཙུགས།དེ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གླེང་མོལ་བྱེད་ཆེད།ང་ཕོད་ཚུད་པའི་བོད་རིགས་འགོ་བ་རྣམས་དང་མཉམ་དུ་མེ་འཁོར་ལ་བསྡད་ནས་པེ་ཅིན་དུ་ཕེབས།པེ་ཅིན་དུ་ཁོ་ཚོ་ལ་བསུ་བ་གཟབ་རྒྱས་བྱས་པ་སྟེ།ཆེས་མཐོའི་འགོ་ཁྲིད་ལས་བྱེད་དང་མི་རིགས་མི་འདྲ་བའི་མི་སྣ་སུམ་བརྒྱ་ལྷག་དང་མཉམ་དུ།ཀྲོའུ་ཨེན་ལའེ་ཙུང་ལི་སྐུ་དངོས་སུ་མེ་འཁོར་འབབས་ཚུགས་སུ་ཕེབས་ཏེ།བོད་ཀྱི་སྐུ་ཚབ་རྣམ་པར་ཕེབས་བསུ་ཞུས།དེ་སྔ་མའོ་ཀྲུའུ་ཞིས་བོད་ཀྱི་ལས་དོན་ལ་སྔ་མོ་ནས་གལ་ཆེ་བའི་མཛུབ་སྟོན་གནང་མྱོང་བ་སྟེ། “བོད་ཀྱི་ལས་དོན་གྱི་གནད་འགག་ནི་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བཟང་པོ་ཞིག་བྱེད་རྒྱུ་དེ་རེད་”ཅེས་གསུངས་ཡོད།དེ་ནས་ཀྲུང་དབྱང་དང་བོད་ལྗོངས་ཀྱིས་《བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་》ལ་མིང་ཐོ་བཀོད།ཕུན་དབང་ལགས་ནི་སྐབས་དེར་གྲོས་མོལ་ལ་དངོས་སུ་ཞུགས་མཁན་དང་།བདེན་དཔང་པ་ཡིན།སྐབས་དེར་མའོ་ཀྲུའུ་ཞིས་ཚིག་ཉུང་དོན་འདུས་ངང་གསུངས་དོན། “དེ་རིང་ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་རེད།ཁྱིམ་ཚང་ནང་གི་ལས་དོན་གླེང་མོལ་བྱས་ནས་བསྒྲུབ་ན་ཡག་པོ་འབྱུང་”ཞེས་གསུངས།མིང་རྟགས་བཀོད་རྗེས་ཀྲུང་དབྱང་གིས་གྲོས་མཐུན་ལེགས་འགྲུབ་བྱུང་བར་དགའ་སྟོན་རྟེན་འབྲེལ་གྱི་གསོལ་སྟོན་བཤམས་པར།དམག་སྤྱི་ཆེན་མོ་ཀྲུའུ་ཏེ་འདུས་པའི་མི་སུམ་བརྒྱ་ལྷག་གསོལ་སྟོན་ལ་ཕེབས།གསོལ་སྟོན་འགོ་ཚུགས་རྗེས་རླིས་འུས་ཧན་ཡར་ལངས་ནས།ལག་ཏུ་ཆང་ཤེལ་ཕོར་གང་བཟུང་སྟེ་ལེགས་ཆང་འདྲེན་བཞིན་པར་“འདི་བློ་མཐུན་ཕུན་དབང་ལགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་པའི་ལས་དོན་ནང་།མཛད་རྗེས་གལ་ཆེན་བཞག་པར་ཁོང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་”ཞེས་གསུངས།
     སྤྱི་ལོ་1951ལོར་དམག་སྡེ་ཨང་བཅོ་བརྒྱད་པའི་གཙོ་ཤུགས་དམག་དཔོན་ཀྲང་གོ་ཧྭ་ཡི་སྣེ་ཁྲིད་འོག་ལྷ་སར་ཕེབས་ཏེ་བོད་ཀྱི་ལས་དོན་མཐའ་དག་སྒྲུབ་པའི་ལས་དོན་ནང་ཞུགས།སྐབས་དེར་པཎ་ཆེན་རིན་པོ་ཆེའི་ལས་སྣེ་པ་ཚོས།ཁོ་ཚོ་ནི་ཏཱ་ལའི་བླ་མའི་གཞུང་དང་ཚད་མཉམ་པ་ལས།དེའི་དབང་འོག་མིན་པའི་རང་དབང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།ཏཱ་ལའི་བླ་མའི་ཕྱོགས་ནས།ལྷ་སར་ཆགས་པའི་བོད་སྲིད་གཞུང་ནི་པཎ་ཆེན་རིན་པོ་ཆེ་འདུས་པའི་བོད་ཡོངས་རྫོགས་ཀྱི་གཞུང་སྲིད་འཛིན་མཁན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།གནད་དོན་འདི་ཞིབ་འཇུག་བྱེད་ཆེད་པེ་ཅིན་དུ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ཟླ་ངོ་ཁ་ཤས་ལ་རྩོད་གླེང་བྱས་མཐར།ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་ངོ་མས་བོད་ནང་ཏཱ་ལའི་བླ་མའི་གནས་བབ་ནི་བླ་ན་མེད་པ་ཡིན་པ་དང་།པཎ་ཆེན་རིན་པོ་ཆེ་ནི་ཁོང་གི་གཤམ་འོག་ཡིན་པའི་ཐག་གཅོད་གནང་སྟེ་གནད་དོན་ཞི་འཇགས་བྱས།
   སྤྱི་ལོ་1954ལོར་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་རྒྱལ་ཡོངས་མི་དམངས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡིན་པའི་མིང་ཐོག་ནས།པེ་ཅིན་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཕེབས་པ་དང་།ཞོར་དུ་ནང་ལོགས་ཀྱི་ས་ཁུལ་འགའ་ལ་བལྟ་གཟིགས་སུ་ཕེབས་རྒྱུར་གཏན་འཁེལ་བྱས།དེ་ནས་གོང་ས་རྣམ་གཉིས་པེ་ཅིན་དུ་ཚོགས་འདུར་ཕེབས་པར་མེ་འཁོར་འབབས་ཚུགས་སུ་སླེབས་པ་ན།ཀྲོའུ་ཙུང་ལི་དང་ཀྲུའུ་ཏེ་གཉིས་གཙོ་ཡིན་པའི་ཀྲུང་དབྱང་འགོ་ཁྲིད་དག་གིས་བསུ་མ་བྱས།ཉིན་གསུམ་གྱི་རྗེས་སུ་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཆེད་དུ།ཀྲུང་དབྱང་གིས་ཚོགས་འདུ་གལ་ཆེན་ཞིག་ཚོགས་ཏེ།ཚོགས་འདུ་དེར་མའོ་ཙེ་ཏུང་དང་།ལིའུ་ཧྲའོ་ཆི།ཀྲོའུ་ཨེན་ལེ།ཀྲུའུ་ཏེ།ཏེང་ཞའོ་ཕིན་བཅས་ཕེབས་ཡོད་པ་དང་།ཕུན་དབང་ལགས་ནས་སྐད་བསྒྱུར་བྱས།ཚོགས་འདུ་དེར་མའོ་ཙེ་ཏུང་གཅིག་པུས་བཀའ་མོལ་གནང་སོང་བར།མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ཉིད་པེ་ཅིན་ལ་ཐོག་མར་ཕེབས་པར་ཧ་ཅང་དགའ་བོ་བྱུང་ལུགས་གསུངས་ཏེ།རྒྱ་རིགས་དང་བོད་རིགས་དབར་གྱི་འབྲེལ་ལམ་ནི་ཧ་ཅང་གལ་ཆེན་པོ་རེད།མ་འོངས་པར་ཀྲུང་དབྱང་གིས་བོད་ཡར་རྒྱས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད་རོགས་སྐྱོར་ཤུགས་ཆེ་བྱ་རྒྱུ་ཡིན་ཞེས་གསུངས།ཏཱ་ལའི་བླ་མ་མཆོག་གིས་དེའི་ལན་དུ་མའོ་ཙེ་ཏུང་ལ།ཁོང་པེ་ཅིན་དུ་ཕེབས་ཐུབ་པར་མཉེས་པོ་བྱུང་ཚུལ་གསུངས་པ་དང་།སྔོན་མ་ཁོང་གིས་རྒྱ་རིགས་ཀྱི་གནས་སྟབས་དངོས་གནས་མ་མཁྱེན་སྟབས།རྒྱ་གར་དང་ས་འབྲེལ་ཡིན་པའི་གྲོ་མོར་བསྐྱོད་དེ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་བསྐྱོད་རྒྱུའི་བསམ་བློ་བཏང་བ་ཡིན།འོན་ཀྱང་ཀྲང་ཅིན་ཝུའུ་སླེབས་པར་བརྟེན།བདག་གིས་རིམ་པར་ཁྱོན་ཡོངས་ཀྱི་གནས་སྟངས་མང་ཙམ་མཁྱེན་རྟོགས་ཐུབ་པ་བྱུང་ཞིང་།ད་ལྟ་བདག་མའོ་ཉིད་དང་འགོ་ཁྲིད་གཞན་དག་ལ་མཇལ་རྒྱུའི་གོ་སྐབས་བྱུང་བར་མཉེས་པོ་བྱུང་ལུགས་གསུངས།དེ་ལྟར་བཀའ་མོལ་ལྷུག་པོར་གནང་བཞིན་པའི་མུར་མའོ་ཙེ་ཏུང་གིས་ཕུན་དབང་ལ་མཛུབ་མོ་ཐེངས་ཁ་ཤས་བཙུགས་ཏེ་གོང་ས་ཏཱ་ལའི་བླ་མ་མཆོག་ལ།ཁོང་ནི་བོད་མིའི་ཁྲོད་ཀྱི་མི་ཡག་པོ་ཞིག་ཡིན་ལུགས་གསུངས་སོང་།གསུང་མོལ་ཆུ་ཚོད་གཅིག་ཙམ་ལ་གནང་རྗེས་མའོ་ཙེ་ཏུང་དང་འགོ་ཁྲིད་གཞན་རྣམས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཁང་བའི་ཕྱིར་ཕེབས་ཏེ།མའོ་ཙེ་ཏུང་སྐུ་ངོ་མས་ཏཱ་ལའི་བླ་མའི་རླངས་འཁོར་གྱི་ཕེབས་སྒོ་ཕྱེ་གནང་མཛད།མཇལ་མོལ་གྱི་སྐབས་མའོ་ཀྲུའུ་ཞི་ཐུགས་ཧ་ཅང་མགུ་བོ་བྱུང་འདུག་སྟེ།ཁོང་གིས་ཏཱ་ལའི་བླ་མ་མཆོག་གི་ཕྱག་དཀྲུག་དཀྲུག་གནང་བཞིན་“ཁྱེད་རང་པེ་ཅིན་ལ་ཕེབས་པ་འདི་ནི།རང་ཉིད་ཀྱི་ཁྱིམ་ཚང་དུ་ཕེབས་པ་དང་གཅིག་པ་རེད།ཁྱེད་རང་གིས་ང་དང་ག་དུས་འཕྲད་འདོད་བྱུང་ནའང་ཞལ་པར་གནང་རོགས།ཁྱེད་རང་ངའི་སྡོད་གནས་སུ་ག་དུས་ཕེབས་འདོད་བྱུང་ནའང་ཕེབས་ན་འགྲིག་གི་རེད།འཚེར་སྣང་དགོས་པ་མ་རེད།ཁྱེད་རང་ལ་ཐུགས་མཁོ་ག་རེ་ཡོད་ནའང་།ང་ལ་ཐད་ཀར་གསུངས་རོགས་”ཞེས་གསུངས།དེ་ནས་ཏཱ་ལའི་བླ་མ་མཆོག་དང་ཕུན་དབང་བཅས་རླངས་འཁོར་ལ་བསྡད་དེ་བཞུགས་གནས་སུ་ཕེབས་སྐབས།གོང་ས་མཆོག་ཐུགས་ཧ་ཅང་མཉེས་པའི་ངང་ཕུན་དབང་ལ་ཕྱག་དམ་པོར་འཇུས་སྟེ། “ཕུན་དབང་ལགས།དེ་རིང་དོན་དག་ཚང་མ་ཤིན་ཏུ་ཡག་པོ་བྱུང་སོང་།མའོ་ཙེ་ཏུང་ནི་གཞན་དག་དང་མི་འདྲ་བའི་རླབས་ཆེན་གྱི་མི་ཞིག་རེད་འདུག་”ཅེས་གསུངས་སོང་།ཕུན་དབང་གི་སེམས་ལའང་གནད་འགག་ཆེ་བའི་ཐོག་མའི་མཇལ་མོལ་འདི་དེ་འདྲའི་ཡག་པོ་བྱུང་བར་དགའ་བོ་བྱུང་བ་དང་།ཁོང་གིས་བོད་ཀྱི་ཆེད་དུ་བཅངས་པའི་རེ་བ་རྣམས་ཡང་འདི་ལ་རག་ལས་ཡོད།དེ་ནས་མི་དམངས་འཐུས་མིའི་ཚོགས་ཆེན་གྲོལ་རྗེས།གོང་ས་རྣམ་གཉིས་རྒྱལ་ནང་གི་གྲོང་ཁྱེར་ཁག་ལ་གཟིགས་བསྐོར་དུ་ཕེབས་ཤིང་།དེ་ནས་ཕྱིར་ལྷ་སར་ཕེབས།
       མ་ཉེས་ཁག་གཡོགས་ཀྱི་མི་ལོ་བཅོ་བརྒྱད་རིང་བཙོན་དོང་དུ་བཅུག་པ།
    སྤྱི་ལོ་1957ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རྗེས།ཝང་ཧྥེང་གིས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོར་ཟླ་བདུན་པའི་ནང་ཆིན་ཏའོ་ཚོགས་འདུ་སྐོང་ཚོགས་བྱས་ཏེ།གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོར།གྲངས་ཉུང་མི་རིགས་ས་ཁུལ་གྱི་ལས་དོན་ཐད་རང་ཉིད་ལ་བསམ་འཆར་དང་རེ་བ་གང་ཡོད་དྲང་བོར་བཤད་ན་འགྲིགཁྱེད་རང་ཚོའི་སེམས་ཁྲལ་བྱེད་མི་དགོས་ཞེས་སོགས་བརྗོད།དེ་ནས་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོས་རང་ཉིད་ཀྱི་བསམ་འཆར་གང་མང་བརྗོད་པ་དང་།ཕུན་དབང་ལགས་ནས་ཆབ་མདོ་དང་སྡེ་དགེ་ལ་སོགས་པའི་ཁམས་ཁུལ་གྱི་གནད་དོན་མང་པོ་དང་།ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་བྱེད་ཕྱོགས་སྐོར་གྱི་གནད་དོན།བོད་ལྗོངས་ཀྱི་ལས་དོན་བཅས་ལ་རང་ཉིད་གྱི་བསམ་འཆར་མང་དུ་བཏོན།དེ་ནས་སྤྱི་ལོ་1958ལོར་ཚོགས་འདུ་ཞིག་ཚོགས་པར་ཀྲང་ཅིན་ཝུའུ་དང་།ཀྲང་གོ་ཧྭ།ལིའུ་ཁྲུན་བཅས་ཕེབས་ཡོད།ཕུན་དབང་ལགས་ཀྱང་ཚོགས་འདུ་དེ་ལ་ཞུགས།དེ་ནས་ཐོག་མར་ཀྲང་ཅིན་ཝུའུ་ཡིས་སྐད་ཆ་བཤད་པར།ཕུན་དབང་ལགས་ལ་“ཁྱེད་རང་གིས་ཤེས་གསལ་ལྟར་ང་ཚོས་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད།ཁྱེད་ཀྱིས་ས་གནས་མི་རིགས་རིང་ལུགས་ཀྱི་བསམ་བློ་བཅངས་པ་མཚོན་པའི་ལས་ཀ་བྱས་པ་དང་སྐད་ཆ་བཤད་མྱོང་ཡོད།ཁྱེད་རང་བོད་རིགས་འགོ་འཁྲིད་ལས་བྱེད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཀྲུང་དབྱང་གིས་ཁྱེད་རང་བོད་ནང་ལས་ཀ་བྱེད་མཚམས་བཞག་སྟེ།པེ་ཅིན་ལ་བསྐོངས་ན་ལེགས་པའི་ཐག་གཅོད་བྱས་པ་རེད།ཁྱེད་རང་གི་ལས་འགན་གསར་པ་ནི།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཚན་པའི་འགན་འཛིན་གཞོན་པ་བྱ་རྒྱུ་དེ་ཡིན།ཡིན་ནའང་ཁྱེད་རང་གིས་ད་ཆ་རང་ལ་ལས་འགན་གཉིས་ཡོད་བསམས་དགོས།གཅིག་ནི་ཁྱེད་རང་གི་ལས་དོན་བསྒྲུབ་རྒྱུ་དེ་རེད།གཉིས་ནི་ཁྱེད་རང་གི་བསམ་བློ་གཙང་སེལ་བྱ་རྒྱུ་དེ་རེད་”ཞེས་བཤད།ད་དུང་ཀྲང་ཅིན་ཝུའུ་ཡིས་“ཕུན་དབང་།ན་ནིང་ཆིན་ཏའོ་ཚོགས་འདུར་ཁྱོད་ཀྱིས་སྡེ་དགེ་ཆབ་མདོའི་ཁོངས་གཏོགས་ཤིག་བྱ་རྒྱུར་མོས་མཐུན་བྱས་པ་རེད།འདི་ཁྱོད་ཀྱིས་བསམ་བློ་གཏོང་དགོས་པའི་གལ་ཆེའི་གནད་དོན་ཞིག་རེད་”ཅེས་ཟེར།ཀྲང་གོ་ཧྭ་ཡིས་“ཕུན་དབང་།བཅིངས་འགྲོལ་དམག་བོད་དུ་དཔུང་བསྐྱོད་བྱེད་སྐབས།ཁྱོད་ཀྱིས་དེབ་མང་པོ་མཉམ་དུ་འཁྱེར་ཡོད་པ་རེད།དེའི་ནང་ལེ་ཉིན་གྱིས་བརྩམས་པའི་མི་རིགས་རང་ཐག་རང་གཅོད་ཀྱི་རྣམ་བཤད་ཅེས་པ་དེ་ཡང་འཁྱེར་ཡོད།འདིའི་ཐད་ལའང་ཁྱོད་རང་བསམ་བློ་གཏོང་དགོས་ས་གལ་ཆེན་རེད་”ཞེས་ཟེར།དེ་ལྟར་ཕུན་དབང་ལགས་ཀྱི་ལས་དོན་ལ་ཁོ་ཚོ་གོ་ནོར་ཐེབས་སྟེ་མ་ཉེས་ཁག་གཡོགས་ཀྱི་སྐྱོན་འདོགས་མང་དུ་བྱས་ཏེ།ས་གནས་མི་རིགས་རིང་ལུགས་པའི་ཞྭ་མོ་གཡོགས་ནས་སྤྱི་ལོ་1960ལོའི་ཟླ་བརྒྱད་པ་ནས་—སྤྱི་ལོ་1978ལོའི་ཟླ་བཞི་པའི་བར་སྟེ་མི་ལོ་བཅོ་བརྒྱད་རིང་ཁོང་ཉིད་གཅིག་པུར་ཁེར་རྐྱང་གི་བཙོན་ཁང་དུ་བཅུག་སྟེ་མི་སྤྱོད་ལས་འདས་པའི་མནར་སྤྱོད་ཚད་མེད་པ་བཏང་བ་ཡིན་ནོ།།དེ་ནས་ཆིང་མཁར་བཙོན་ཁང་དུ་སྙན་རྩོམ་ཞིག་བྲིས་པ་ནི།
“ཉི་གཞོན་འོད་ཐིག་ལྕགས་ཕྲའི་གསེབ་ནས་འཕྲོས།།
མདངས་ཀྱི་ལྷག་མ་ལྕགས་སྒོའི་ངོགས་སུ་གསལ།།
ཉམ་ངའི་བཙོན་ཁང་སྒོ་ལྕགས་མདོ་སྦུག་མནན།།
གཅིག་པུར་གྱང་ལ་མི་ལོ་བཅོ་བརྒྱད་བལྟས།།
ཚ་གདུང་གྲང་ངར་མྱངས་ཟིན་སླར་ཡང་མྱོང་།།
དཔྱིད་ཀྱི་མེ་ཏོག་སྟོན་གྱི་ཟླ་བ་རྣམས།།
ལྕགས་རི་མཐོན་པོའི་ཕྱི་རོལ་ཕ་གིར་ཡོད།།
གླིང་འདིར་ཁྲིམས་གཅོད་གཏོང་ཐབས་རྣམ་གྲངས་མང་།།
བློ་ལྡན་རྣམས་ལ་སྔར་ནས་གནོད་ཅིང་འཚེར།།
སྡུག་ཡུལ་ལས་ངན་བདག་ལ་བཀའ་དྲིན་ཆེ།།
ཐོས་བསམ་འབད་པ་བསྐྱེད་པས་གོ་རྟོགས་རྙེད།།
དེ་ཡིས་རང་གཞན་གཉིས་ཀར་རྒྱུས་ཡོད་དང་།།
དངོས་པོ་ཀུན་གྱི་ཇི་ལྟའི་གནས་ལུགས་ཤེས།།
སྡུག་བསྔལ་ཁྲོད་ནས་བདེ་བ་འཚོལ་ནས་སུ།།
བདེ་བའི་སེམས་ཀྱིས་སྡུག་བསྔལ་གཞོམ་པར་བྱེད།།
དཀའ་ཡང་སྐྱིད་པའི་འབྲས་བུ་ལག་ཏུ་ལོན།།
ང་ནི་རང་དབང་ཆེད་དུ་རང་དབང་ཤོར།།
རང་དབང་མེད་ཀྱང་རང་དབང་ཡིན་པར་ཚོར།།ཞེས་པའོ།།
    དེ་ནས་སྤྱི་ལོ་1978ལོའི་ཟླ་བཞི་པའི་ནང་པེ་ཅིན་ཆིང་མཁར་གྱི་བཙོན་ཁང་ནས་གློད་གྲོལ་བྱས་པའི་ཉིན་དེ་ནས་སི་ཁྲོན་གྱི་ཙི་ཀུང་ལ་བསྐྱལ་ཏེ་སྡོད་དུ་བཅུག
       བཙོན་གྲོལ་ཐོབ་ནས་གོ་གནས་བསྐྱར་གསོ་དང་མུ་མཐུད་ལས་དོན་ནང་ཞུགས་པ།
    སྤྱི་ལོ་1979ལོའི་ཟླ་གཉིས་པར་པེ་ཅིན་དུ་ཕེབས།1980ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྟེགས་བུའི་ཐོག་བློ་མཐུན་ཏན་ཞའོ་ཕུན་ཁོང་གི་ལག་པ་ལ་དམ་པོར་འཇུས་ཏེ།      ཁྱེད་ཀྱིས་དཀའ་སྡུག་ཆེན་པོ་མྱངས་སོང༌།   ཁྱེད་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དེ་རྦད་དེ་ནོར་འཁྲུལ་རེད།    ཅེས་གསུངས་བ་དང༌།   དེ་མུར་སྐབས་དེའི་སྤྱི་ཁྱབ་སྲིད་འཛིན་ཧུའུ་ཡའོ་པང་ནས་ཀྱང༌།    དེ་རིང་ཁྱེད་རང་གི་མཚན་སྙན་སླར་གསོ་བྱས་པ་ཡིན་ཅེས་དཀར་འདོན་གནང་། 
     ཟླ་གསུམ་པའི་ནང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་སྡེ་ཚན་གྱི་འགན་འཛིན་པས་གོང་ས་མཆོག་གི་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་རྒྱལ་ནང་དུ་གཟིགས་སྐོར་ལ་ཕེབས་ཡོད་པས།ཁྱེད་རང་ངེས་པར་ཐུག་དགོས་ཡོད་ཟེར་བ་ལྟར་མཇལ་འཕྲལ་གནང་།དེ་ནས་ཡུན་རིང་མ་འགོར་བར་པཎ་ཆེན་རིན་པོ་ཆེ་ཡང་ཁོང་ལ་གཟིགས་པར་ཕེབས་ཏེ་བཀའ་མོལ་ཡུན་རིང་བྱུང་།པཎ་ཆེན་རིན་པོ་ཆེ་ནས།ཕུན་དབང་ལགས་འཚོ་རྟེན་སྐྱོ་བོའི་འོག་གནས་པ་གཟིགས་རྗེས། “ངའི་གྲོགས་པོ།ངེད་གཉིས་ཀྱིས་ང་ཚོའི་མི་རིགས་ལ་ཕན་འདོགས་བྱེད་འདོད་བཅངས་པའི་རྒྱུ་མཚན་གྱིས།ངེད་གཉིས་ཀ་ལོ་མང་པོ་བཙོན་ཁང་དུ་བཅུག་པ་རེད།ཁྱེད་ཀྱིས་ལོ་ངོ་བཅོ་བརྒྱད་རིང་བཙོན་ཁང་ནང་བསྐྱལ་བ་དང་།ང་རང་ལོ་བཅུ་ལྷག་ལ་བཀག་ཉར་བྱས་བྱུང་།ངེད་གཉིས་ཀྱིས་ང་ཚོའི་མི་རིགས་ཀྱི་ལས་དོན་བསྒྲུབས་པ་ཁོ་ན་ལས།ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱེད་མ་མྱོང་།ང་གློད་གྲོལ་བྱས་མ་ཐག་ཡིན་པས་དབང་ཆ་མེད།དེར་བརྟེན་ཁྱེད་ལ་ཆབ་སྲིད་ཀྱི་རོགས་རམ་བྱ་རྒྱུ་དཀའ་ལས་ཁག་པོ་འདུགའོན་ཀྱང་འཚོ་བའི་ཐད་ནས་ཁྱེད་རང་ལ་ག་རེ་དགོས་ནའང་ངས་རོགས་རམ་བྱས་ཆོགརྗེས་མ་གནས་སྟངས་ལེགས་སུ་སོང་མཚམས།ངས་ཁྱེད་ལ་རོགས་རམ་དེ་བས་མང་བ་བྱས་ཆོག་”ཅེས་གསུངས།
    སྤྱི་ལོ་1980ལོའི་ཟླ་བཞི་བའི་ནང་ཡང་ཅིན་རེན་གྱིས།གཞུང་འབྲེལ་ཐོག་ནས་ཁོང་གི་གོ་གནས་མཐའ་དག་བསྐྱར་གསོ་བྱས་པའི་བརྡ་ལན་སྤྲད།དེར་བརྟེན་ཁོང་ལ་སྔོན་ཉེས་འཛུགས་བྱས་པ་མཐའ་དག་རྩིས་མེད་དུ་བཏང་ཞིང་།ཏང་ནང་གི་གནས་བབ་དང་།སྲིད་གཞུང་གི་ལས་བྱེད་པའི་གོ་གནས་མཐའ་དག་བསྐྱར་གསོ་བྱས།
           1980ལོ་ནས་སྐབས་ལྔ་བ་དང་དྲུག་པ།      བདུན་པ་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་འི་ཨུ་ཡོན་དང༌།      རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་སོགས་ལ་བདམས།     ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་མཚན་ཉིད་རིག་པའི་རབ་འབྱམས་པའི་སློབ་མའི་སློབ་སྟོན་པ་སོགས་ཀྱི་འགན་བཞེས་མྱོང༌།      ཏུན་ཞའོ་ཕུན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བའི་འོག་རང་མི་རིགས་ཀྱི་ཁེ་དབང་ལ་རྩ་ཁྲིམས་ཀྱི་འགན་སྲུང་ཡོང་ཆེད་གོང་རིམ་ལ་སྙན་ཞུ་དང་བསམ་ཚུལ།      གྲོས་འདོན་གནང་སྟེ་མི་རིགས་ལ་ཤ་ཞེན་རུས་ཞེན་གྱི་སྒོ་ནས་ཕན་འབྲས་ལྡན་པའི་བྱ་བ་མང་དུ་སྒྲུབ།    ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་བསྐྱར་བཅོས་སྐོར་གྱི་ཚོགས་འདུ་ཞིག་ཚོགས་རྒྱུ་གཏན་འཁེལ་བར།ཁོང་གིས་རྩ་ཁྲིམས་བསྐྱར་བཅོས་སྐོར་གྱི་གྲོས་གཞི་རྣམས།དོན་ཚན་ཁག་གི་རིམ་པར་བསྒྲིགས་ཏེ་ཁ་བཤད་ཙམ་མ་ཡིན་པར།གཞི་རྒྱ་ཆེ་བའི་སྒོ་ནས་མར་ལེ་རིང་ལུགས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་སྤྱི་དང་།ལྷག་པར་དུ་གྲངས་མང་མི་རིགས་དང་།གྲངས་ཉུང་མི་རིགས་ལ་འབྲེལ་བ་ཡོད་པའི་རྩ་ཁྲིམས་ཀྱི་ནང་དོན་ལ་བཟོ་བཅོས་བྱེད་རྒྱུའི་སྐོར་གྱི་བསམ་འཆར་རྣམས་རིམ་པར་ཞིབ་ཏུ་བཀོད་དེ།ལེ་ཉིན་གྱིས་“སུས་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་ཡིན་པ་ཁས་མི་ལེན་པ་དང་མཐའ་འཁྱོངས་མི་བྱེད་པ།སུས་མི་རིགས་གཉའ་གནོན་ནམ་འདྲ་མཉམ་མིན་པ་སྣ་ཚོགས་ལ་འཐབ་རྩོད་མ་བྱས་ན།དེ་ནི་མ་ཁེ་སི་རིང་ལུགས་པ་ཞིག་མ་ཡིན་ལ།ཐ་ན་དམངས་གཙོ་རིང་ལུགས་པ་ཙམ་ཡང་མ་ཡིན་པ་ནི་ཐེ་ཚོམ་གྱི་དོགས་པ་སྤུ་ཙམ་བྱེད་མི་དགོས་”ཞེས་དང་།《ལེ་ཉིན་གྱི་གསུང་འབུམ་》རྒྱ་ཡིག་བམ་པོ་20ཤོག་ལྷེ་11པར་གསལ།སི་ཏ་ལིན་གྱིས། “མི་རིགས་རང་གི་སྐད་བེད་སྤྱོད་བྱེད་དགོས་དོན་ཅི་ཡིན་ཞེ་ན།མི་དམངས་མང་ཚོགས་ཁྲི་སྟོང་མང་པོས་རང་གི་མི་རིགས་ཀྱི་སྐད་རིགས་བེད་སྤྱོད་བྱས་ན།གཞི་ནས་རིག་གནས་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མདུན་སྐྱོད་ཆེན་པོ་ཞིག་ཡོང་ཐུབ་”ཞེས་དང་།(《སི་ཏ་ལིན་གྱི་གསུང་འབུམ་》རྒྱ་ཡིག་བམ་པོ་11ཤོག་ངོས་༣༠པར་གསལ།)དེར་བརྟེན་མི་རིགས་སོ་སོས་རང་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུ་ནི།རང་གི་མི་རིགས་ཀྱི་ལས་དབང་སྲུང་སྐྱོབ་བྱེད་པའི་གཞི་རྩའི་གནད་དོན་ལ་ཐུག་པ་དང་།རང་གི་མི་རིགས་ཀྱི་ལ་རྒྱ་དང་དབང་ཆ་སྲུང་སྐྱོང་བྱེད་པའི་རྩ་དོན་གྱི་གནད་དམ་པ་ཞིག་ཀྱང་ཡིན།རང་རྒྱལ་དུ་གྲངས་ཉུང་མི་རིགས་ཀྱི་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཡོངས་སུ་དགོས་ངེས་ཤིག་ཡིན་རུང་།དེས་རང་གི་མི་རིགས་སྐད་ཡིག་གི་ཚབ་བྱེད་མི་ཐུབ།དེར་བརྟེན་རྩ་ཁྲིམས་བཟོ་བཅོས་ཀྱི་སྤྱིའི་རྩ་འཛིན་ནང་གཤམ་གསལ་གྱི་དོན་ཚན་དེ་འདྲ་ཞིག་བསྣན་དགོས་པ་ནི། “མི་རིགས་རང་སྐྱོང་ས་ཁུལ་དུ་རང་སྐྱོང་བྱེད་མཁན་གྱི་གཙོ་བོའི་མི་རིགས་དེ་གའི་མངའ་ཁོངས་ཀྱི་དེ་མིན་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་གཙོ་བོ་བྱེད་རྒྱུ་དང་།ཞོར་ལ་རྒྱའི་སྐད་ཡིག་སྦྱོང་རྒྱུར་རྒྱལ་ཁབ་ཀྱིས་ནན་ཏན་གྱིས་འགན་སྲུང་བྱེད་དགོས།རྒྱའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཚབ་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་ནན་མོ་བྱེད་དགོས།རྒྱལ་ཁབ་ཀྱི་གཏན་ལ་ཕབ་ཟིན་པའི་བཅའ་ཁྲིམས་དང་བཀའ་ཁྲིམས།གྲོས་ཆོད་བཀའ་བཀོད་སོགས་ཡིག་ཆ་རྣམས་ངེས་པར་དུ་མི་རིགས་ཀྱི་སྐད་ཡིག་ལ་བསྒྱུར་དགོས།མི་རིགས་རང་སྐྱོང་ས་ཁུལ་དུ་མཐོ་རིམ།འབྲིང་རིམ་སློབ་གྲྭའི་ཡིག་ཚད་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་གྲངས་ཉུང་མི་རིགས་ཀྱི་ཡིག་ཚད་གཏོང་བའི་འདྲི་གཞི་གཙོ་བོའི་གྲས་ཤིག་ཡིན་པར།ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ་ཏན་ཏན་ཏིག་ཏིག་གི་འགན་སྲུང་བྱེད་དགོས་ཤིང་།རྒྱའི་སྐད་ཡིག་གི་ཚབ་བྱེད་རྒྱུ་གཏན་འགོག་བྱེད་དགོས་”ཞེས་པ་ལ་སོགས་པའི་རྩ་དོན་འགའ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བའི་ནང་བཅུག་སྟེ་གྲངས་ཉུང་མི་རིགས་གྱི་ལས་དོན་སྐོར་ལ་གསུབ་ཏུ་མེད་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
    ཁོང་གིས་མི་རབས་རྗེས་མ་རྣམས་ལ་ལགས་སྐྱེས་ཀྱི་ཚུལ་དུ་ཕུལ་བའི་བརྩམས་ཆོས་ཀྱི་སྐོར་ལ།དེ་སྔ་བཙོན་ཁང་ནང་ནས་འགོ་འཛུགས་བྱས་པའི་རྩོད་སྒྲུབ་རིག་པའི་བྱ་གཞག་མཇུག་བསྡོམས་བྱས་པ་ལྟ་བུའི་གཞི་རྒྱ་ཆེ་བའི་ཞིབ་འཇུག་རྩོམ་ཡིག་《རྩོད་སྒྲུབ་རིག་པའི་འཚོལ་ཞིབ་གསར་བ།》ཞེས་པ་རྒྱ་ཡིག་གི་ཡིག་འབྲུ་ཁྲི་བརྒྱད་ཅུ་ལྷག་ཡོད་པ་དེ་སྤྱི་ལོ་1990ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་བཏོན།མིང་དུ་གྲགས་པའི་མཚན་ཉིད་རིག་པའི་གཞུང་ལུགས་པ་མང་པོ་ནས་གཟེངས་བསྟོད་གནང༌།
ཁོང་གིས་གསུང་རྩོམ་གཉིས་པ་《ཟླ་བའི་གོ་ལའི་སྟེང་གི་གཤེར་གཟུགས་རྣམ་བཤད།》ཞེས་པ་རྒྱ་ཡིག་གི་ཡིག་འབྲུ་ཁྲི་ཉི་ཤུ་ལྷག་ཡོད་པ་དེ་སྤྱི་ལོ་1994ལོར་སི་ཁྲོན་ཚན་རིག་དང་ལག་རྩལ་དཔེ་སྐྲུན་ཁང་གིས་བཏོན།རྗེས་སུ་ཉི་ཧོང་གི་སྐད་དུ་ཡང་བསྒྱུར་ཡོད།ཉི་ཧོང་པར་མ།
    ཁོང་གིས་གསུང་རྩོམ་གསུམ་པ་《རང་བྱུང་རྩོད་སྒྲུབ་རིག་པ་གསར་ཞིབ་》ཞེས་པ་རྒྱ་ཡིག་གི་ཡིག་འབྲུ་ཁྲི་དྲུག་བཅུ་ལྷག་ཡོད་པ་དེ་སྤྱི་ལོ་1996ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་བཏོན།དེ་ལྟར་དགེ་ཕུན་དབང་ལགས་ཀྱི་མི་ཚེའི་གང་བོའི་ཕུགས་བསམ་དང་བརྩོན་ལེན་དེ།ང་ཚོའི་བོད་མི་རིགས་ཡར་རྒྱས་དང་བོད་ནང་སྤྱི་ཚོགས་ལེགས་བཅོས་ཡོང་བ།བོད་མི་དམངས་ཀྱི་བདེ་སྐྱིད་དང་།བོད་རིགས་ཡོངས་རྫོགས་བསྐྱར་དུ་གཅིག་སྒྲིལ་དང་གསར་བརྗེ་བྱ་རྒྱུའི་དམིགས་ཡུལ་དེ་འགྲུབ་ཆེད་ཁོང་གིས་སྐུ་ཚེ་གང་བོར་འབད་བརྩོན་ལྷོད་མེད་གནང་བ་རེད། 1998ལོར་ཅང་ཙེ་མིན་གྱིས་དགེ་ཕུན་དབང་དང་ཁོང་གི་བཟའ་ཟླ་ཚེ་བརྟན་གཡང་སྒྲོན་གཉིས་ལ་མཇལ་འཕྲད་མནང་།   2013ལོར་ཁོང་གི་བརྩམས་གྲུབ་ཟིན་པའི་《རང་རྒྱལ་གྱི་མི་རིགས་འབྲེལ་བའི་སྐོར་གྱི་བསམ་གཞིགས་》——འདྲ་མཉམ་མཐུན་སྒྲིལ་གྱི་ལམ་ཐག་རིང་མོ་ཅེས་པ་ཞང་ཀང་ནས་པར་དུ་བསྐྲུན།  དེ་བོད་ཡིག་གི་པར་མ་ཡང་ཡོད།  རྒྱལ་ཁབ་ཕྱི་ནང་གི་གསར་ཤོག་དང་དུས་དེབ་སོགས་ཀྱི་སྟེང་དུ་ཁོང་གི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཏེ་མཚན་སྙན་འཛམ་གླིང་ཡོངས་ལ་གྲགས།      དེ་ནས་2014ལོའི་ཟླ་3པའི་ཚེས་30ཞོགས་པར་ཆུ་ཚོད་7དང་སྐར་10སྟེང་པེ་ཅིན་སྨན་ཁང་ནས་སྐུའི་དགོངས་པ་རྫོགས།    དགུང་ལོ་གོ་གསུམ་ཡིན།
   མདོར་ན་ང་ཚོས་རླབས་ཆེན་གྱི་མི་སྣ་འདིའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་།རྣམ་དཔྱོད་ཀྱི་ཤེས་རབ་མཁའ་ལྟར་ཡངས་པའི་བློ་སྟོབས་བཅས་ལ་སློབ་སྦྱོང་གནང་དགོས་པ་དང་།   ང་ཚོས་མི་ཞིག་ལ་གདེང་འཇོག་བྱེད་སྐབས།མི་དེའི་རང་གཤིས་དང་རང་ཚུགས་བརྟན་མིན།སྐུ་ཚེ་གང་གི་ལས་དོན་མཐའ་དག་སྤྱི་ཚོགས་ལ་ཕན་གནོད་གང་བྱུང་བཅས་ལ་བལྟ་དགོས་པ་དེ་གལ་ཆེན་པོ་ཡིན།རྒྱུ་མཚན་འདི་དག་གི་ཆ་ནས་བཤད་ན།དགེ་ཕུན་དབང་ལགས་ནི་ནམ་ཡང་ངོ་གནོང་མི་དགོས་པའི་གངས་ཅན་བོད་ཀྱི་དཔའ་རྒོད་གཅིག་རེད།        ཁོང་གིས་མི་ཚེ་གང་བོ་ནི་འོད་སྟོང་ལྡན་ཞིང་རང་གི་ཕ་ཡུལ་གངས་རིའི་ལྗོངས་འཕེལ་རྒྱས་དར་སྤེལ་དང༌།     འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་གངས་ལྗོངས་གསར་བ་ཞིག་ཏུ་འགྱུར་ཆེད་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བློ་སྤོབས་ཆེན་པོས་དཀའ་སྡུག་སྣ་ཚོགས་རྒྱབ་ཏུ་བསྐྱུར་ནས་འབད་བརྩོན་གནང་བ་ལ་མི་རབས་ཕྱི་མ་རྣམས་ཀྱིས་ཤེས་རྟོགས་དང་སློབ་སྦྱོང་གནང་དགོས་པའི་གནད་དམ་པ་ཞིག་ཡིན།  ཞེས་བོད་མི་གསར་བརྗེ་བ་དང་བསམ་བློ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་མི་ཚེ་སྲིད་དོན་མཛད་རྗེས་སྐོར་རགས་ཙམ་བརྗོད་པ་ཞེས་བྱ་བའི་རྩོམ་གྱི་འཇུག་གི་ཁོང་སྐུའི་དགོངས་པ་རྫོགས་པའི་དུས་ཚིགས་དེ་མ་གཏོགས།  རྩོམ་ཆ་ཚང་དེ་སྔ་ཁོང་སྐུ་འཚོ་བཞུགས་སྐབས་བྲིས་ཟིན་པའི་རྗེས་སུ།  དམ་པ་ཁོང་ལ་སྤྱན་ཕབ་ཞུས་ཏེ་ཁོང་གི་ཕྱག་ནས་ཟླ་ངོ་གཅིག་ཙམ་འགོར་རྗེས་བདག་ལ་ཕྱིར་སྤྲད་དེ།  ཚིག་དོན་ཀྱི་ཆ་ལ་བཟོ་བཅོས་ཅི་ཡང་གནང་མི་འདུག  མི་སྣ་ཞིག་གི་མིང་འབྲི་སྟངས་ལ་ནོར་བཅོས་གནང་འདུག  དེ་དུས་ཁོང་གིས་བདག་ལ་གསུངས་པར་ཁྱོད་ཀྱིས་ཞིབ་ཚགས་མོ་ཞིག་བྲིས་འདུག་ད་འགྲིག་གི་རེད་ཞེས་གསུངས།  དམ་པ་ཁོང་ལ་ཡུན་རིང་ཐུགས་འདྲིས་སུ་སོང་ཤིང་སྙིང་གི་གྲོགས་པོ་རུ་གྱུར་ཡོད་སྟབས།  ད་ལྟ་ཁོང་ང་ཚོ་དང་ཞལ་གྱེས་ནས་འཇིག་རྟེན་ཕྱི་མའི་ལམ་ལ་ཕྱིན་ནས་ལོ་འཁོར་གཉིས་སོང་བའི་དུས་ཚུགས་ཀྱི་དྲན་རྟེན་དུ་རེབ་གོང་པ་འཇིགས་མེད་བསམ་གྲུབ་ཀྱིས་2016-3-11ལ་པེ་ཅིན་དུ་ཕུལ་བའོ།  །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།