སྤྲུལ་སྐུ་ལམ་ལུགས་ནི་བོད་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར་བྱུང་ཞིང་། བོད་རང་གི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་སྣང་ཚུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་ངོ་མཚར་བའི་སྣང་ཚུལ་བདུན་གྱི་གྲས་ཤིག་ཀྱང་ཡིན། ལམ་ལུགས་འདི་ཐོག་མར་བཀའ་བརྒྱུད་པའི་གྲུབ་མཐའ་ལ་བྱུང་པ་ནས་ད་ལྟའི་བར་ལོ་ངོ(1284-2014)བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད། དེ་ལྟར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིམ་གྱིས་བོད་ཀྱི་གྲུབ་མཐའ་རིས་མེད་ལ་དར་བ་དང། བོད་ཀྱི་ནང་བསྟན་སོག་ཡུལ་དུ་དར་བ་དང་མཉམ་དུ། ཕྱིས་སུ་སོག་ཡུལ་དུའང་སྤྲུལ་སྐུ[1]ལམ་ལུགས་འདི་བྱུང་ཐུབ་པར་གྱུར། སྤྲུལ་སྐུ་རང་སྟེང་གི་བྱུང་བ་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། སྤྲུལ་སྐུའི་ངོ་བོ་དང་། རྣམ་པ། གྲངས་ཀ ཁྱབ་ཁོངས་སོགས་ཕྱོགས་ཡོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། བོད་དུ་སྤྲུལ་སྐུ་ལམ་ལུགས་བྱུང་པ་འདིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ལ་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་ཤུགས་རྐྱེན་ཟབ་མོ་བཞག་ཡོད་ཕྱིར། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་བྱུང་འཕེལ་སྐོར་ལ་དཔྱོད་རྒྱུ་ནི་ཆེས་གལ་ཆེན་ཞིག་ཏུ་སྣང་ཞིང་། ཁོ་བོས་དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་དག་ལ་བལྟ་ཀློག་དང་དབྱེ་ཞིབ་བྱས་པའི་འབྲས་བུ་རྣམས་གཤམ་དུ་འགོད་པར་བྱའོ། །
དང་པོ། གཞུང་ལུགས་ལས་བསྟན་པའི་‘སྤྲུལ་སྐུ’།
གཅིག སྤྲུལ་སྐུ་ཞེས་པའི་མིང་བརྡའི་ཁུངས།
ང་ཚོས་རྒྱུན་དུ་མཐོང་ཐུབ་པའི་‘སྤྲུལ་སྐུ’ཞེས་པའི་ཐ་སྙད་འདིའི་ཁུངས་ནི་སངས་རྒྱས་ཀྱི་མདོ་ཡིན་ཏེ།དེ་ཡང་ཐེག་པ་ཆེ་ཆུང་གི་བཀས་བསྡུས་པའི་མདོ་མང་པོར‘སྤྲུལ་སྐུ’ཞེས་པའི་ཐ་སྙད་འདི་མང་དུ་མཐོང་རྒྱུ་ཡོད་པ་འདིར་དཔེ་མཚོན་ཙམ་དྲངས་ན། སངས་རྒྱས་ཀྱི་ཞལ་ནས་གསུངས་པར་གྲགས་པའི་མདོ《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ》ལས། “དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་བ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱིད། །” [1]ཞེས་དང་། རྒྱན་འགྲེལ་སྤྱི་དོན་རོལ་མཚོ་རུ་སྤྲུལ་སྐུ་ཞེས་པའི་དོན་མདོ་ལས་གསུངས་ཚུལ་འཆད་སྐབས། “རབ་འབྱོར་གཞན་ཡང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པ་ནི། ཆོས་དེ་དག་ཐམས་ཅད་རྟོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་བ་སྣ་ཚོགས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།།”[2] ཞེས་པ་ལུང་དྲངས་འདུག་པ་ལ་བལྟས་ནའང་སྤྲུལ་སྐུ་ཞེས་པའི་མིང་བརྡ་དེ་སངས་རྒྱས་ཀྱི་མདོ་རུ་གསུངས་ཡོད་པ་མཐོང་ཐུབ་བོ། ། དེ་དང་ཆ་མཚུངས་པར་བསྟན་བཅོས་རྣམས་སུའང་ཟུར་མི་འདྲ་བ་དུ་མའི་སྒོ་ནས་སྤྲུལ་སྐུའི་རྣམ་གཞག་བསྟན་འདུག་པ་དང་། སྤྲུལ་སྐུའི་རྣམ་གཞག་ཅུང་ཆ་ཚང་ཞིང་བརྒྱུད་རིམ་ལྡན་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱི་ཁུངས་གཏུགས་ས་ལྟ་བུར་གྱུར་པ་ནི་རྗེ་བཙུན་བྱམས་པས་མཛད་པར་གྲགས་པའི«བྱམས་ཆོས་སྡེ་ལྔ»ཡིན། དཔེར་ན། «མངོན་རྟོགས་རྒྱན»ལས། “གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །”ཞེས་པའི་གཞུང་ཚིག་འདི་ལྟ་བུ་ཡིན་ནོ། །
གཉིས། གོ་དོན།
“ངེས་པ་ལྔ(གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཁོ་ནར་བཞུགས་པ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་པ། ཆོས་ངེས་པ་བྱང་སེམས་འཕགས་པའི་ཆོས་འབའ་ཞིག་གསུངས་པ། དུས་ངེས་པ་འཁོར་པ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པ)དང་མི་ལྡན་པའི་རབ་ཏུ་ཕྱེ་བའི་མཐར་ཐུག་པའི་གཟུགས་སྐུ”[3] དེ་སྤྲུལ་སྐུའི་མཚན་ཉིད་དུ་བཞག་འདུག སྤྱིར་བསྟན་བཅོས་ལས་སངས་རྒྱས་ཀྱི་སྐུ་ལ་གཉིས་དང་གསུམ་དང་བཞི་དང་ལྔ་རུ་དབྱེ་བ་སོགས་དབྱེ་ཚུལ་དུ་མ་གསུངས་འདུག་མོད། དོན་གྱིས་དེ་དག་ཟུར་མི་འདྲ་བའི་སྒོ་ནས་དབྱེ་བ་ཙམ་ལས་དོན་གྱི་གནད་གཅིག་ཅིང་། ཐམས་ཅད་རྒྱུད་ཐ་དད་པའི་དབང་གིས་ཕྱེ་བ་མ་ཡིན་པར་སངས་རྒྱས་གཅིག་གི་ཡོན་ཏན་གྱི་ཆ་ནས་སམ་མཛད་པ་སྟོན་ཕྱོགས་མི་འདྲ་བའི་ཆ་ནས་བཞག་པ་ཡིན་ནོ། ། དེས་ན་སངས་རྒྱས་ཀྱི་སྐུ་ལ་རྩ་བའི་སྒོ་ནས་དབྱེ་ན“ཆོས་སྐུ”དང“གཟུགས་སྐུ”གཉིས་ཡོད་དེ། ཆོས་སྐུ་ལ་དབྱེ་ན། ངོ་བོ་ཉིད་སྐུ(རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིདསྐུ)དང་ཡེ་ཤེས་ཆོས་སྐུ་གཉིས་ཡོད། དང་པོ་ནི་སྤངས་པའི་ཡོན་ཏན་དང་གཉིས་པ་ནི་རྟོགས་པའི་ཡོན་ཏན་ཡིན་ལ། གཉིས་ཀ་གང་ཡིན་ཡང་སངས་རྒྱས་ཁོ་ན་ལ་མ་གཏོགས་སེམས་ཅན་ལ་སྣང་མི་སྲིད་པས་འདི་གཉིས་ལ“རང་དོན་གྱི་སྐུ”ཟེར་རོ། །
གཟུགས་སྐུ་ལ་དབྱེ་ན། ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཡོད། གཟུགས་སྐུ་གཉིས་པོ་གང་ཡིན་ཡང་སེམས་ཅན་ལ་སྣང་ཐུབ་མོད། ཡིན་ནའང་ལོངས་སྐུ་ནི་ངེས་པ་ལྔ་ལྡན་གྱི་སྐུ་ཡིན་པས་བྱང་འཕགས་མན་གྱི་སེམས་ཅན་ལ་མི་སྣང་བ་དང་། སྐབས་འདིའི་བཤད་བྱའི་སྐུ་སྟེ“སྤྲུལ་སྐུ”ནི་སེམས་ཅན་ཕལ་བ་ལའང་སྣང་པའི་སངས་རྒྱས་ཀྱི་སྐུ་ཞིག་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས“སྤྲུལ་བའི་སྐུ་བྱིས་པའི་སྐྱེས་བོ་ལས་དག་པ་ཐམས་ཅད་དང་། ཉན་ཐོས་དང་ཐུན་མོང་དུ་སྣང་བ་གསུངས་སོ”[4]ཞེས་གསུངས་པ་ལྟར་གཟུགས་སྐུ་གཉིས་གང་ཡིན་ཡང་སེམས་ཅན་ཐུན་མོང་ལ་སྣང་སྲིད་པས་འདི་གཉིས་ལ“གཞན་དོན་གྱི་སྐུ”ཟེར། དེས་ན་མདོ་ཕྱོགས་ཀྱི་ཆོས་སྟེ་ཁྱད་པར་དུ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་བསྟན་པའི་སྤྲུལ་སྐུ་ཡིན་ན་སངས་རྒྱས་ཡིན་པར་མ་ཟད་སེམས་ཅན་ཐུན་མོང་ལའང་སྣང་ཐུབ་པ་ཞིག་ཡིན་པ་ཤེས་ཐུབ། སྔགས་ཀྱི་ཕྱོགས་སྟེ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལྟར་ན། སྤྲུལ་སྐུ་ཡིན་ན་སངས་རྒྱས་ཀྱི་སྐུ་ཡིན་པའི་ངེས་པ་མི་སྣང་སྟེ། བར་དོ་ལོངས་དང་། སྐྱེ་བ་སྤྲུལ་སྐུ། འཆི་བ་ཆོས་སྐུ་སྟེ་སྐུ་གསུམ་གྱི་རྣམ་གཞག་འདི་སྐུ་གསུམ་ལམ་འཁྱེར་གྱི་སྐབས་སུ་གསལ་བོར་གསུངས་འདུག་པ་དང་། ད་ལྟའི་སེམས་ཅན་ཕལ་བ་འདི་ཡང་སྤྲུལ་སྐུ་ཡིན་ཆོག་པའི་གཞུང་ལུགས་ཀྱི་ཁུངས་ཡོད་དོ། །
འོ་ན། སྐབས་འདིའི་བཤད་བྱ་གཙོ་བོ་སྤྲུལ་སྐུ་དེ་ཇི་ལྟར་བྱུང་པ་ཡིན་ཞེ་ན། ནང་བསྟན་རང་གཞུང་ལྟར(གཙོ་བོ་མདོ་ཕྱོགས་ལྟར)ན། ང་ཚོ་སེམས་ཅན་སུ་དང་གང་ཡིན་ཡང་འཚང་རྒྱ་རུང་ཡིན་པ་དང་། ནམ་ཞིག་འཚང་རྒྱ་དུས་ཐོག་མར་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས(ངེས་པ་ལྔ་ལྡན་གྱི་ཞིང)སུ་ལོངས་སྐུའི་ངོ་བོར་འཚང་རྒྱ་དགོས་པ་དང་། ལོངས་སྐུའི་ངོ་བོར་སངས་རྒྱས་རྗེས་དག་དང་མ་དག་གི་ཞིང་ཁམས་རབ་འབྱམས་སུ། སེམས་ཅན་གང་ལ་གང་འཚམ་དུ་སྤྲུལ་བའི་བཀོད་པ་སྣ་ཚོགས་སུ་སྤྲུལ་ནས། དེས་སེམས་ཅན་གྱི་དོན་བྱེད་པར་གསུངས་ཡོད་པས་ན། སྤྲུལ་སྐུ་ནི་ལོངས་སྐུས་སྤྲུལ་བའི་སྤྲུལ་སྐུ་ཡིན་པར་ངོས་འཛིན་ཏེ། 《མདོ》ལས། “གཙང་མའི་གནས་དག་སྤངས་ནས་ནི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་བོ་ཞིག་འདིར་འཚང་བརྒྱ། །”[5] ཞེས་གསུངས་པ་ལྟར་རོ། །
གསུམ། དབྱེ་བ།
མདོ་སྡེ་རྒྱན་ལས། “བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་བའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ཡིན། །”ཞེས་གསུངས་པ་ལྟར་བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་དང་གསུམ(བུ་སྟོན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ཀྱིས་མཆོག་གི་སྤྲུལ་སྐུ་དང་བཞི་རུ་དབྱེ)ཡོད། མཚན་གཞིའི་ཐད་བཞེད་པ་མི་མཐུན་པ་མང་དུ་འདུག་ཀྱང་གནད་གཅིག་ཏུ་བབས་འདུག་པ་འདིར་བཀོད་ན། རྫ་མཁན་དང་། པི་ཝང་མཁན། དགེ་བའི་བཤེས་གཉེན་སོགས་མིའི་རྟེན་གྱི་འགྲོ་བ་སྣ་ཚོགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་མཁན་དེ་དག་ནི་བཟོ་བོ་སྤྲུལ་སྐུ་དང་། སེམས་ཅན་གང་ལ་གང་འཚམ་དུ་ལྷ་གླུ་གནོད་སྦྱིན་བྱོལ་སོང་སོགས་མི་ལས་འདས་པའི་འགྲོ་བ་དང་། ཡང་ན་ལྗོན་ཤིང་དང་། ཟམ་པ། ཆུ་བོ་སོགས་སེམས་ཅན་མ་ཡིན་པའི་འཇིག་རྟེན་སྣ་ཚོགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་དེ་དག་ནི་སྐྱེ་བ་སྤྲུལ་སྐུ་དང་། བདག་ཅག་གི་སྟོན་པ་ལྟ་བུ་ནི་མཛད་པ་བཅུ་གཉིས་སྟོན་པའི་སྤྲུལ་སྐུ་ནི། བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་འམ་མཆོག་གི་སྤྲུལ་སྐུ་ཡིན་པར་གཞུང་དུ་མ་རུ་གསུངས་ཡོད། དབྱེ་བ་དེ་དག་ནི་སྤྱིའི་རབ་དབྱེ་ཙམ་ལས་དོན་གྱིས་སེམས་ཅན་གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་སྤྲུལ་བའི་བཀོད་པ་སྣ་ཚོགས་ཡོད་པར་གསུངས་པ་དག་ཀྱང་། རྩ་བའི་རིགས་ཀྱི་ཆ་ནས་དབྱེ་བ་གསུམ་དུ་འདུ་བར་བསྟན་ཡོད་དོ།
གཉིས་པ། བོད་ཀྱི་ནང་བསྟན་ཁྲོད་ཀྱི་སྤྲུལ་སྐུ།
གཅིག ལོ་རྒྱུས་གནས་བབ།
རིག་གནས་གང་ཞིག་ཡིན་ཡང་དེ་རྒྱུ་རྐྱེན་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་ཞིང་འཕེལ་རྒྱས་སུ་འགྲོ་བ་ནང་བཞིན། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཀྱི་བྱུང་འཕེལ་ལའང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་པ་དོན་ཚན་ལྔའི་ནང་འདུ་བར་འདོད་དེ།
དང་པོ། བསྟན་པ་ཕྱི་དར་ནས་བོད་རང་དུ་ཡར་འདེད་ཀྱི་སྤྲུལ་སྐུ་བྱུང་པ། བོད་བཙན་པོའི་དུས་བསྟན་པ་ཕྱི་དར་ལྟར་སྤྲུལ་སྐུ་སད་དང་འཚོལ་བའི་སྲོལ་མེད་པར་མ་ཟད། ཐ་ན་སྤྲུལ་སྐུ་ཞེས་པའི་མིང་བརྡ་ཙམ་ཡང་བཀོལ་སྤྱོད་རྒྱུགས་མི་ཆེ་ནའང་། ནང་བསྟན་བོད་དུ་དར་བ་དང་། ཁྱད་པར་དུ་བསྟན་པ་ཕྱི་དར་ནས་བཟུང་བོད་དུ་སྤྲུལ་སྐུ་སད་པ་དང་འཚོལ་བའི་ལམ་ལུགས་གཉིས་རིམ་བཞིན་བྱུང་བར་མ་ཟད། ཡར་འདེད་ཀྱི་སྤྲུལ་སྐུ་བྱུང་བ་དཔེར་ན། “རྒྱལ་སྲས་ཀུན་ཏུ་བཟང་པོའི་སྤྲུལ་བ་ནི། །སྤྲུལ་བའི་རྒྱལ་བོ་ཐོ་ཐོ་རི་གཉན་བཙན”[6] ཞེས་དང་“བྱང་སེམས་རྣམས་ཀྱིས་སྤྱན་རས་གཟིགས་དབང་ནི། །རྒྱལ་པོར་སྤྲུལ་ནས་གང་ལ་གང་འདུལ་གྱིས། །བོད་ཡུལ་འགྲོ་རྣམས་སྨིན་གྲོལ་མཛད་པར་གཟིགས། །”[7] ཞེས་སོགས་གསུངས་ཏེ། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་སྙན་བཙན་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་བ་དང་། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བར་གསུངས་པ་ལྟ་བུས་ཤེས་ཐུབ། ཡིན་ནའང་བཙན་པོ་དེ་དག་ཞལ་བཞུགས་དུས་སངས་རྒྱས་བྱང་སེམས་དེ་དག་གི་སྤྲུལ་བ་ཡིན་པའི་བརྗོད་སྲོལ་མེད་ནའང་། ཕྱིས་ཀྱི་མཁས་པས་རྒྱལ་བོ་དེ་དག་གི་མཛད་རྗེས་སོགས་ལ་ལྟོས་ནས་སྤྲུལ་བ་ཡར་འདེད་བྱས་པ་ཞིག་ཡིན། ད་ལྟའི་སྤྲུལ་སྐུ་ཕལ་མོ་ཆེ་ཡང་ཡར་འདེད་ཀྱི་སྲོལ་འདི་ཆགས་ཡོད་པ་ཡིན་ཏེ། དཔེར་ན། རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་དེ་རྒྱལ་བ་དགེ་འདུན་རྒྱ་མཚོ་ནས་ངོས་འཛིན་བྱས་པ་ཞིག་ཡིན་མོད། ཡིན་ནའང་ཁོང་གི་སྐུ་ཕྲེང་དང་པོ་དེ་རྒྱལ་བ་དགེ་འདུན་གྲུབ་ལ་ངོས་འཛིན་པ་ལྟ་བུ། ད་དུང་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་ནི། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ནས་ངོས་འཛིན་བྱས་པ་ཡིན་མོད། ཡིན་ནའང་ཁོང་གི་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་ནས་ངོས་བཟུང་པ་ལྟ་བུ་སོགས་ཀྱིས་མཚོན་ཐུབ་བོ། །
གཉིས་པ། བོད་སིལ་བུར་འཐོར་ཏེ་གྲུབ་མཐའ་སྣ་ཚོགས་དར་བ། བཙན་པོའི་རྒྱལ་རབས་སྐབས་གྲུབ་མཐའ་མང་དུ་མེད་པ་དང་། སྐབས་དེའི་ཆོས་བྱེད་དགེ་འདུན་པའང་ལྟོས་བཅས་གྱིས་གྲངས་ཉུང་། ཁོང་ཚོར་མཚོན་ན་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་འདོམས་འོག་ཆོས་བྱེད་དགོས་པ་དང་། ཆོས་ཕྱོགས་ཀྱི་བྱ་བ་གང་ཞིག་སྒྲུབ་ཀྱང་སྲིད་གཞུང་གིས་ཐད་ཀར་རོགས་སྐྱོར་བྱེད་པར་མ་ཟད། ཐ་ན་སྐབས་དེའི་ཆོས་བྱེད་དགེ་འདུན་པར་ཕོག་སྦྱིན་པ་དང་མཆོད་གཞིས་སྤྲོད་པ་སོགས་དམིགས་བསལ་གྱི་མཐུན་རྐྱེན་ངེས་ཅན་བསྐྲུན་ཡོད་ཕྱིར། ཁོ་ཚོའི་འཚོ་བ་དང་མངའ་ཁོངས་རྒྱ་བསྐྱེད་སོགས་ལ་དཀའ་ངལ་མེད་པ་རེད། བོད་སིལ་བུར་འཐོར་རྗེས་གཅིག་གྱུར་གྱི་བཀོད་འདོམས་མེད་པའི་གནས་ཚུལ་འོག་ཆབ་སྲིད་ཐོག་ཚོད་འཛིན་མེད་པ་དང། ཆོས་ལུགས་ལ་བདག་པོ་ངེས་ཅན་ཞིག་མེད་པར་བརྟེན། བཀའ་གདམས་པ་དང་། ས་སྐྱ་པ། བཀའ་བརྒྱུད་པ་སོགས་ས་གནས་དང་ཆོས་རྒྱུན་རང་བཞིན་གྱི་གྲུབ་མཐའ་མང་པོ་ཞིག་རིམ་བཞིན་བྱུང་བ་འདི་ནི་བོད་དུ་སྤྲུལ་སྐུ་ལམ་ལུགས་བྱུང་ཐུབ་པའི་རྐྱེན་གཙོ་བོ་ཞིག་ཡིན་ནོ། །
གསུམ་པ། གྲུབ་མཐའ་ཕན་ཚུན་བར་མཆོད་གཞིས་འཕྲོག་རྩོད་ཀྱི་དམག་འཁྲུག་བྱུང་པ།
གྲུབ་མཐའ་མི་འདྲ་བ་ནང་ཕན་ཚུན་གྱིས། ཁོ་ཚོའི་འཚོ་བའི་རྟེན་གཞི་སྟེ། མཆོད་གཞིས་སེམས་ཅན་དང་འབྲོག་པའི་རྩྭ་ཐང་སོགས་འཕྲོག་རེས་ཆེད་རང་རང་ས་ནས་ས་གནས་སྲིད་གཞུང་ཞིག་གི་སྟོབས་ཤུགས་རེར་སྐྱབས་བཅོལ་ནས། གྲུབ་མཐའ་ཕན་ཚུན་བར་འཁྲུག་རྩོད་མང་དུ་བྱས་པ་དེས་། བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་འགལ་རྐྱེན་ཚབས་ཆེན་བཟོས་པ་དང་། དཔལ་འབྱོར་ལ་གནོད་པ་མང་དུ་ཐེབས་ཤིང་། བོད་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཕྱོགས་ཡོངས་ནས་ཉམས་རྒུད་དུ་འགྱུར་པའི་དུས་རབས་ཤིག་ཏུ་སླེབས། དཔེར་ན། “སྤྱི་ལོ་1291ལོ་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་བུ་ཐི་མི་བྷོ་ཁས་ཀྱི་དམག་དཔུང་བོད་དུ་ཁྲིད་ཡོང་སྟེ་གཙང་དམག་དང་མཉམ་དུ་འབྲི་གུང་བར་དམག་དྲངས། འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས་བཏང། གྲྭ་པ་དང་མི་སྐྱ་བསྡོམས་པའི་མི་གྲངས་ཆིག་ཁྲི་ལྷག་ཙམ་བསད”[8] པ་ལྟ་བུས་མཚོན་ཐུབ། སྐབས་དེའི་དམག་འཁྲུག་ནི་རྣམ་པའི་ཆ་ནས་གྲུབ་མཐའ་བར་གྱི་རྩོད་པ་ཞིག་ཡིན་མོད་། ངོ་བོའི་ཆ་ནས་མཆོད་གཞིས་འཕྲོག་རེས་གྱི་འཐབ་རྩོད་ཞིག་ཡིན།སྐབས་དེའི་གྲུབ་མཐའ་གང་ཞིག་ཡིན་ཡང་འཕེལ་རྒྱས་སུ་འགྲོ་དགོས་ན་དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ཞིག་ལ་རག་ལས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་དེ་ཡང་མཆོད་གཞིས་དང་སྐད་གྲགས་ཆེ་བའི་དགེ་བའི་བཤེས་གཉེན་དང་རྣལ་འབྱོར་པ་ལ་རག་ལས་ཡོད་པ་འདི་ཡང་བོད་སྤྲུལ་སྐུ་ལམ་ལུགས་བྱུང་ཐུབ་པའི་རྐྱེན་གཙོ་བོ་ཞིག་ཡིན་ནོ། །
བཞི་པ། བསྟན་པ་ཕྱི་དར་དེ་སྔ་དར་ལས་འཕེལ་རྒྱས་ཆེ་པོ་བྱུང་བ། བསྟན་པ་ཕྱི་དར་སྐབས་བོད་ཀྱི་ཆབ་དཔལ་རིག་གསུམ་ལས་གཙོ་བོ་རིག་གནས་ཆ་ནས་འཕེལ་རྒྱས་བྱུང་ཞིང་། ཁྱད་པར་དུ་ནང་བསྟན་ལ་འཕེལ་རྒྱས་ཆེན་པོ་བྱུང་། དཔེར་ན། བོད་སིལ་བུའི་དུས་སྐབས་སུ་རྔོག་བློ་ལྡན་ཤེས་རབ་སོགས་བོད་ཀྱི་ན་གཞོན་བློ་རིག་ཅན་མང་པོ་ཞིག་རྒྱ་གར་དང་། ནེ་པཱ་ལ། ཀསྨིར་སོགས་ཕྱི་རྒྱལ་དུ་ཕྱིན་ཏེ་ཁོ་ཚོས་ནང་བསྟན་སྐོར་གྱི་རིག་གཞུང་མང་པོ་དཔྱིས་ཕྱིན་པར་བསླབས་ཤིང་། ཕྱིར་བོད་དུ་ལོག་ནས་ལོ་ཙཱ་བར་གྱུར་པ་ཉིས་བརྒྱ་ལྔ་བཅུ་ལྷག་ཟིན་ཡོད་པ་དང། དེ་བསྟན་པ་སྔ་དར་དང་བསྡུར་ན་ལྡབ་གཉིས་ཀྱིས་མང་ལྟ་བུ་དང་། སྤྱི་ལོ་1201ལོར། ཨ་ལ་པོའི་དམག་དཔུང་གིས་རྒྱ་གར་ལ་བཙན་འཛུལ་བྱས་པ་དང་། རྒྱ་གར་གྱི་ཡུལ་དབུས་དང་། ལྷོ་ཕྱོགས། ནུབ་ཕྱོགས་བཅས་དབང་བསྒྱུར་བྱས་ཤིང“ཏཱ་སིག་གི་ཆོས་ལུགས”དར་སྤེལ་དུ་བཏང་བ་སོགས་ཀྱི་གནས་ཚུལ་སྐྱོ་བོ་ལ་བརྟེན། ནང་པའི་པཎྜི་ཏ་དང་དགེ་འདུན་པ་མང་པོ་ཞིག་འབར་མ་དང་། ཡོ་ནན། ལོའོ་ཝོ། ཅན་ཧྥུ་ཀྲེ། ཐེའེ་གོ་བཅས་སུ་ཡུལ་བྱོལ་དུ་ཕེབས་པ་དང་། དེའི་ནང་གི་སྐོར་ཞིག་ཨ་སམ(བོད་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་ཡུལ་ཞིག)དང་། ནེ་པཱ་ལ་བརྒྱུད་བོད་དུ་ཕེབས། དཔེར་ན། བོད་དུ་སྐད་གྲགས་ཆེ་བའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཞུ་བ་ཡང་དུས་སྐབས་དེར་ཨ་སམ་དང་གྲོ་མོ་བརྒྱུད་བོད་དུ་ཕེབས་པ་ལྟ་བུའོ། །
མདོར་ན་བོད་སིལ་བུའི་སྐབས་སུ་ཧིན་རྡུ་དང་། ཕ་ཁྭི་སི་ཐན། ཨ་ཧྥུ་ཧན། ཀསྨིར་བཅས་ནས་སྔ་གཞུག་ཏུ་པཎྜི་ཏ་དོན་གསུམ་བྱུང་པ་དེ་ཡང་། བསྟན་པ་སྔ་དར་དང་བསྡུར་ན་ལྡབ་གཉིས་ཀྱིས་མང་པ་དང་། མར་བ་ལོ་ཙཱ་བས་རྒྱ་གར་གྲུབ་ཆེན་ཏེ་ལོ་པ་དང་ནཱ་རོ་པ་སོགས་ཀྱི་མདུན་ནས་ཟབ་ཆོས་ཀྱི་གདམས་པ་མང་དུ་བླངས་པ་དང་། ཁྱད་པར་དུ“བཀའ་བབས་བཞིའི་གདམས་པ”བོད་དུ་སྤེལ་བ་ནས་བཟུང་རྗེ་མི་ལ་རས་པ་སོགས་གྲུབ་པ་ཐོབ་པའི་སྐྱེས་བུ་ཟམ་མ་ཆད་པར་བྱུང་བ་སོགས་ནི། བསྟན་པ་སྔ་དར་དང་བསྡུར་ན་བོད་ཀྱི་ནང་བསྟན་དེ་རྣམ་པའི་ཆ་ནས་རྒྱ་ཆེ་ཞིང་ངོ་བོའི་ཆ་ནས་གཏིང་ཟབ་ལ་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་བར་མ་ཟད། དུས་རབས་བཅུ་གསུམ་པའི་སྐབས་ནས་བཟུང་བོད་ཡུལ་འདི་ནང་བསྟན་གྱི་ཕ་ས་ལྟ་བུར་གྱུརཡོད་པ་འདི་ཡང་བོད་དུ་སྤྲུལ་སྐུ་ལམ་ལུགས་བྱུང་ཐུབ་པའི་རྐྱེན་གཙོ་བོ་ཞིག་ཡིན་ནོ། ། ལྔ་པ། བོད་རང་དུ་རྒྱ་བོད་སོག་གསུམ་དུ་སྐད་གྲགས་ཆེ་བའི་རྟོགས་ལྡན་པ་མང་དུ་བྱུང་བ། ཕལ་ཆེར་དུས་རབས་བཅུ་གཉིས་པའི་དུས་མཇུག་ནས་བཟུང་ཡ་གླིང་ལྷོ་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། རྒྱ་གར་དང་ཁ་ཆེ། ལི་ཡུལ་སོགས་སུ་དར་བའི་ནང་བསྟན་ལ་གོད་ཆགས་ཐེབས། དུས་སྐབས་དེར་མཚོན་ན་བོད་དུ་ནང་བསྟན་སྤེལ་བར་ཕྱི་ནང་གི་གེགས་རྐྱེན་མེད་པར་མ་ཟད། ད་དུང་དམངས་ཁྲོད་དུ་ནང་བསྟན་དར་སྤེལ་དུ་གཏོང་བར་ཆ་རྐྱེན་ངེས་ཅན་འཛོམས་ཡོད། དེ་བས་དུས་སྐབས་དེར་བོད་ཡུལ་འདི་ཨེ་ཤ་ཡའི་ཤར་ལྷོའི་ཕྱོགས་སུ་དར་བའི་ནང་པའི་གཞུང་དང་མན་ངག་གི་འདུ་ས་དང་། སྤེལ་ས། ཉམས་ལེན་བྱེད་སའི་ལྟེ་བ་ལྟ་བུར་གྱུར་པར་མ་ཟད། ད་དུང་ནང་བའི་གཞུང་ལ་སློབ་སྦྱོང་དང་། གཞུང་དོན་ཚུལ་བཞིན་ཉམས་སུ་ལེན་པའི་སྲོལ་དེ་བོད་མའི་འདུ་འདུ་ཤེས་གཙོ་བོ་ཞིག་ཏུ་གྱུར། དེ་ལྟ་བུའི་ཕྱི་ནང་གི་རྒྱུ་རྐྱེན་ངེས་ཅན་འཛོམས་པ་ལ་བརྟེན། བོད་དུ“མར་མི་དྭགས་གསུམ”སོགས་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་གྱི་སྐྱེས་བུ་བར་མ་ཆད་དུ་བྱུང་བ་དེ་ནི་བོད་དུ་སྤྲུལ་ལམ་ལུགས་སྐུ་བྱུང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ནོ། །
གཉིས། བོད་ཀྱི་སྤྲུལ་སྐུའི་ཐོག་མ།
བོད་ཀྱི་སྤྲུལ་སྐུའི་ཐོག་མ་ནི་ཀརྨ་རང་བྱུང་རྡོ་རྗེ(1284-1339)ཡིན། སྤྲུལ་སྐུ་འདི་ཐུགས་ཐག་གཅོད་ཚུལ་དེ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི། རང་ཉིད་ཀྱི་སྤྲུལ་སྐུ་རང་ཉིད་ཀྱིས་ཐུགས་ཐག་གཅོད་པ་དེ་ཡིན། ཀརྨ་རང་བྱུང་རྡོ་རྗེ་ཁོང་ཇི་ལྟར་ཐུགས་ཐག་བཅད་ཚུལ་ནི། རྗེ་བཙུན་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས། སྤྱི་ལོ(1121)ལོར་དྭགས་ལྷ་སྒམ་པོའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་པ་ནས་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་པ་དང་། སྤྱི་ལོ(1189)ལོར་མཉམ་མེད་དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་དུས་གསུམ་མཁྱེནཔས། སྟོད་ལུང་དུ་མཚུར་ཕུའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་པ་ནས། བཀའ་བརྒྱུད་པའི་གྲུབ་མཐའི་བྱེ་བྲག་བ་ཀརྨ་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་། ཀརྨ་དུས་གསུམ་མཁྱེན་པ(1110-1193)ནི་ལུང་དང་རྟོགས་པའི་ཡན་ཏན་དུ་མ་ཐུན་མོང་ལ་མངོན་དུ་གྱུར་པ་ཞིག་ཡིན་ཏེ། དཔེར་ན“རྟུག་པའི་རང་བསྲེལ”བཞག་པ་སོགས་སྔར་བྱུང་མ་མྱོང་པའི་རྟགས་མཚན་ཁྱད་པར་བ་དུ་མས་ཕྱུག་ཅིང་། ཁོང་གི་སྐུ་ཚེ་གང་བོར་བཤད་སྒྲུབ་ཁོ་ནས་དུས་འདའ་བར་བྱས་པ་དང་། སློབ་ཚོགས་མང་དུ་འདུས་ལ་འཕྲིན་ལས་ཤིན་ཏུ་རྒྱས་པ་ཞིག་ཡིན། “རྗེ་དུས་གསུམ་མཁྱེན་པ་གཤེགས་ཁར་ཡང་སྲིད་འབྱོན་རྒྱུའི་ཞལ་ཆེམས་རྣམ་གྲངས་གསུམ”[9] སོགས་བཞག་པ་ལྟར་ཀརྨ་པཀྴི་སྟེ་ཀརྨ་ཆོས་ཀྱི་བླ་མ(1204-1283)སྐུ་འཁྲུངས་པ་ཡིན་པའི་བཤད་སྲོལ་ཡོད་མོད། ཡིན་ནའང་ཁོང་གཞོན་དུས་ནས་ཐུགས་ཐག་བཅད་པ་མ་ཡིན་ཞིང་། ཀརྨ་པཀྴི་(སོག་སྐད་དེ་ཆོས་ཀྱི་བླ་མ་)ཁོང་ཀརྨ་དུས་གསུམ་མཁྱེན་པ་འདས་ནས་ལོ་བཅུ་གཅིག་གི་རྗེས་ནས་སྐུ་འཁྲུངས་པ་དང་། ཁོང་ཞལ་བཞུགས་པའི་སྐབས་དེར་གྲུབ་ཆེན་ས་ར་ཧའི་རྣམ་སྤྲུལ་དུ་གྲགས་པ་ཙམ་ལས་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་པར་གྲགས་པའི་ལུང་ཁུང་མ་མེད་དོ། །
ཀརྨ་པཀྴི་ལ་མཚོན་ནའང་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་ཅིང་ཆོས་སྲིད་གཉིས་ཀའི་མཛད་འཕྲིན་ཤིན་ཏུ་རྒྱས་ལ། ཁྱད་པར་དུ་སྙན་པའི་གྲགས་པ་རྒྱ་བོད་སོག་གསུམ་དུ་ཁྱབ་ཡོད་པ་ཞིག་ཡིན། ཁོང་མྱ་ངན་ལས་འདའ་ལ་ཉེ་སྐབས“མ་འོངས་ལུང་བསྟན་དང་འགྲོ་བའི་དོན་དང་ཨོ་རྒྱན་པ་རིན་པོ་ཆེར་གདུལ་བྱ་གར་ཡོད་སོགས་ལུང་བསྟན་ཞིབ་རྒྱས་སུ་གནང་རྗེས། བསྲེ་འཕོའི་གདམས་པ་དང་། སྐུ་གསུམ་ངོ་སྤྲོད་ཀྱི་ཕྱག་དཔེ། དབུ་ཞྭ་ཞྭ་ནག་གཅིག་བཅས་ཨོ་རྒྱན་པ་རིན་པོ་ཆེ་ལ་གཏད་དེ་འདི་རྣམས་ཁྱེད་ཀྱིས་མགོ་འདོན་པ་བྱེད་དགོས་ཞིག་ཡོང་བས་དེ་ལ་གཏོད། ང་དང་མྱུར་དུ་འཕྲད་ཡོང” [10]ཞེས་དང་། ད་དུང་ཁོང་གི་འཁོར་དགེ་འདུན་རྣམས་ལ“ཉི་མ་དོ་ནུབ་ནུབ་ཀྱང་སང་འཆར་བ་བཞིན་རེ་ཤིག་མི་སྣང་བར་གྱུར་ཀྱང་། གདལ་བྱའི་དོན་དུ་སྤྲུལ་བའི་སྐུ་ཤེས་བྱ་ཀུན་ལ་མཁས་པ་ཞིག་གནམ་ནས་བྱ་བབས་པ་བཞིན་མྱུར་དུ་འོང”[11]ཞེས་དང“མང་ཡུལ་གངས་ཞུར་མོའི་མདུན་ཕྱོགས་ཀྱི་མི་མང་པོ་ལྷ་སར་ཇོ་མཇལ་དུ་ཕྱིན་ནས་མཚུར་ཕུ་གྲུབ་ཐོབ་ཆེན་པོར་མཇལ་བར་བྱུང་། དེ་རྣམས་ལ་ཆོས་དང་བྱིན་རླབས། ཟས་གོས་སོགས་ཀྱི་གནང་སྦྱིན་གྱ་ནོམས་པ་གནང་། དེའི་ནང་ནས་དོ་ཧ་དང་རྙིང་མ་དང་ཞི་བྱེད་རྒྱུད་ཕྱི་ལ་མཁས་པའི་སྟོན་པ་ཆོས་དཔལ་བྱ་བ་སྙོམས་ཆུང་ཞིག་ཡོད་པ་ལ་ཁྱོད་ཅུང་ཟད་སྡོད་དང་གསུངས། གནང་སྦྱིན་བཟང་པོ་གནང་ནས་ངེད་ཀྱིས་ཁྱེད་ལ་གནས་ཚང་ཞིག་གཡོར་དགོས་པ་འདུག་པས་དེ་ཐོང་ཞིག་གསུངས། ཁོང་གིས་གོ་བ་མ་ཕོགས་ནས་ཞུ་སྦོབས་མ་རྙེད། ཟླ་བོ་རྣམས་ལ་སྨྲས་པས། ཁྱོད་རང་གར་སྡོད་མེད་པ་ལ་རིན་པོ་ཆེར་གནས་ཚང་ག་ནས་འོངས་ཟེར་ནས་ཁོང་ལ་མི་འོས་པའི་རྣམ་འགྱུར་བཅས་བཞད་གད་དི་རིར་སོང”[12] ཞེས་པ་སོགས་ཀྱི་ལུང་བསྟན་མང་དུ་གསུངས་ཏེ་སྐུ་མྱ་ངན་ལས་འདས་སོ། །
ཀརྨ་པཀྴི་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་སྤྱི་ལོ1284ལོར་ཀརྨ་པཀྴིས་ལུང་བསྟན་དང་རྟགས་མཚན་ཇི་བཞིན། མངའ་རིས་མང་ཡུལ་གུང་ཐང་གངས་ཞུར་མོའི་འགྲམ་རྩ་ཕུ་རླུང་ཤོད་ཞེས་པར། ཡབ་ཆོས་དཔལ་དང་ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། “དགུང་ལོ་གསུམ་བཞི་ནས་རྡོ་བའི་ཁྲི་ཆུང་ལ་བཞུགས་ནས་སྐུ་གསུམ་ངོ་སྤྲོད་སོགས་ཀྱི་ཟབ་ཆོས་གསུངས་པ་དང་། ཡབ་ཡུམ་ལ་དགོན་པ་དང་ནོར་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ལུགས་ཧ་ཅང་གསལ་བ་ཐེངས་མང་གསུངས། དགུང་ལོ་ལྔ་ལོན་པ་ན་ཀརྨ་པཀྴིས་དོན་རྒྱུད་ཀྱི་བསྟན་པ་གཏད་ཕྱག་དཔེ་དང་ཞྭ་ནག་སོགས་བསྩལ་ནས་བཀས་མངགས་པ་ལྟར་གྲུབ་ཐོབ་ཆེན་པོ་ཨོ་རྒྱན་པ་རིན་ཆེན་དཔལ་ལ་རིན་པོ་ཆེ་ཀརྨ་པ་འབྱོན་པ་ལ་འོད་ཀྱི་དྲ་བས་ཁེངས་པ་སོགས་གཟིགས་སྣང་ཤིན་ཏུ་གསལ་བ་མང་པོ་བྱུང་ཡང་། ད་དུང་ཉམས་སད་ཕྱིར་བསྟན་མཐོན་པོ་བཤམས། ནང་དོན་དུ་ཞབས་འབྲིང་རྣམས་ལ་དུང་འབུད་པ་སོགས་བསུ་བ་ཞུས་གསུངས། ཁོང་རང་ཉིད་ཀྱིས་གསང་བདག་གི་ཏིང་ངེ་འཛིན་མཛད་ནས་བཞུགས་པས་བྱིས་པ་དེ་ཨོ་རྒྱན་པའི་དྲུང་དུ་ཡོང་དུས། ཟིལ་གྱིས་མ་ནོན་པར་བག་ཚ་མེད་པར་དྲིལ་གདངས་ཤིག་ཡོད་པ་དེ་དཀྲོལ། སྟན་མཐོན་པོ་ལ་ཐད་ཀྱིས་འཛེགས་ནས་བཞུགས། ཁྱོད་སུ་ཡིན་གསུངས་པས་ཕྱག་མཛུབ་ནམ་མཁའ་ལ་སྒྲེངས་ནས་ང་ནི་མིང་ཡོངས་སུ་གྲགས་པའི་ཀརྨ་པའོ་གསུངས། སྔོན་གྱི་མཇལ་ལུགས་ཤོད་གསུངས་པས་ཐམས་ཅད་ཚིགས་བཅད་དུ་གསུངས། ངའི་ཞྭ་ནག་དང་དཔེ་ཆ་ཁྱེད་ལ་ཡོད་པ་གསུངས། དེ་བདེན་ཞེས་དབུ་ཞ་ཕུལ་བ་བཞེས། སླར་མར་བབས་ནས་ང་བླ་མ་ཡིན་ཀྱང་ད་ཆ་ཁྱེད་ཀྱིས་བསྐྱངས་དགོས་པ་འདུག ཡབ་ཡུམ་ལ་གསུངས་ཚུལ་རྣམས་ཞལ་འཛོམས་ཏེ་དྲིས་པས་ཕྱོགས་ཐམས་ཅད་ནས་རྟགས་ཐོན་ཐམས་ཅད་ཡིད་ཆེས་ཏེ་ཀརྨ་པཀྴིའི་ཡང་སྲིད་དུ་ངོས་འཛིན་མཛད། ངའི་བླ་མའི་གསང་མཚན་རང་བྱུང་རྡོ་རྗེ་ཡིན་པས་མཚན་ཡང་དེ་ག་འདོགས་སོ་གསུངས་ནས་མ་བསྒྱུར་བར་རང་བྱུང་རྡོ་རྗེ་རུ་གསོལ”[13]དེས་ན་ཀརྨ་རང་བྱུང་རྡོ་རྗེ་ནི་སྐུ་གོང་མའི་ལུང་བསྟན་དང་རང་སྟེང་གི་རྟགས་མཚན་དུ་མ་ལ་བརྟེན་ནས་སྐུ་ན་ཕྲ་མོའི་དུས་ནས་ངོས་འཛིན་བྱས་ཤིང་ཀུན་ལ་གྲགས་པ་ཞིག་ཡིན་པས། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་སྤྲུལ་ངོས་འཛིན་བྱས་པའི་ཐོག་མ་ཡིན་ནོ། །
དེ་ཡང་ཀརྨ་པའི་རབས་དང་པོ་དུས་གསུམ་མཁྱེན་པ་ནས་བརྩི་བ་དེ་སྤྲུལ་སྐུའི་རབས་ཡར་འདེད་བྱས་པ་ཙམ་ལས། ཀརྨ་དུས་གསུམ་མཁྱེན་པ་དང་། པཀྴི་གཉིས་བྱིས་པའི་དུས་ནས་ངོས་འཛིན་བྱས་པ་མ་ཡིན་ལ། འདི་འདྲའི་གོམས་སྲོལ་དེ་བོད་ཀྱི་སྤྲུལ་སྐུ་ཕལ་མོ་ཆེར་ཆགས་ཡོད་དོ། །
རྒྱལ་པ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ནི། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཁྲོད་ཀྱི་གནས་ཚུལ་ཁྱད་པར་བ་ཞིག་ཡིན་པ་དང་། ཁོང་གིས་ཡང་སྲིད་ཕྱི་མ་གང་དུ་འཁྲུངས་པའི་གནས་དང་། ལོ་ཟླ་དང་དུས་ཚིགས། ཕ་མ་དང་ཡང་སྲིད་ཀྱི་མཚན་ཟུར། རྟགས་དང་མཚན་མ་ཇི་ལྟར་འབྱུང་སོགས་ཇི་སྐད་ལུང་བསྟན་བཞིན་བྱུང་ན་དེ་ནི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་བྱེད་པ་ཡིན། དཔེར་ན། ད་ལྟ་ཞལ་བཞུགས་པའི་ཀརྨ་སྐུ་ཕྲེང་བཅུ་བདུན་པ་ཇི་ལྟར་བྱོན་ཚུལ་སྐོར་གྱི་གོ་རིམ་ཆ་ཚང་གཟུགས་སུ་ཕབས་ཡོད་པ་འདི་ལས་ཀྱང་གནས་ཚུལ་ཅུང་བརྒྱུད་རིམ་ལྡན་པ་ཞིག་རྒྱུས་ལོན་བྱེད་ཐུབ།
གསུམ། བོད་ཀྱི་སྤྲུལ་སྐུ་ཆེ་ཁག་རྒྱལ་པ་པཎ་ཆེན་གྱི་སྤྲུལ་སྐུ་ཇི་ལྟར་བྱོན་ཚུལ།
༡ རྒྱལ་པ་རིན་པོ་ཆེའི་སྤྲུལ་སྐུ་བྱོན་ཚུལ།
རྒྱལ་པ་རིན་པོ་ཆེའི་སྤྲུལ་སྐུ་ངོས་འཛིན་སྲོལ་ནི་རྒྱལ་དབང་སྐུ་ཕྲེང་གཉིས་པ་རྒྱལ་བ་དགེ་འདུན་རྒྱ་མཚོ(1475-1542)ནས་བྱུང་པ་ཡིན། ཁོང་བྱིས་པའི་དུས་སུ་སྐུ་སྐྱེ་སྔོན་མ་དྲན་པའི་རྟགས་མཚན་ཁྱད་པར་བ་མང་དུ་བྱུང་བར་བརྟེན། སྤྱི་ལོ1485ལོར་པཎ་ཆེན་ལུང་རིགས་རྒྱ་མཚོས(1418-?བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གསུམ་པ་ཡིན། ལོ་བཅུའི་རིང་ཁྲི་བསྐྱངས)གཙོས། བཀྲ་ཤིས་ལྷུན་པོའི་སློབ་དཔོན་རྣམས་བཀའ་བགྲོས་ཐོག་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱི་ཡང་སྲིད་དུ་ངོས་འཛིན་བྱས། འདི་ནི་དགེ་ལུགས་པའི་གྲུབ་མཐའ་ལ་མཚོན་ན་སྤྲུལ་སྐུའི་ཐོག་མ་ཡིན་ནོ། །
ཁོང་གི་རྟགས་མཚན་ཁྱད་པར་ཅན་དག་ལས་དཔེ་མཚོན་ཙམ་བཀོད་ན། དགུང་ལོ་གསུམ་པའི་དུས་སྐབས་ཤིག་ལ་ཡུམ་གྱིས་སྡིགས། བུ་ང་ནི་མི་སྡོད་བཀྲ་ཤིས་ལྷུན་པོར་འགྲོ། ཁང་པ་ཡང་འདི་བས་སྐྱིད་པ་ཡོད། བུ་རམ་ཟས་འཕྲོ་ཡང་ཡོད་ཟེར་བ་འདི་སྐུའི་སྐྱེ་བ་དྲན་པའི་གསུང་ཐོག་མ་ཡིན་པར་གྲགས། “རྒྱལ་བ་དགེ་འདུན་རྒྱ་མཚོ་ཡབ་གྱི་ཕང་ཐོགས་སྐབས་ནམ་མཁའི་དབྱིངས་ནས་འབྲུག་གྲགས་པ་གསན་ནས་ཡབ་ལ། ཕ་བློ་བཟང་གྲགས་པའི་ཆོས་གསུངས་པ་འདྲ་ཞིག་གོ་གསུངས་པར། ཡབ་གྱིས་ཕ་བློ་བཟང་གྲགས་པས་ཆོས་ཇི་ལྟར་གསུངས་དྲིས་པར། འོ་ལགས་སོ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་གསུངས་པ་རེད་ཅེས་རྗེ་དགེ་འདུན་གྲུབ་པས་རྗེ་ཙོང་ཁ་པ་ལས་ཆོས་གསན་པ་རྗེས་སུ་དྲན་པ་དང་། ཡང་དགུང་ལོ་གསུམ་གྱི་དུས་ཡུམ་གྱིས་སྡིགས་མོ་བྱས་པར། ཁྱེད་རང་ང་ལ་མ་སྡིགས་གསོལ་བ་ཐོབས་གསུངས། ཇི་ལྟར་འདེབས་ཞུས་པར། དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད། །ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད། །ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས། །འཕྲིན་ལས་རྒྱུན་མི་ཆད་ལ་གསོལ་བ་འདེབས། །འདི་ཐོན་གསུངས་ཏེ་སྐུ་ཚེ་དེ་ལ་ཚིགས་བཅད་རྩོམ་པའི་ཐོག་མ་ཡིན”[14]པར་གྲགས་པ་སོགས་ལ་བརྟེན་ནས་སྐབས་དེའི་མི་རྣམས་ཀྱིས་རྟ་ནག་ཕུ་ན་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡོད་པ་འདུག་ཟེར་བའི་གྲགས་པ་ཆེན་པོ་བྱུང། དགུང་ལོ་བརྒྱད་པའི་སྟེང་ཡབ་དང་མཉམ་དུ་བཀྲ་ཤིས་ལྷུན་པོར་ཕྱིན་ཏེ། དགེ་འདུན་པ་རྣམས་ལ་མང་ཇ་དྲངས། ཚོགས་མང་ལ་མཇལ་བ་ན། འདུ་ཁང་དུ་ཐོན་མ་ཐག་ཁྲི་ཁར་འཛེགས་ནས་ངས་དང་པོ་ཆོས་འཆད་དུས་འདི་ལྟར་བྱས་པ་ཡིན་ཞེས་སྨྲས་པ་དང་། བཀྲ་ཤིས་ལྷུན་པོ་རང་དུ་ཡོད་པའི་སྔོན་གྱི་དགེ་སློང་རྒན་པ། ཆོས་རྗེ་དཔལ་འབྱོར་དང་། གནས་བརྟན་དགེ་འདུན་སྒྲ་དབྱངས་ཟེར་བ་སོགས་ངོ་ཤེས་པ་དང་། ད་དུང་བདག་མོ་ཚེ་རིང་མས་ཕུལ་བའི་མཛོ་མོ་ལོ་ལོན་ཞིག་ཡོད་པ་ལ། མཛོ་མོ་འདི་ད་དུང་མ་ཤི་བར་འདུག་ཅེས་སྨྲས་པ་སོགས་རྟགས་ཁྱད་པར་ཅན་འདི་དག་མཐོང་བས་ཀུན་ལ་ཡིད་ཆེས་ཆེན་པོ་སྐྱེས་བར་གྲགས་སོ། །
ཁོང་གི་ཡང་སྲིད་ཕྱི་མ་རྣམས་ལ“ཏཱ་ལའི་བླ་མ”ཞེས་པའི་མཚན་སྙན་འདི་ནི་སོག་པོ་ཨལ་ཐན་རྒྱལ་པོས(俺答汗1507-1582)སྤྱི་ལོ་༡༥༧༨ལོར་རྒྱལ་པ་རིན་པོ་ཆེའི་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཕུལ་བའི་མཚན་བསྟོད་ཞིགཡིན། དེ་ཡང་གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་འབྲུག་སྡེར་མོ་ལྔས་མཚན་པའི་སྟེང“ཏཱ་ལའི་བླ་མ་བ་ཛྲ་ངྷ་ར”ཞེས་བརྐོས་ཡོད། “ཏཱ་ལ”ཞེས་པ་སོག་སྐད་དེ། བོད་སྐད་ཀྱི་དོན་ནི་རྒྱ་མཚོ་ཞེས་པ་ཡིན་ནོ། །དུས་དེ་ནས་བཟུང་རྒྱལ་པ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ“ཏཱ་ལའི་བླ་མ”ཞེས་པའི་འབོད་སྲོལ་བྱུང་། སྐབས་དེར་མི་ཆེན་ཐུག་དུས་ཕན་ཚུན་ལ་མཚན་བསྟོད་འབུལ་སྲོལ་ཡོད་པས་རྒྱལ་པ་བསོད་ནམས་རྒྱ་མཚོས་ཀྱང་ཨལ་ཐན་རྒྱལ་བོར“ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ”[15] ཞེས་པའི་མཚན་བསྟོད་གནང། དེས་ན་རྒྱལ་པ་རིན་པོ་ཆེའི་སྤྲུལ་སྐུ་ནི་རྒྱལ་པ་ཀརྨ་པ་ལྟར་རང་ཉིད་ཀྱིས་ཐུགས་ཐག་བཅད་པ་མ་ཡིན་པར། སྤྲུལ་སྐུའི་རྟགས་དང་ཁྱད་ཆོས་དང་ཡང་ན་ལྷ་མོ་བླ་མཚོའི་མཚོ་གཟིགས་སོགས་ལ་བརྟེན་ནས་ཐུགས་ཐག་གཅོད་དགོས་པ་ཡིན་ནོ། །
༢ པན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བྱོན་ཚུལ།
པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་ནི། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན(1567-1662)ནས་དར་པ་ཞིག་ཡིན། ཁོང་ལ་མཚོནའང་བྱིས་པའི་དུས་ནས་བཟུང་ལུང་རྟོགས་ཀྱི་ཡོན་ཏན་ངོ་མཚར་བ་མང་པོ་ཞིག་ཕྱིར་མངོན་པར་བརྟེན། དབེན་ས་པ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པ་བློ་བཟང་དོན་གྲུབ་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་པ་དང་། སློབ་གཉེར་ལ་མཐུན་རྐྱེན་འཛོམས་པོ་སྤྱར་བས་མཁས་ཤིང་གྲུབ་པའི་གྲགས་པ་ཤིན་ཏུ་རྒྱས། རྗེས་སུ་བཀྲ་ཤིས་ལྷུན་པོའི་སྤྱི་སོ་ནས་ཁྲི་ཐོག་ཏུ་ཕེབས་དགོས་པར་ཞུས་པ་ལྟར་སྤྱི་ལོ(1601)ལོར་ཁོང་དགུང་གྲངས་སོ་གཅིག་བཞེས་ཐོག་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས། ཁྲི་ཐོག་བཅོ་ལྔ་པ་ཡིན། དེ་ནས་བཟུང་དབེན་ས་པ་པཎ་ཆེན(གདན་རབས་ཀྱི་གོ་སའི་མིང)ཐམས་ཅད་མཁྱེན་པ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པ་དང་། སྐུ་ཚེ་གང་བོར་བཀྲ་ཤིས་ལྷུན་པོའི་པན་ཆེན་དུ་བཞུགས་པས། ཡང་སྲིད་ཕྱི་མ་རྣམས་ལའང་པན་ཆེན་གྱི་མཚན་སྙན་ཐོབ་ནས་བཀྲ་ཤིས་ལྷུན་པོར་བདག་སྐྱོང་མཛད་པ་རེད། ‘པན་ཆེན་ཨེར་ཏི་ནི’ཞེས་པའི་མཚན་སྙན་འདི་ནི་གོང་མ་ཁང་ཞི(康熙〈1662-1722〉)ཡིས་པན་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་དགུང་ལོ་ང་གཅིག་བཞེས་པ་སྤྱི་ལོ1713ལོར་ཕུལ་བ་ཞིག་ཡིན་ལ། དེ་ནས་བཟུང་ཁོང་གི་སྐུ་ཕྲེང་ཕྱི་མ་རྣམས་ལ་པན་ཆེན་ཨེར་ཏི་ནི་ཞེས་པའི་འབོད་སྲོལ་ཆགས། ‘པཎ’ཞེས་པ་རྒྱ་གར་སྐད་དེ་པཎྜི་ཏའི་བསྡུས་མིང་ཡིན། བོད་སྐད་དུ་བསྒྱུར་ན‘མཁས་པ’ཞེས་པའི་དོན་ཡིན། ‘ཆེན’ནི་བོད་སྐད་རང་ཡིན་ལ། ‘ཨེར་ཏི་ནི’ཞེས་མན་ཇུ་སྐད(ལ་ལས་སོག་སྐད་ཡིན་པར་བཤད)དེ་བོད་སྐད་བསྒྱུར་ན‘རིན་པོ་ཆེ’ཞེས་པའི་དོན་ནོ། ། གོང་གསལ་གྱི་སྤྲུལ་སྐུ་ཆེ་ཁག་གསུམ་གྱི་བྱུང་རིམ་ལས་ང་ཚོས་མཐོང་ཐུབ་པ་ནི། རྒྱལ་བ་ཀརྨ་པ་ལྟ་བུ་ཡིན་ན་རང་ཉིད་ཀྱི་སྤྲུལ་སྐུ་རང་ཉིད་ཀྱིས་ངོས་བཟུང་པ་དང་། རྒྱལ་པ་པཎ་གཉིས་ལྟ་བུ་ཡིན་ན་སྤྲུལ་སྐུའི་རྟགས་དང་ཁྱད་ཆོས་ལ་བརྟེན་ནས་ངོས་བཟུང་བ་ཡིན་པས། ལུགས་གཉིས་གང་ཡིན་ཡང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཁྲོད་བྱུང་པའི་ཆེས་ངོ་མཚར་ས་ཡིན་པས་ན་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་འདི་འཛམ་གླིང་གི་ངོ་མཚར་བའི་སྣང་ཚུལ་བདུན་གྱི་གྲས་སུ་ཚུད་ཐུབ་པ་བྱུང་། གོང་དུ་ཞུས་པ་ལྟར་བོད་དུ་ཆེས་ངོ་མཚར་བའི་སྤྲུལ་སྐུ་སད་པའི་ལམ་ལུགས་ཤིག་བྱུང་པའི་རྨང་གཞིའི་ཐོག ཕྱིས་སུ་ས་གནས་ཁག་གི་དགོན་སྡེ་དང་དབང་བསྒྱུར་མཁན་གྱི་མངའ་ཁོངས་རྒྱ་བསྐྱེད་ཀྱི་དགོས་མཁོར་ལྟར་སྤྲུལ་སྐུ་འཚོལ་བའི་ལམ་ལུགས་ཤིག་བྱུང་པ་ནི། ཕྱིས་སུ་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་རྣམ་པ་དང་གྲངས་ཀ་ངོ་བོ་སོགས་ཀྱི་ཆ་ནས་འགྱུར་ལྡོག་བྱུང་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ནོ། །
བཞི། བུད་མེད་རྟེནན་ཅན་གྱི་སྤུལ་སྐུ།
༡ བསམ་སྡིངས་རྡོ་རྗེ་ཕག་མོ།
བོད་དུ་ནང་བསྟན་དར་བ་དང་ཁྱད་པར་དུ་དུས་རབས་བརྒྱད་པ་ནས་གསང་སྔགས་ཀྱི་གཞུང་དང་གདམས་ངག་མང་དུ་དར་བ་དང་བསྟུན་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་སླེབས་པའི་བུད་མེད་ཀྱི་སྐྱེས་བུ་དམ་པའང་མང་དུ་བྱུང་བར་མ་ཟད། རྡོ་རྗེ་ཕག་མོའི་རྣམ་སྤྲུལ་དུ་གྲགས་པའི་བཤད་ཚུལ་ཀྱང་ཡོད་དེ། དཔེར་ན། མཁའ་སྤྱོད་མའི་རྣམ་སྤྲུལ་དུ་གྲགས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་། གཅོད་ཀྱི་གདམས་པའི་སྲོལ་འབྱེད་མཁན་མ་གཅིག་ལབ་སྒྲོན། མཁའ་འགྲོ་མ་བསོད་ནམས་འདྲེན་ལྟ་བུ། དེ་དག་ནི་ཕྱིས་སུ་བུད་མེད་ཀྱི་སྤྲུལ་སྐུ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོར་གྲགས་པ་ཆོས་ཀྱི་སྒྲོན་མེ་(1424-1458)ནི། བོད་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་རྒྱུད་དུ་མངའ་རིས་གུང་ཐང་གི་རྒྱལ་པོའི་ཕོ་བྲང་ནས་སྐུ་འཁྲུངས། ཐང་སྟོང་རྒྱལ་རྒྱལ་བོའི(1361-1485)རྣམ་ཐར་དུ། “དུས་དེར་རྡོ་རྗེ་ཕག་མོ་མིའི་ཟོལ་གྱི་སྐྱེ་རབས་ཕྲེང་བས་འགྲོ་བའི་དོན་མཛད་པ། མཁའ་འགྲོ་མ་བསོད་ནམས་འདྲེན་མའི་སྐྱེ་བ་གསུམ་པ་བོད་རྗེའི་སྲས་སུ་སྐུ་འཁྲུངས་པ། རྗེ་བཙུན་མ་ཆོས་ཀྱི་སྒྲོན་མེ་བྱོན། ” [15]ཞེས་པ་འདི་ལས་དུས་དེ་ནས་བཟུང་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ལུང་ལ་བརྟེན་ནས་རྣལ་འབྱོར་མ་ཆོས་ཀྱི་སྒྲོན་མ་ནི་རྡོ་རྗེ་ཕག་མོའི་སྤྲུལ་བ་ཡིན་པའི་བཤད་རྒྱུན་ཆགས་ཡོད་པ་ཤེས་ཐུབ།དོང་ཕྱོགས་ལས་རྣམ་རྒྱལ་(1375-1451)ལས་རབ་ཏུ་བྱུང་སྟེ་མཚན་དཀོན་མཆོག་རྒྱལ་མོར་གསོལ། སྡེ་སྣོད་མང་པོའི་ལུང་དང་། སྨིན་གྲོལ་གྱི་ཁྲིད། མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དབུས་གཙང་ཀུན་ལ་ཕྱག་ཕྱིར་བྱོན་པས་གྲུབ་ཐོབ་ཐང་སྟོང་དང་མཇལ་ཏེ་གསང་སྔགས་གསར་རྙིང་གི་ཆོས་མང་པོ་གསན། དེ་ནས་གྲུབ་ཐོབ་ཀྱི་བཀའ་ལྟར་ཙ་རིར་སྒྲུབ་པ་ཡུན་རིང་མཛད། ཡར་ལམ་མི་དབང་གྲགས་པ་རྒྱལ་མཚན་གྱི་བསུ་བའི་བཀོད་པ་དང་བཅས་ཆོས་རྒྱལ་ཉིད་ཀྱི་དཀོར་མཛོད་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ལོ་ཆ་ཚང་དང་། སྙན་གཡུ། སྐུ་རྒྱན་བཅས་ཕུལ་ནས་བསྟན་འགྲོའི་དཔལ་ཡོན་དམ་པ་བསོད་ནམས་ཀྱི་ཞིང་དུ་བདག་གིར་མཛད་དུ་གསོལ་ཞེས་ཞུས། དེ་ནས་མཁའ་འགྲོ་སེང་གདོང་མའི་ལུང་བསྟན་དང་། མཁའ་འགྲོ་སེང་གདོང་མ་ད་ལྟའི་དགོན་དེ་ཆགས་ཡུལ་དུ་ཐིམ་པའི་གཟིགས་སྣང་བྱུང་བས་ཡར་འབྲོག་ཏུ་བྱོན། ཡར་འབྲོག་ཁྲི་དཔོན་ནམ་མཁའ་རྒྱལ་མཚན་གྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་སྤྱི་ལོ་༡༤༤༠ལོར་བླ་མ་གཅིག་དང་གྲྭ་པ་དྲུག་ལས་གྲུབ་པའི་སྒྲུབ་སྡེ་ཆུང་ངུ་སྟེ་ད་ལྟའི་བསམ་སྡིངས་དགོན་པའི་གནས་གཞི་བཟུང་།གྲུབ་མཐའ་བོ་དོང་གི་ལུགས་སུ་གྲགས་མོད་ཡོངས་སུ་གྲགས་པ་ནི་བཀའ་བརྒྱུད་པའི་གྲུབ་མཐའ་ཡིན་ལ། ཕྱག་ལེན་ས་དགེ་བཀའ་རྙིང་རིས་མེད་ཕྱག་བཞེས་གནང་གི་ཡོད། རྡོ་རྗེ་ཕག་མོ་སྐུ་ཕྲེང་གཉིས་པ། རྗེ་བཙུན་ཀུན་དགའ་བཟང་མོ་(1459-1533)ནི། བོད་ལྗོངས་ཀོང་པོ་ཉིང་ཁྲི་རུ་སྐུ་འཁྲུངས། འདི་ནི་བོད་ཀྱི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ངོས་བཟུང་བ་ཐོག་ཡིན། ངོས་འཛིན་མཁན་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡིན་ཏེ། ཁོང་གི་རྣམ་ཐར་དུ། “དེ་ནས་རྗེ་བཙུན་ཆོས་ཀྱི་སྒྲོན་མེ་ཀོང་པོར་སྐུ་གཤེགས་པའི་ཐུགས་དམ་འདོགས་ཞུ་འབུལ་བ་ལ། ཉེ་གནས་དཔོན་བཙུན་མ་བདེ་ལེགས་ཆོས་འདྲེན་གྲུབ་ཆེན་པོའི་དྲུང་དུ་སླེབས་ནས། སྐུ་སྐྱེ་ཨེ་འབྱོན་ཞུས་པ་ན་བུ་མོ་འུ་རང་ཁ་རོག་སྡོད། ཁོང་གིས་མི་བསླུ་གསུངས་སྤྲུལ་བའི་སྐུ་ཅན་མ་གསར་བ་མྱུར་དུ་འབྱོན་པར་ལུང་བསྟན། ས་མོ་ཡོས་ལོ་ཤར་ཀོང་པོའི་ཡུལ་དུ་རྗེ་བཙུན་ཀུན་དགའ་བཟང་མོ་སྐུ་འཕྲུངས། གྲུབ་ཐོབ་ཆེན་པོའི་མདུན་དུ་སླར་ཡང་བདེ་ལེགས་ཆོས་འདྲེན་སླེབས། སྐུའི་སྐྱེ་བ་ཡིན་མིན་གྱི་ཐག་གཅོད་འདི་ནས་གནང་དགོས་ཞུས་པས། ཡིན་ཐག་གཅོད་ཀྱི་ལུང་བསྟན་མཛད། སྤྲུལ་ལོ་ལ་ཁོ་རང་གི་ཁ་གྲོལ་ཡོང་གསུངས”ཞེས་དང་། “གུང་ཐང་དུ་ཁྱེད་རང་གི་སྐྱེ་བ་སྔ་མའི་ཡུམ་མདོ་སྡེ་ལ་འཕོ་བ་མཛད་པར་ཅིས་ཀྱང་བྱོན་། དེ་ནས་རིམ་པར་གྲོས་བྱེད་གསུངས། མངའ་རིས་རྫོང་དཀར་དུ་ཕེབས། ང་ཀོང་པོར་འགྲོ་སྐབས་ཨ་མས་སྐྱེལ་མ་ལ་བྱོན་པའི་དུས། ངས་ཨ་མ་འགྲོངས་པའི་དབུ་སྔས་སུ་ཅིས་ཀྱང་སླེབ་པ་བྱེད་ཞུས་པ་མ་བསྙེལ་ཡོད་ལགས་སམ་གསུངས་པ་སོགས། སྐུའི་སྐྱེ་བ་སྔ་མའི་ལོ་རྒྱུས་མནལ་སད་པ་ལྟར་གསུངས་པས་གདུལ་བྱ་འུར་ལངས།”
༢ གུང་རི་མཁའ་འགྲོ་མ།
གུང་རུ་མཁའ་འགྲོ་མ་ནི་མདོ་སྨད་དུ་སྐད་གྲགས་ཆེ་བའི་བུད་མེད་རྟེན་ཅན་གྱི་སྤྲུལ་སྐུ་ཐོག་མ་ཡིན། གྲུབ་མཐའ་ནི་དགེ་ལུགས་པ་ཡིན། ཁོང་གི་སྐུ་ཕྲེང་དང་པོར་གྲགས་པ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན(མདོ་སྨད་ཆོས་འབྱུང་དུ། “དང་པོར་ལྷ་རྩེ་དཔོན་ཞིག་ལ་མདུན་མར་ཕེབས་པ་ཡིན་པས་ཡིན་ནམ་སྙམ་”ཞེས་དོགས་སློང་བཀོད་ཡོད།)ནི་ཆབ་མདོ་དང་བར་ཐག་ཉེ་བ་གོང་རུ་ཞེས་པའི་ས་ཆར་སྐུ་འཕྲུངས། འཁྲུངས་འདས་གསལ་བོ་ཞིག་རྙེད་དཀའ་མོད། དགེ་རྒན་གཙོ་བོ་སྐྱིད་ཤོད་སྡེ་བ་ཆོས་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ་(1593-1638)ཡིན་པར་བརྟག་ན། ཕལ་ཆེར་དུས་རབས་བཅུ་བདུན་པའི་སྟོད་ཙམ་འཁྲུངས་བར་ངེས། མཚན་གྱི་རྣམ་གྲངས་ལ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་དང་། བློ་བཟང་ཆོས་སྒྲོན། གུང་རུ་མཁའ་འགྲོ་མ་སོགས་སུ་འབོད། ལྷ་སར་གཏེར་མང་དུ་བཏོན་པ་དང་གྲུབ་པ་བརྙེས་པའི་གྲགས་སྐད་ཆེ། འཁོན་སྟོན་རྣམ་ཐར་མདོ་སྨད་ཆོས་འབྱུང་དུ་དྲངས་པ་ལས། “ལྷ་རྩེ་དཔོན་མོས་ལྷ་ས་ནས་བཏོན་ཟེར་བའི་དཔེ་ཆ་འགའ་དང་། ཕ་བོང་ཁ་ནས་གཏེར་འདོན་རྒྱུ་ཡིན་ཟེར་སྐུ་ཞབས་སུ་འོངས་པར། བརྟག་དཔྱད་གནང་བས་གཏེར་ཡང་ཟོབ་པ་དང་། གྲུབ་རྟགས་ལ་ཡང་ཐུགས་ཐེ་ཚོམ་བྱུང་བས་ཁྱོད་རང་གི་འཕྲིན་ལས་ལྷ་སར་འཕེལ་ཞིང་། གནས་འདི་ནས་གཏེར་བཏོན་ན་ས་བཅུད་ཉམས་འགྲོ་ཞེས་ཐབས་ཀྱིས་བརྫངས། མི་རིང་བར་དཔོན་མོ་འབྲུམ་པའི་ནད་ཀྱིས་ཐེབས། རྗེ་འདི་གདན་དྲངས་བཀའ་དབང་བྱབས་ཁྲུས་གནང་བས་དྭངས།”གསུངས་པ་དང་། རྒྱལ་དབང་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་དུ། མོས་བཏོན་པའི་གཏེར་ཆོས་སོགས་ལ་གཟིགས་པས། “ལྷ་རྩེ་དཔོན་མོ་སྤྲེའུ་དང་ཐང་ཆུའི་དཔེ་ཡིན་ཤས་ཆེ་ཡང་།” ཞེས་དང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་མགུར་འབུམ་དུ“སྐུས་རྫུ་འཕྲུལ་སྟོན་ལ་ཐོགས་མེད་པ། །ཡུལ་གུང་རུའི་ཡེ་ཤེས་མཁའ་འགྲོ་མས། །གཏེར་བུམ་པ་ཤེལ་དགོན་བྲག་ནས་བཏོན། །”གསུངས་པ་སོགས་ལ་དཔྱད་ན། སྐབས་དེར་དམངས་ཁྲོད་དུ་གཏེར་སྟོན་པ་དང་གྲུབ་ཆེན་པའི་མཚན་སྙན་ཅུང་རྒྱས་ཡོད་ནའང་། ཤེས་ལྡན་པ་ཕལ་ཆེར་ཞིག་གི་མིག་ལམ་དུ་མོའི་གཏེར་སྟོན་གྱི་ལས་དང་གཏེར་ཆོས་དེ་དག་ཡག་པོ་ཞིག་ཏུ་མི་བརྩི་བ་དང་། མོའི་གྲུབ་པ་དེའང་ལ་ལས་གདེངས་འཇོག་མཐོ་བ་དང་འགའ་ཤས་ཀྱིས་ཐེ་ཚོམ་ངང་བཏང་སྙོམས་སུ་བཞག་འདུག་པ་ཤེས་ཐུབ། ཕྱིས་སུ་མདོ་སྨད་དུ་བྱོན། མཚན་ལ་བློ་བཟང་ཆོས་སྒྲོན་དུ་གྲགས། བྱ་ཁྱུང་དང་སྐུ་འབུམ་སོགས་སུ་མཐུན་རྐྱེན་སྒྲུབ། སྡེ་བ་ཆོས་རྗེའི་ཞབས་ལ་གཏུགས། ཤེལ་དགོན་ནས་ཚེ་ཆུའི་བུམ་པ་གཏེར་ནས་བཏོན་པ་སོགས་ཀྱི་དབང་གིས་མདོ་སྨད་དུ་འཕྲིན་ལས་ཅུང་རྒྱས་པར་གྱུར།
སྐུ་ཕྲེང་གཉིས་པ་བློ་བཟང་སྒྲོལ་མ།
རྣམ་ཐར་གསལ་བོ་ཞིག་རྙེད་དཀའ་མོད། ཐ་ཐོར་འགའ་འདུག་པ་གཞིར་བཅས་ན། ཕལ་ཆེར་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་རྒན་རྒྱའི་ཤིས་སྐོར་བེའུ་ཚང་དུ་འཁྲུངས། 《མདོ་སྨད་ཆོས་འབྱུང》་དུ། “དེའི་སྤྲུལ་སྐུ་བློ་བཟང་སྒྲོལ་མ། དབུས་ལམ་ནས་ཁམས་གུང་རུར་ཕེབས་ཏེ། མགོན་ཁང་མཇལ་རྒྱུ་ཡིན་བྱས་པར། མཁའ་འགྲོ་མ་གཤེགས་ནས་མགོན་ཁང་གི་སྒོ་འབྱེད་མ་མྱོང་། ལྡེ་མིག་གར་ཡོད་མི་ཤེས་ཟེར། ལྡེ་མིག་འདི་ན་ཡོད་ཅེས་སྙན་ཤལ་མང་པོའི་གསེབ་ནས་ལྡེ་མིག་བླངས། སྒོ་ཕྱེ་བས་མཁའ་འགྲོ་མ་གཤེགས་དུས་སྦར་བའི་མར་མེ་ད་དུང་ཡོད་པས་གུང་རུ་མཁའ་འགྲོ་མའི་སྐྱེ་བར་ངོས་བཟུང་། གཞུང་ནས་བཀའ་ཤོག་གིས་གཟེངས་བསྟོད་བགྱིས།” ཞེས་བཀོད་འདུག ལོ་རྒྱུས་རྒྱུ་ཆ་འདི་ནི་ཁོང་གི་ལོ་རྒྱུས་ཧྲིལ་བོའི་ཁྲོད་ཀྱི་ཆེས་གལ་ཆེན་ཞིག་ཡིན་པས་འདིར་ཇི་བཞིན་བཀོད་པ་ཡིན། ཕྱིས་སུ་ཕ་ཡུལ་དུ་ལོག་ནས་རྒན་རྒྱའི་བྲག་དཀར་གྱི་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་བཞེངས་པས་མདོ་སྨད་ཕྱོགས་སུ་གནས་གཞི་བརྟན་པོ་ཚུགས། ད་དུང་མཁའ་འགྲོ་མ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། བཟོ་རྩལ་ལ་ཤིན་ཏུ་མཁས་པ་དེ་ཡིན། དཔེར་ན། སྐུ་འབུམ་བྱམས་པ་གླིང་ཀུན་གསལ་ལྷ་ཁང་གི་གཡས་སུ་ཀུན་དགའ་ར་བ་ཉིས་བརྩེགས་ཅན་གྱི་དབུས་སུ་རྗེ་ཙོང་ཁ་པའི་སྐུ་བརྙན་རྒྱུ་ལི་ལས་གྲུབ་པ་སྐུ་སྟོད་རང་བྱོན་དུ་གྲགས་པ་དེ་ཡང་མཁའ་འགྲོ་མ་འདིས་བཞེངས་པ་ཡིན་ནོ། །
ཕྲེང་དང་པོར་གྲགས་པ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་ནི་སྤྲུལ་སྐུ་ངོས་འཛིན་བྱས་པ་མ་ཡིན་པར། ཁོང་ཞལ་བཞུགས་པའི་སྐབས་དེར་ལྷ་ས་དང་མདོ་སྨད་ཕྱོགས་སུ་གཏེར་སྟོན་པ་དང་གྲུབ་ཆེན་པར་གྲགས་ཤིང་། སྤྱིར་བཏང་གི་བུད་མེད་དང་མི་འདྲ་བའི་དམ་པའི་སྤྱོད་པ་དུ་མ་མངོན་དུ་གྱུར་བར་བརྟེན། དམངས་ཁྲོད་དུ་རང་བཞིན་གྱིས་ཁོང་ལ་གུང་རི་མཁའ་འགྲོ་མ་ཞེས་པའི་གུས་ཚིག་གི་ཐ་སྙད་དེ་ཆགས་པར་གྱུར།
གུང་རུ་མཁའ་འགྲོ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་དེ་ནི། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཕལ་མོ་ཆེ་དང་འདྲ་བར་སྤྲུལ་སྐུ་ཡར་འདེད་བྱས་པ་ནས་བྱུང་ཞིང་། ཁོང་ངོས་འཛིན་བྱེད་པའི་སྲོལ་དངོས་ནི་སྐུ་ཕྲེང་གཉིས་པ་བློ་བཟང་སྒྲོལ་མ་ནས་བྱུང་། བློ་བཟང་སྒྲོལ་མ་ལ་མཚོན་ན། དབུས་སུ་འགྲོ་བའི་ལམ་བར་དུ་རང་བྱུང་གི་རྟོགས་པ་མངོན་དུ་གྱུར་དེ་གུང་རུའི་མགོན་ཁང་གི་ལྡེ་མིག་རྙེད་པ་དེ་གཙོ་བོ་ཡིན་ཞིང་། རྐྱེན་དེ་ལ་བརྟེན་སྡེ་བ་གཞུང་ནས་བཀའ་ཤོག་གིས་གཟེངས་བསྟོད་བགྱིས་པ་ནས་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་གྱི་སྤྲུལ་སྐུར་གྱུར། དེ་ནས་རིམ་བཞིན་སྐུ་ཕྲེང་དྲུག་པ་སྐལ་བཟང་དམ་ཆོས་སྒྲོལ་མའི་(རེབ་གོང་རྒྱལ་བོ)བར་བྱུང་ངོ་། །
ལྔ། སྤྲུལ་སྐུ་འཚོལ་ལུགས།
༡ ཟན་རིལ་བསྒྲིལ་པ་ལ་བརྟེན་ནས་ངོས་འཛིན་ཚུལ།
བླ་མ་ཚད་ལྡན་ཞིག་གིས་རང་གི་ཡི་དམ་གྱི་ལྷ་ལ་གསོལ་བ་དྲག་ཏུ་བཏབས་ཏེ་ཁྲིམས་བཅོལ་རྒྱས་པར་བཏང་པའི་རྨང་གཞིའི་སྟེང་། ཐོག་མར་མོ་འདེབས་དང་ལྷ་འབེབས་གང་རུང་གི་ཐབས་ལ་རྟེན་ནས་ས་ཕྱོགས་གང་དུ་འཁྲུངས་ཡོད་པ་བརྟག་པ་བྱེད་དགོས། ས་ཕྱོགས་གཏན་ཏུ་འཁེལ་རྗེས་ཕྱོགས་དེ་གར་བླ་མའི་འདས་འཁྲུངས་དང་འཚམ་པའི་བྱིས་པ་ཡོད་ཚད་ཀྱི་མིང་དང་སྐྱེས་ལོ་ཟླ་ཚེས་ཕ་མའི་མིང་སོགས་བསྡུ་དགོས། གལ་ཏེ་བྱིས་པ་བརྒྱ་བསྡུས་ན། བླ་མས་དེ་དག་ཚན་ཆུང་གཉིས་སུ་བགོས་ནས་ཚན་ཆུང་རེར་བྱིས་པ་ལྔ་བཅུ་ལྔ་བཅུ་རུ་བགོས་ཏེ་ཚན་ཆུང་གང་གི་ནང་དུ་ཡོད་པ་མོ་ཡི་བརྟག་ཐབས་ལ་རྟེན་ནས་བརྟག་པ་བྱེད་དགོས། ཚན་ཆུང་གཉིས་ཀའི་ནང་མེད་ན་ཡང་བསྐྱར་འཚོལ་དགོས་ལ། གལ་ཏེ་ཚན་ཆུང་གཉིས་ཀའི་གང་རུང་ནང་ཡོད་ན། ད་དུང་ཚན་ཆུང་གཉིས་སུ་བགོས་ཏེ་སྔར་བཞིན་མོ་ཡི་བརྟག་ཐབས་ལ་བརྟེན་ནས་བརྟག་པ་བྱས་ཏེ་མཐར་བྱིས་པ་གསུམ་ལ་གཏུགས་དགོས། བྱིས་པ་གསུམ་གྱི་ནང་གི་གང་ཡིན་ཐག་གཅོད་པ་དེ་ངེས་པར་ཟན་རིལ་བསྒྲིལ་བའི་ཐབས་ལ་བརྟེན་པ་ཡིན། དེ་ཡང་ཉིན་བཟང་སྐར་བཟང་ཞིག་གདམ་སྟེ་ཚད་ལྡན་གྱི་བླ་མ་གཙོས་དགེ་འདུན་པ་འགས་ཡི་དམ་གྱི་ཆོ་ག་ཆད་ལྷག་མེད་པར་བཏོན་ཏེ་ཡི་དམ་ལྷ་བསྒྲུབས་རྗེས་ཡི་དམ་གྱི་ལྷ་ལ་ཁྲིམས་བཅོལ་གཏོང་བ་དང་། དེ་ནས་ཚང་མས་མཐོང་ས་ནས་ཤོག་བུ་ཆེ་ཆུང་མེད་པ་གསུམ་དྲས་རྗེས་ཤོག་བུ་རེ་རེའི་སྟེང་བྱིས་རེ་རེའི་མིང་དང་བྱིས་པ་དེའི་ཕ་མའི་མིང་སོགས་བྲིས་ནས་འདྲིལ་རྗེས། སྲན(རྩམ་པ་ཡིན་ནའང་ཆོག)སྲང་ལ་འཇལ་ཏེ་ཡང་ལྕི་མེད་པ་གསུམ་བཅོས་ནས་ཟན་རེ་རེའི་ནང་བྱིས་པ་རེ་རེའི་མིང་སོགས་ཡོད་པའི་ཤོག་དྲིལ་དེ་ཟན་གྱི་ནང་བཅུག་ནས་རིལ་བུར་བཟོ་དགོས། དེ་ནས་གསེར་དངུལ་ཟངས་གསུམ་གང་རུང་གི་རྒྱུ་ལས་གྲུབ་པའི་གཞོང་བ་ཞིག་གི་ནང་འཇོག་ཅིང་། དེར་བཞུགས་ཀྱི་དགེ་འདུན་པ་ཚང་མས་བླ་མ་མཆོད་པའི་ཆོ་ག་སོགས་འདོན་དང་། བླ་མ་དང་མགོན་པོ་དབྱེར་མེད་པའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་གཞོང་བ་དེ་དལ་མོ་བྱས་ནས་གཡས་ཕྱོགས་སུ་བསྐོར་ན་རིལ་བུ་ཞིག་ཐོག་མར་གཞོང་བ་ལས་མར་རས་ཁུག་ཏུ་ལྡང་འགྲོ་བ་ཡིན། ཚང་མས་མཉམ་དུ་མར་ལྡང་བའི་རིལ་བུ་དེའི་ཁ་ཕྱེས་ནས་ཕ་མ་སུའི་བྱིས་པ་ཡིན་མིན་ལ་བལྟ་དགོས། ཕ་མ་སུའི་བྱིས་པའི་མིང་ཡོད་ན་དེ་བླ་མའི་སྐུ་སྐྱེ་ཡིན་པར་ངོས་འཛིན་བྱེད།
༢གསེར་བུམ་དཀྲུག་འདོན་ལ་བརྟེན་ནས་ངོས་འཛིན་ཚུལ།
གསེར་བུམ་དཀྲུག་འདོན་ལ་བརྟེན་ནས་ཐུགས་ཐག་གཅོད་པའི་བྱེད་ཐབས་དེ་ནི། གོང་མ་ཆན་ལུང(乾隆〈1711-1799〉)གི་རིང་ལ་བྱུང་པ་ཞིག་ཡིན་ཏེ། སྐབས་དེར་བོད་སོག་གི་བླ་སྤྲུལ་ངོས་འཛིན་ཐད་རྩོད་གཞི་མང་དུ་བྱུང་བར་བརྟེན། རྩོད་གཞི་དེ་ཞི་འཇགས་ཡོང་ཆེད་གོང་མས་སྤྱི་ལོ(1792)ལོར། ཆེད་དུ་ལྷ་སའི་ཇོ་ཁང་དང་། པེ་ཅང་གི་དགའ་ལྡན་བྱིན་ཆགས་གླིང(雍和宫)གཉིས་སུ་གསེར་བུམ་རེ་གནང་སྟེ། གསེར་བུམ་དཀྲུག་འདོན་གྱི་ཐབས་ལ་བརྟེན་ནས་སྤྲུལ་སྐུ་ཐུགས་ཐག་གཅོད་པའི་སྲོལ་དེ་གཏན་འཁེལ་བྱས། ལྷ་སའི་གསེར་བུམ་དེ་ནི་གཙོ་བོ་དབུས་གཙང་གི་བླ་སྤྲུལ་ཆེ་ཁག་རྒྱལ་པ་པཎ་ཆེན་ལྟ་བུ་ཐུགས་ཐག་གཅོད་ཕྱིར་གནང་པ་དང་། པེ་ཅང་གི་དགའ་ལྡན་བྱིན་ཆགས་གླིང་གི་གསེར་བུམ་དེ་ནི་གཙོ་བོ་མདོ་ཁམས་དང་སོག་པོའི་བླ་སྤྲུལ་ཆེ་ཁག་སྟེ། དཔེར་ན། ལྕང་སྐྱ་ཚང་དང་། ཆུ་བཟང་ཚང། ཐུའུ་བཀན་ཚང་ལྟ་བུ་ཐུགས་ཐག་གཅོད་ཕྱིར་གནང་པ་ཞིག་ཡིན། བོད་སོག་གི་སྤྲུལ་སྐུ་ཆེ་ཁག་དེ་དག་ཐུགས་ཐག་གཅོད་སྐབས། ཐོག་མར་སྔར་སྲོལ་གྱི་ཆོ་ག་ནང་བཞིན་དོགས་གཞི་ཆེ་བའི་བྱིས་པ་གསུམ་མན་བཙལ་པ་ན། ཕྱོགས་ལྷུང་དབང་གིས་རྩོད་པ་བྱུང་ཚེ་ད་གཟོད་གསེར་བུམ་དཀྲུག་པའི་ཐབས་ལ་བརྟེན་པ་ཡིན། ཇི་ལྟར་གཅོད་ཚུལ་ནི། དོགས་གཞི་ཆེ་བའི་བྱིས་པའི་མཚན་དང་འཁྲུངས་ལོ་ཟླ་ཚེས་དང་བཅས་པ། བོད་མན་རྒྱ་གསུམ་གྱི་ཡི་གེ་བ་སོའི་བྱང་བུ་ངོས་སུ་བྲིས་ཏེ་གསེར་བུམ་ནང་བཞག་ནས་ཆོ་ག་ལེགས་པར་བསྒྲུབས་རྗེས་ཐོག་མར་གང་ཐོན་པ་དེ་སྤྲུལ་སྐུ་ཡིན་པར་ངོས་འཛིན་བྱེད། རྟགས་མཚན་མངོན་གསལ་ལྡན་པའི་བྱིས་པ་གཅིག་ལས་མེད་ན། བྱིས་པ་དེའི་མིང་སོགས་ཡིག་རིགས་གསུམ་གྱིས་བ་སོའི་བྱང་བུ་ངོས་སུ་འབྲི་དགོས་ཤིང་། དེ་དང་མཉམ་དུ་མཚན་སོགས་བྲིས་མེད་པའི་བྱང་བུ་ཞིག་ཀྱང་གསེར་བུམ་ནང་བཞག་དེ་དཀྲུགས་དགོས། གལ་ཏེ་མཚན་བྱང་མེད་པ་དེ་ཐོན་ན་སླར་ཡང་འཚོལ་དགོས། རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི་བོད་དུ་གསེར་བུམ་དཀྲུག་འདོན་གྱི་ཐབས་ལ་བརྟེན་ནས་ཐུགས་ཐག་བཅད་པའི་སྤྲུལ་སྐུའི་ཐོག་མ་ཡིན། སྐབས་དེར་དོགས་གཞི་ཅན་གྱི་སྤྲུལ་སྐུ་གསུམ(ལི་ཐང་གི་གཅིག །ཆབ་མདོའི་གཉིས)བྱུང་ཞིང་གང་ཡིན་ཐག་གཅོད་དཀའ་བར་གྱུར་པ་ན། ཚེ་སྨོན་གླིང་ནོ་མིན་ཧན་གྱིས་གཙོས་སེར་སྐྱ་ལྷན་རྒྱས་ནས་གསེར་བུམ་དཀྲུག་འདོན་གྱི་ཐབས་ལ་བརྟེན་ཐག་གཅོད་རྒྱུར་ཞལ་འཆམས། སྤྱི་ལོ་1822ལོའི་བོད་ཟླ1ཚེས15ཉིན་གསེར་བུམ་དཀྲུག་འདོན་གྱི་ཐབས་ལ་བརྟེན་ནས་དངོས་སུ་ཐུགས་ཐག་བཅད་པ་ཡིན། རྗེས་སུ་རྩོད་གཞི་ཅན་གྱི་བོད་སོག་གི་བླ་སྤྲུལ་མི་ཉུང་པ་ཞིག་ཐབས་ལམ་འདི་ལ་བརྟེན་ནས་ཐུགས་ཐག་བཅད་པར་སྣང་ངོ་། །
༣ ཆོས་འཁོར་རྒྱལ་གྱི་ལྷ་མོའི་བླ་མཚོར་བརྟེན་ནས་ངོས་འཛིན་ཚུལ།
ལྷ་མོ་བླ་མཚོའི་གནས་སྒོ་འབྱེད་མཁན་ནི་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཡིན་ཏེ། ཁོང་གི་རང་རྣམ་དུ“དཔལ་ལྡན་ལྷ་མོའི་བླ་མཚོར་གྲགས་པ་འདི་ནི། དེ་གོང་ལུག་ལོའི་དབྱར་སྨད་ངེད་རང་ལ་མཚོ་ཁྱད་པར་ཅན་དེ་འདྲ་ཡོད་པའི་སྣང་བ་ཤར་ཏེ་རྩད་དཔྱད་པས། ཡུལ་མི་རྒྱུས་ཅན་འགས། མཚོ་ཤིན་ཏུ་གཉན་པ་འགྲམ་དུ་སྐད་ཆེ་བ་བཏོན་ན་ཡང་སེར་བ་འབབ་པ་སྐད་འདོན་པ་ཞིག་ཡོད་ཟེར་བ་ཐོས་ནས། ཐོག་མར་འཚོལ་དུ་བཏང་བས་ཁུངས་རྙེད་དེ་ངེད་དཔོན་སློབ་བཅུ་ལྷག་ཞིག་གནས་སྒོ་འབྱེད་དུ་ཕྱིན། སྒོ་སྲུང་གི་མཚོ་ཆུང་ཞིག་འདུག་པ་དེར་གཏོར་མ་བཏང་ནའང། ཤིན་ཏུ་གཉན་པར་འདུག་པས་གནད་ཡར་མ་བྱུང་པ་མ་གཏོགས་རྟ་བརྡབས་ཤིག་ཀྱང་བྱུང་། དེ་ནས་མཚོ་ཞལ་ལ་ཁར་སླེབས་པའི་ཚེ་མཚོ་དཀར་ཆིལ་ལེ་བ་ཞིག་འདུག་པ་དེར་དཔལ་ལྡན་ལྷ་མོ་བསྐྱེད། སྤྱན་དྲངས་པ་ན་ཤར་ཕྱོགས་ནས་བུ་ཡུག་ཅིག་བྱུང་སྟེ་མཚོ་དེ་ལ་བབས་པ་དང་དེ་མ་ཐག་མཚོ་དེ་སྔར་བས་མདོག་འགྱུར་ཏེ། རེས་འཇའ་ཚོན་སྣ་ལྔའི་དྲ་བ་དང་། རེས་ཕོ་བྲང་རྒྱ་ཕིབས་དང་བཅས་པ་ལྔ་སྦྲགས་ཤིག་མངོན་སུམ་ལྟ་བུར་སྣང་པ་དང་། ཡང་མཚོ་དེ་ནམ་མཁའི་མདོག་ལྟ་བུ་གཉིས་སུ་སོང་པ་འདྲ་བའི་ནང་ནས་དབྱིབས་གྲུ་བཞི་དང་། ནར་སྟབས་ཡོད་པའི་རི་དེའུ་རྣམ་པ་ཅན་གཉིས་སྔར་མེད་ལ་ནམ་མཁར་སྙེག་པ་བཞིན་ལངས་ཏེ་ཤིན་ཏུ་འཇིགས་ཤིང་ལྟད་མོ་ཆེ་བར་བྱུང་། དེ་གཉིས་ཤས་ཆེར་གདོང་ཅན་གཉིས་ཀྱི་ཆོ་འཕྲུལ་དུ་འདུག་གོ །རེས་མཚོ་ཐམས་ཅད་གནམ་དུ་ཁོལ་བ་ལ་འོ་མའི་མདོག་ལྟ་བུ་དང་། མདོར་ན་ཆུ་རང་ཁ་བའི་མདོག་ཏིལ་ཙམ་མེད་ཅིང་། གཟུགས་སྣང་ངོ་མཚར་བ་ཇི་རྙེད་ཅིག་ངེད་ཐམས་ཅད་ཀྱིས་མཐུན་པར་མཐོང་། དེ་ནས་བཟུང་ད་བར་མཚོ་མཇལ་ལ་མང་དུས་ལྔ་བརྒྱ་ལྷག་ཙམ་འདུས་པ་ལ་ཡང་མཐོང་སྣང་མཐོང་ཚུལ་ཕྱོགས་གཅིག་པར་དཔལ་ལྷ་མོའི་གཞལ་ཡས་ཁང་དང་། ཕྱག་མཚན། ཆིབས་ཀྱི་དྲེའུ་ཆེ་ཆུང་ཁ་དོག་མང་པོ། རླུང་ནག་འཚུབ་མ། དཔག་བསམ་གྱི་ཤིང་སོགས་འདི་འཆར་དང་འདི་མི་འཆར་གྱི་དབྱེ་བ་བརྗོད་མི་ཤེས་པ། སྔར་མ་མཐོང་པ་རྣམས་ཀྱིས་གཏམ་ཐོས་ནའང་བློར་མི་ཤོང་ཞིང་། མཐོང་ན་སེམས་དད་པས་རང་དབང་མེད་པར་བྱེད་པ་རྒྱུན་མ་ཆད་པར་ཡོད་ཅིང་། འོལ་ཁ་པའི་རིགས་གྲྭའི་སྐབས་སུ། ནང་སོ་ཆོས་རྗེ་མཚོ་ཞལ་ལ་བྱོན་དུས་ངེད་རང་གིས་ཀྱང་ཕྱིན་པས། མཚོ་ནང་ནས་དངོས་སུ་དཔངས་ཐོག་ཚད་གསུམ་ཙམ་ཡོད་པའི་རྟ་བའི་རྣམ་པ་གཙོ་འཁོར་གསུམ་དང་། མི་བོངས་ཉིས་འགྱུར་སུམ་འགྱུར་ཙམ་གྱི་ལུས་ཚད་དང་ལྡན་པའི་རེས་འགའ་དགེ་འདུན་གྱི་རྣམ་པ། རེས་འགའ་སྐྱ་བོའི་རྣམ་པ་ལྔ་བརྒྱ་ཙམ་ཡོད་པ་འདྲ་བ། རེས་འགའ་ཕྱོགས་གཅིག་ཏུ་འདུ། རེས་འགའ་སྐོར་ཚོམས་བྱེད། རེས་འགའ་མཚོ་ནང་ལ་འགྲོ་བ་སོགས་སྣ་ཚོགས་པ་ཞིག་དེ་ཉིན་ཐམས་ཅད་ཀྱིས་གཟིགས་ཐུབ་པ་བྱུང་ངོ་། །དེས་ན་གནས་འདི་དཔལ་ལྡན་ལྷ་མོས་སྐྱོང་བར་ངེས་ཤིང་། དེའི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་མཛད་པའི་ཚུལ་བརྗོད་ཀྱིས་མི་ལང་སྟེ་ཟུར་ཙམ་མོ། །”[16] ཞེས་གསུངས་པ་འདི་ལས་མཚོ་འདིའི་གནས་སྒོ་སུས་ཇི་ལྟར་ཕྱེ་བ་དང་ཁྱད་ཆོས་ཅི་ཡིན་སོགས་གསལ་བོར་བསྟན་འདུག་པ་དང་། རྗེས་སུ་མི་སུ་དང་གང་ཞིག་ཡིན་ཡང་དེའི་རང་གི་མདུན་མ་སོགས་གང་ཡིན་བལྟ་བ་དང་། སྐྱེས་བུ་དམ་པའི་སྐུ་སྐྱེ་གང་དུ་འཁྲུངས་པ་སོགས་བརྟག་སའི་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྲུལ་སྐུ་འཚོལ་མཁན་གྱིས་ཐོག་མར་རྟགས་མཚན་ཡོད་པའི་བྱིས་པ་རྣམས་ལ་བརྟག་པ་བྱས་རྗེས་མཐར་ཐག་གཅོད་མ་ཐུབ་ཚེ། བརྟག་པ་བྱེད་པའི་མི་སྒོར་ཞིག་ཆེད་དུ་རྩ་འཛུགས་བྱས་ནས་ལྷ་མོའི་བླ་མཚོའི་ཁར་སོང་ནས། ལྷ་མོའི་ཆོ་ག་ནང་ལྟར་མཚོ་བསྒྲུབས་ཏེ་ཁྲིམས་བཅོལ་བཏང་ན། ད་གཟོད་སྤྲུལ་སྐུ་གང་དུ་འཁྲུངས་ཡོད་པའི་ཕྱོགས་དང་། གནས། ཁྱིམ་དང་བཅས་གསལ་བོ་ཞིག་མཚོ་ལ་ཤར་ཐུབ་པར་གསུངས། དཔེར་ན། རྭ་སྒྲེང་རིན་པོ་ཆེའི་གཙོས་རྒྱལ་དབང་བཅུ་གསུམ་པའི་སྤྲུལ་སྐུ་འཚོལ་སྐབས། མཚོ་གཟིགས་སུ་གསལ་བོར་ཤར་བར་མ་ཟད། ཐ་ན་ཁོང་གི་ཁྱིམ་གྱི་སྒོ་ཁའི་སྡོང་བོ་ཡང་ཤར་ཡོང་བར་གསུངས་པ་ལྟ་བུའོ། །
༤ པྲ་འབེབས་པ་ལ་བརྟེན་ནས་སྤྲུལ་སྐུ་ངོས་འཛིན་ཚུལ།
པྲ་འབེབས་པ་ལ་བརྟེན་ནས་ལྐོག་གྱུར་བརྟག་ཚུལ་འདི་ནི་བོད་དུ་བྱུང་བའི་གསང་བ་མན་ངག་གི་སྐོར་གྱི་གདམས་ངག་ཅིག་ཡིན་ལ། གདམས་ངག་འདིའི་བྱུང་བ་ནི། བོད་ཀྱི་ལོ་རྒྱུས་རྙིང་པ་ལྟར་ན། “སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་”ཞེས་པའི་ནང་གི་ལྡེའུ་ཡི་བྱེ་བྲག་ཅིག་ཡིན་པར་བཤད་པས་ཕལ་ཆེར་གཉའ་ཁྲི་བཅན་པོའི་དུས་ནས་ཡོད་པར་སྣང་ལ། ཕྱིས་སུ་ནང་བསྟན་བོད་དུ་དར་བ་ནས་བོད་ཀྱི་ནང་བསྟན་དུའང་པྲ་འབེབས་པའི་ཆོ་ག་ཕྱག་ལེན་སོགས་བྱུང་། བོད་ཀྱི་ནང་བསྟན་ཁྲོད་ཀྱི་པྲ་འབེབས་གདམས་ངག་འདིའི་འབྱུང་ཁུངས་ནི། “སློབ་དཔོན་པདྨས་ཕ་མ་གཉིས་འཛོམས་ཀྱི་བུ་དང་བུ་མོ་ཁག་ཅིག་ལ་པྲ་འབེབས་པ་ཟེར་བ་མི་ལ་ལྷ་འདྲེ་ཁོག་ཞུགས་བྱས་པའི་ལུགས་སྲོལ་ཐོག་མར་བཙུགས་ཤིང་། དེང་སང་ལྷ་འབེབས་པ་ཟེར་བ་དེ་སྐབས་ཐོག་མར་བྱུང་།” ཞེས་དང་།[17]《སྒྲོལ་མ་དཀར་མོ་དང་ལྷ་མོའི་སྒོ་ནས་པྲ་འབེབས་སྣང་སྲིད་གསལ་བའི་མེ་ལོང་》ཞེས་པར་“ཆོས་སྐུ་སྣང་བ་མཐའ་ཡས། །ལོངས་སྐུ་ཐུགས་རྗེ་ཆེན་པོ། །སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་གསུངས་པའི་རྒྱུད་ལས་སྣང་གསལ་པྲ་འབེབས་”[18]ཞེས་གསུངས་པ་དང་། ཆོ་ག་དེའི་ནང་གི་མཆོད་བསྟོད་སྐབས་སུ་“རིག་པ་འཛིན་པ་སློབ་དཔོན་པདྨ་འབྱུང་གནས། རྒྱལ་སྲས་བཞད་པའི་རྡོ་རྗེ་བར་གོང་དང་འདྲ་ལ”[19]ཞེས་དང་།《གསང་སྔགས་པྲ་འབེབས་ཀྱི་གདམས་ངག་ཁྱད་པར་ཅན་》ཞེས་པའི་མཇུག་གི་གསལ་བཤད་དུ་“འདིའི་བརྒྱུད་པ་ནི། ཀ་མདོ་ཞབས་དྲུང་དཀོན་མཆོག་ཚུལ་ཁྲིམས། དེས་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ། བཀའ་བཅུ་ཚུལ་ཁྲིམས་དཔལ་ལྡན། ཨ་ལག་ཤ་རབ་འབྱམས་པ། མཁྱེན་རབ་དཔལ་བཟང་དེ་དག་གོ”[20]ཞེས་སོགས་གསུངས་པ་ལས། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་པྲ་འབེབས་གདམས་པ་འདིའི་ཁུང་ནི་སློབ་དཔོན་པདྨ་ལ་གཏུགས་ཡོད་པ་དང་། ཉེ་རབས་སུ་ལྕང་སྐྱ་སོགས་དགེ་ལུགས་པའི་ནང་དུའང་གདམས་པ་འདིའི་རྒྱུན་ཡོད་པ་གསལ།
ཕྱིས་ཀྱི་རྒྱུན་འཛིན་ཁྲོད་པྲ་གཏད་སའི་ཡི་དམ་མི་འདྲ་བའི་དབང་གིས་ཇོ་མོ་སྒྲོལ་མའི་ལུགས་དང་། དཔལ་ལྡན་ལྷ་མོའི་ལུགས་སོགས་ཡོད་ལ། ད་དུང་ཐུགས་རྗེ་ཆེན་པོ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་པྲ་འབེབས་ཚུལ་ཡང་བྱུང་ཡོད།
པྲའི་རིགས་ལ་སྤྱིར་བཏང་སོག་པ་དང་སྐུད་པ་ལ་བརྟེན་པའི་པྲ་འབེབས་ཚུལ་སོགས་རིགས་ཅུང་མང་པ་ཡིན་མོད་ཡོངས་གྲགས་སུ་མེ་ལོང་པྲ་ཕབ་དང་མཐེ་བོང་པྲ་འབེབས་གཉིས་ཅུང་རྒྱུགས་ཆེ། པྲ་འབེབས་མཁན་ལ་མན་ངག་གི་རྒྱུན་མ་ནོར་པ་ཡོད་པའི་རྨང་གཞིའི་སྟེང་བསྙེན་པ་ཚད་ལྡན་བཏང་ཡོད་པ། པྲ་འབེབས་བྱའི་ཡུལ་ཚད་ལྡན་འཛོམས་པ་ན་པྲ་འབེབས་མཁན་གྱིས་ཆོ་ག་ཆད་ལྷག་མེད་པར་ལེགས་པར་སྒྲུབ་ན་ད་གཟོད་ལྐོག་གྱུར་གྱི་དོན་དེ་མེ་ལོང་དུ་གཟུགས་བསྙན་ཤར་བ་ནང་བཞིན་གསལ་གྱི་ལེར་ཤར་བར་བཤད་དོ། །
བོད་དུ་སྤྲུལ་སྐུ་ལམ་ལུགས་བྱུང་བ་དང་བསྟུན་པྲ་འབེབས་ཀྱི་ཐབས་ལ་བརྟེན་ནས་སྤྲུལ་སྐུ་འཚོལ་བའི་ལམ་སྲོལ་ཀྱང་བྱུང་ཡོད། ཡིན་ནའང། དང་ཐོག་ལྷ་འབེབས་པ་དང་ལྷ་མོ་བླ་མཚོའི་མཚོ་གཟིགས་གང་རུང་སྔོན་དུ་བཏང་ནས་ཕྱིས་སུ་པྲ་འབེབས་ཀྱི་ཐབས་ལ་བརྟེན་ནས་བདེན་དབང་བྱེད་པའི་སྲོལ་དར། དཔེར་ན། པཎ་ཆེན་སྐུ་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་སྤྲུལ་སྐུ་ངོས་འཛིན་སྐབས། དང་ཐོག་བཀའ་ཤག་སྲིད་གཞུང་གིས་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་ཕབ་སྟེ་འབྲས་བུ་པཎ་ཆེན་སྐུ་ཕྲེང་བརྒྱད་པར་ཕུལ་སྟེ་སྤྲུལ་སྐུ་ངོས་འཛིན་གྱི་ལས་དོན་ཞུས། ཁོང་གིས་པྲ་འབེབས་ཀྱི་ཐབས་ལ་བརྟེན་ནས་བརྟག་པ་བྱས་པ་ན་ལྷ་སའི་ཤར་ལྷོའི་ཕྱོགས་ན་ཡོད་པའི་མཚན་མ་གཅིག་མཐུན་བྱུང་བ་ལྟ་བུའོ། ། ༥ སྤྲུལ་སྐུ་དང་བླ་མ་གཉིས་ཀྱི་ཁྱད་པར། མདོ་ཕྱོགས་ཀྱི་དབང་དུ་བཏང་ན་སྤྲུལ་སྐུ་ཡིན་ན་གོང་དུ་ཞུས་པ་ལྟར་སངས་རྒྱས་ཡིན་དགོས་པར་མ་ཟད། གདུལ་བྱའི་ཆེད་དུ་བསམ་བཞིན་དུ་གང་ལ་གང་འཚམ་དུ་སྐུའི་སྐྱེ་བ་བཞེས་པའམ། ཡང་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་འམ་སྐྱས་བུ་དམ་པ་གང་རུང་ཞིག་གི་སྐུའི་སྐྱེ་བ་ཡིན་དགོས། “བླ་མ”ཞེས་པ་ཇི་ལྟ་བུ་ཡིན་ཞེ་ན། ཐོག་མར་བླ་མ་ཞེས་པའི་སྒྲ་བཤད་ཀྱི་སྟེང་ནས་བཤད་ན། “ཡོན་ཏན་གྱི་གོང་མ”ཞེས་པའི་དོན་ཡིན་ལ། དོན་དངོས་སུ་དགེ་བའི་བཤེས་གཉེན་དང་། དགེ་རྒན། བླ་མ་སོགས་དོན་གཅིག་མིང་གི་རྣམ་གྲངས་ཡིན། དེ་བས་བླ་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཡིན་པའི་ངེས་པ་མེད་པར་མ་ཟད། ད་དུང་ལམ་མ་ཞུགས་ཀྱི་དགེ་བའི་བཤེས་གཉེན་ཡོད་པར་ཕར་ཕྱིན་གྱི་གཞུང་ལས་གསུངས་ཡོད། བླ་མ་དང་དགེ་བའི་བཤེས་གཉེན་གྱི་ཁྱད་པར་ནི་སྤྲུལ་སྐུའི་ལམ་ལུགས་འཕེལ་རྒྱས་སུ་སོང་བའི་གོ་རིམ་ཁྲོད་བྱུང་པ་ཞིག་ཡིན་པ་མ་གཏོགས། སྤྲུལ་སྐུའི་ལམ་ལུགས་མ་བྱུང་པའི་སྔོན་དང་གཞུང་ལུགས་རྣམས་སུ་དེ་གཉིས་ལ་ཁྱད་པར་མེད་དོ། །རྗེས་སུ་བླ་མ་ལ་སྤྲུལ་སྐུ་དང་། སྐུ་ལོ། སྐུ་འབའ། སྐུ་སྐྱེ། ཨ་ལགས་སོགས་འབོད་སྲོལ་སྣ་ཚོགས་ཤིག་བྱུང་ཡོད་པ་ལས་ང་ཚོས་གསལ་བོར་མཐོང་ཐུབ་པ་ནི། སྤྲུལ་སྐུ་ལམ་ལུགས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་སྔར་སྲོལ་གྱི་སྤྲུལ་སྐུ་སད་པའི་ལམ་ལུགས་ཤིག་ཡོད་པ་དེའི་རྨང་གཞི་ལ་བརྟེན་ནས། རང་ལ་དད་པ་ཡོད་པའི་དགེ་བའི་བཤེས་གཉེན་ནམ། རང་ལ་བཀའ་དྲིན་ཆེ་བའི་མི་གྲགས་ཅན་ཞིག་འདས་ན། དེའི་རྣམ་ཤེས་འཚོལ་བར་འདོད་པ་དང་། དེའི་རྣམ་ཤེས་ཤིག་བཙལ་བ་ལ་བརྟེན་ནས་གྲུབ་མཐའ་དང་དགོན་སྡེ་ལ་བདག་པོ་རྒྱག་ཏུ་འཇུག་ཆེད་སྤྲུལ་སྐུ་འཚོལ་བའི་ལམ་ལུགས་ཤིག་དར་དགོས་བྱུང་པ་རེད།
ས་ཆ་ལ་ལར་ཨ་ལགས་ཞེས་པ་དཔོན་བརྒྱུད་ཀྱིས་འཛིན་པའང་ཡོད་དེ། དཔེར་ན། རེབ་གོང་འགར་རྩེ་སྡེ་བར་འགར་རྩེ་ཨ་ལགས་ཟེར་བ་ཞིག་ཡོད། ཨ་ལགས་དེར་མཚོན་ན་ཁོ་གྲོངས་ཡང་སྐུ་སྐྱེ་འཚོལ་སྲོལ་མེད་དེ། རྒྱུ་མཚན་ནི་ཁོའི་ཨ་ལགས་ཀྱི་གོ་ས་དེ་དཔོན་རྒྱུད་ཀྱིས་འཛིན་དགོས་པས། ཁོའི་ཚབ་ཏུ་ཁོའི་བུའམ་ཡང་ན་ཚ་བོ་ཞིག་འཇོག་དགོས་པ་ཡིན། ཡིན་ནའང་སྡེ་བ་དེར་མཚོན་ན་འགར་རྩེ་ཨ་ལགས་ནི་ཆོས་སྲིད་གང་ཆ་ནས་ཡང་གོ་གནས་མཐོ་བ་ཡིན། སྡེ་དེའི་མི་ཞིག་ཤི་ན་ཐོག་མར་སྔས་མགོ་བླ་མར་འགར་རྩེ་ཨ་ལགས་ཞུ་དགོས་པ་མ་ཟད། བླ་མ་སུ་ཞུས་ཀྱང་བསྔོ་རྟེན་འགར་རྩེ་ཨ་ལགས་ལ་འབུལ་རྒྱུའི་ཡན་བུད་མི་ཆོག་པའི་ཕྱག་སྲོལ་ཡོད་པ་ལྟ་བུའོ། །
གསུམ་པ། སྔོན་བྱོན་དམ་པའི་གདེངས་འཇོག
“རྒྱ་གར་དང་མི་འདྲ་བའི་བོད་ཡུལ་འདིར་བླ་མ་གདུང་དང་སྐྱེ་བས་འཛིན་པ་གཉིས་འདུག་པའི་སྔ་མ་ནི་ལུགས་གཉིས་ཀའི་ཡོན་ཏན་རྣམས་ཕ་ཤུལ་བུ་འཇགས་ལྟ་བུས་བར་གསེང་མེད་ཅིང་བུ་སློབ་འཁོར་འབངས་རྣམས་ཀྱང་བག་ཕེབས་པར་སྣང་ལ། ཕྱི་མ་ནི་གོང་མ་ལས་གོ་ལྡོག་ཅིང་ཤི་གསོན་གྱི་དཀོར་ནག་སོགས་ཟིང་ཟིང་གི་འབུལ་བ་མ་ཎི་བའི་རྟེན་སྒམ་ལྟར་ལེན་རྒྱུ་རྣམས་རྒྱུན་འཆད་པའི་དབང་གིས། རྗེས་འཇུག་ཚོར་བླ་མ་གྲོངས་པ་ལས་སྐྱེ་བ་མ་བྱུང་པའི་སེམས་ངལ་ཆེ་ཞིང་། ཡུལ་གྲུ་ཆེ་གེ་མོ་ཞིག་ན་བྱིས་པ་ལ་ཕ་མ་སོགས་ཀྱིས་གཡོ་སྒྱུས་བཟོས་པ་འདྲ་ལ་ཚམ་ཚོམ་མེད་པར་བདག་ཏུ་བཟུང་པའི་བཞུགས་གྲལ་ལ་ཚུད་ངེས་ཀྱི་ཐག་ཁྲ་སྦྲུལ་དུ་མཐོང་པ་ལྟར་སྐྱེས་བོ་དུ་མ་རི་བོང་ཅལ་འདྲོག་གི་དཔེ་ལ་བརྟེན་ཝ་སྐྱེས་སེང་གེར་བརྫུས་པའི་སྣང་ཚུལ་ཁོ་ན་སྟེ”[21] ཞེས་དང་། “ དུས་ཆེས་ཆེར་སྙིགས་པ་དང་བསྟུན་སྐུ་སྐྱེ་འཚོལ་བའི་སྲོལ་བཟང་པོ་རྣམས་རིམ་གྱིས་ཉམས་ནས་རང་འདོད་གང་བྱུང་གིས་བླ་རྒན་རེ་གྲོངས་ན་སྤྲུལ་སྐུའམ་ཞབས་དྲུང་དང་། སྐུ་ལོའམ་སྐུ་འབའ་ཞེས་གཅེས་མིང་གིས་བཏགས་པ་ཞིག་བཙལ་ནས་འདོན་ཆོག་ཙམ་ལས་ཡོན་ཏན་ཅི་ཡང་མི་སློབ་པར་ཟང་ཟིང་སྡུད་པའི་ཚོང་རྟེན་བྱེད་ཅི་ཐུབ་དང་། བླང་དོར་ལ་རྨོངས་པའི་སྐྱེས་བུ་རྣམས་བསླུ་གང་ཐུབ་བྱེད་པ་ནི་ངེས་པར་བསྟན་པ་ལ་གཅེས་པར་འཛིན་པ་ཞིག་གིས་བལྟས་ན་ཤིན་ཏུ་ཡ་ང་བའི་གནས་སོ། །”[22]ཞེས་དང་། “ཨ་རིག་དགེ་བཤེས་ཆེན་མོ་སྐུ་འདའ་ཁར་སློབ་མ་རྣམས་ཀྱིས་སྐུ་སྐྱེ་འཁྲུལ་མེད་ཅིག་འབྱོན་པར་ཞུས་པ་ན། སྤྱིར་ཁོ་ལ་རང་དབང་ཡོད་ན་ཡིད་དགའ་ཆོས་འཛིན་དུ་འགྲོ་བས་སྐུ་སྐྱེ་མེད། གལ་ཏེ་དགོས་ན་བྱིས་པའི་དུས་སུ་ལམ་རིམ་དང་སྔགས་རིམ་གཉིས་བློ་ཐོག་ནས་ཤར་ཤར་འདོན་ཤེས་པ་ཙམ་དུ་མ་ཟད། ཁྱི་གཏུམ་པོས་དེད་ཀྱང་ཁ་ནས་མི་ཆད་པ་ཞིག་རྙེད་ན་ཁོའི་སྐུ་སྐྱེ་ཡིན”[23] ཞེས་དང་། “སྦྲང་མ་མི་སྐད་སྨྲ་བ་ལྟས་ངན་མིན། །ཆོས་མི་ཤེས་ཀྱང་ཆོས་གཏམ་གཞན་ལས་ཆེ། །བླ་མའི་གཟུགས་ཀྱིས་ཐུབ་བསྟན་ཉམས་བྱེད་པའི། །རྒྱུད་འཛིན་བླ་མ་ཐམས་ཅད་ལྟས་ངན་ཡིན། །”[24] ཞེས་དང་། པན་སྐུ་ཕྲེང་བཅུ་པ་ཆོས་གྱི་རྒྱལ་མཚན་མཆོག་གིས་འཇིགས་བྱེད་དཔལ་གཅིག་གི་དབང་གི་སྟ་གོན་སྐབས་སུ། “ད་ལྟ་མི་མང་པོ་ཞིག་གིས་ང་ལ་སྤྲུལ་སྐུ་ཐུགས་ཐག་གཅོད་རྒྱུའི་སྐོར་གླེང་གི་འདུག སྤྲུལ་སྐུ་ཐུགས་ཐག་གཅོད་རྒྱུ་དེ་ང་ལ་འགན་འཁུར་ཡོད་ལ་ཏང་ཀྲུང་དབྱང་གིས་ཀྱང་ང་ལ་དབང་ཆ་གནང་ཡོད། དེ་རིང་ངས་བྱིས་པ་ཞིག་ལ་མིང་བཏགས་ཆོག་པ་ཡིན། དད་ལྡན་མང་ཚོགས་ཀྱིས་ཁོ་ལ་དད་མོས་དང་རེ་ལྟོས་ཆེན་པོ་རྒྱག་གི་རེད། ཡིན་ནའང་ཁོས་མང་ཚོགས་ལ་ཕན་ཐོགས་རྒྱུ་དེ་ཁག་པོ་རེད། དེ་བས་སྤྲུལ་སྐུ་ཐུགས་ཐག་གཅོད་པའི་སྐོར་གླེང་དུས་ངའི་མགོ་ན་གི་འདུག” ཁོང་གི་ཕྱག་མཛུབ་གྱིས་རང་གི་མགོ་བོ་སྟོན་གིན་འདུག སྐབས་དེར་ང་རང་ཁོང་གི་བཞུགས་ཁྲིའི་མདུན་དག་དག་ན་ཡོསད་པས་ཁོང་གི་གསུང་དང་རྣམ་འགྱུར་ཚང་མ་གསལ་བོར་མཐོང་ཐོས་ཐུབ། “དེ་བས་ཐོས་བསམ་སྒོམ་གསུམ་དང་བསླབ་པ་སློབ་གཉེར་ལ་བརྩོན་པའི་མི་ལ་ང་རང་ཡིད་སྨོན་འཆོར་གིན་ཡོད། ”ཅེས་གསུངས་པ་སོགས་ལས་བསྟན་པ་དང་སེམས་ཅན་གྱི་དོན་ངོ་མ་བསམ་པའི་དམ་པ་དག་གིས། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ལ་དགའ་བོ་བྱེད་གི་མེད་པ་ཤེས་ཐུབ་བོ། །
བཞི་པ། སྤྱི་སྡོམ།
བོད་དུ་ཐུན་མོང་མ་ཡིན་པའི་རིག་གཞུང་ནང་བསྟན་བྱུང་བ་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། རིམ་གྱིས་དེར་ཐོས་བསམ་སྒོམ་གསུམ་གྱི་མ་ལག་ཆ་ཚང་བྱུང་ཞིང་། ལྷག་པར་གདམས་ངག་ཟབ་མོའི་སྐོར་ཉམས་སུ་ལེན་མཁན་མང་དུ་བྱུང་པས་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་སླེབས་པའི་སྐྱེས་བུ་དམ་པའང་ཟམ་མ་ཆད་དུ་བྱུང་བ་སོགས། ཕྱི་ནང་གི་ཆ་རྐྱེན་ངེས་ཅན་འཛོམས་པའི་རྨང་གཞི་ལ་བརྟེན་ནས། ཐོག་མར་བཀའ་བརྒྱུད་པའི་གྲུབ་མཐར་སྤྲུལ་སྐུ་སད་པའི་ལམ་ལུགས་བྱུང་ཞིང་། རིམ་གྱིས་གྲུབ་མཐའ་སོ་སོའི་རང་རང་གི་མངའ་ཁོངས་དང་མཆོད་གཞིས་རྒྱ་བསྐྱེད་ཆེད་སྤྲུལ་སྐུ་འཚོལ་བའི་ལམ་ལུགས་བྱུང་ངོ་། །
ལོ་ངོ་བདུན་བརྒྱ་ལྷག་གི་སྤྲུལ་ལམ་ལུགས་ཀྱི་འཕེལ་རྒྱས་ཁྲོད་རིམ་གྱིས་སྤྲུལ་སྐུ་ལམ་ལུགས་དེ་གྲལ་རིམ་གྱི་ངོ་བོ་ངེས་ཅན་ཞིག་ཏུ་གྱུར་པ་དང་། སྤྲུལ་སྐུ་ཁོ་ལ་མཚོན་ན་ཐུན་མོང་མ་ཡིན་པའི་ཁྱད་དབང་དང་རྒྱ་ཆེ་བའི་མི་དབངས་མང་ཚོགས་ཀྱིས་དད་འདུན་དང་གོང་བཀུར་བྱེད་པའི་ཆོས་ལུགས་ཀྱི་རྣམ་པ་ཅན་གྱི་གོམས་སྲོལ་ཆགས་ཡོད་ལ། དམིགས་ཡུལ་གཙོ་བོ་ནི་དབང་བསྒྱུར་མཁན་གྱི་ཁེ་ཕན་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་རེད།
སྤྲུལ་སྐུ་འཚོལ་ལུགས་ཀྱི་ཆ་ནས་བལྟས་ན་སྤྲུལ་སྐུ་ཕལ་ཆེར་ཞིག་དབང་བསྒྱུར་གྲལ་རིམ་ནང་ཁུལ་གྱི་ཁེ་ཕན་ལ་དམིགས་ནས་འཚོལ་བ་དང་། གལ་ཏེ་དབང་བསྒྱུར་གྲལ་རིམ་ནང་ཁུལ་གྱི་ཁེ་ཕན་དང་མ་འཚམས་ཚེ་སྤྲུལ་སྐུ་གཞན་འཚོལ་བའམ་ཡང་ན་སྤྲུལ་སྐུ་དེ་བགྲོངས་བའི་གནས་ཚུལ་ཀྱང་མང་དུ་བྱུང་ཡོད། དམངས་ཁྲོད་དུའང་“བླ་མ་ཕལ་ཆེར་ཕྱུག་པོ་པང་ནས་འཁྲུངས། །མེ་ཏོག་ཕལ་ཆེར་ཆུ་བོ་འགྲམ་ནས་སྐྱེས། །”ཞེས་པའི་ངག་རྒྱུན་འདི་ལས་ཀྱང་སྤྲུལ་སྐུ་འཚོལ་ལུགས་ཀྱི་ངོ་བོ་དེ་གསལ་བར་བསྟན་ཡོད་པ་རེད།
བོད་ཀྱི་ནང་བསྟན་ལོ་རྒྱུས་ཀྱི་ཆ་ནས་བལྟས་ན། ཐོག་མར་རྒྱ་གར་ནང་བཞིན་མཁན་པོའི་ལམ་ལུགས་བྱུང་ཞིང་། རིམ་གྱིས་ནང་བསྟན་དེ་མི་སྒེར་དང་ཡང་ན་ཚོགས་པ་གང་རུང་གི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་རུ་གྱུར་པ་ནས་ངོ་བོ་ཆབ་སྲིད་ཡིན་ལ་རྣམ་པ་ཆོས་ལུགས་ཡིན་པའི་སྤྲུལ་སྐུ་ལམ་ལུགས་བྱུང་།
སྤྱིར་བཤད་ན་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་བོད་ཀྱི་ནང་བསྟན་འཕེལ་རྒྱས་སུ་ཕྱིན་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པའི་རྟགས་མཚན་ཞིག་ཡིན་སྲིད་མོད། ཡིན་ནའང་སྤྲུལ་སྐུ་ལམ་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་ནི་བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དང་མི་རིགས་ཀྱི་འདུ་ཤེས་ཤེས་སོགས་ལ་གནོད་པའི་རུ་རྩི་རུ་གྱུར་འདུག
བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། ད་ལྟའི་ཚད་ཐུབ་ཀྱི་བཀའ་དང་བསྟན་བཅོས་མང་པོ་ཞིག་སྤྲུལ་སྐུ་ལམ་ལུགས་མ་བྱུང་གོང་གི་མཁན་པོ་དང་ལོ་ཙྭ་པའི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་དང་། སྤྲུལ་སྐུ་ལམ་ལུགས་བྱུང་བ་ནས་བོད་ཀྱི་རིག་གནས་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་ཡར་རྒྱས་སུ་ཕྱིན་ཡོད་མོད། ཡིན་ནའང་། ཡར་རྒྱས་ཀྱི་དམིགས་རྒྱངས་ཐུང་ཞིང་མདུན་ལམ་གུ་དོག་པོ་ཡིན་པར་མ་ཟད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཁྲོད་མི་འཇོན་ཐང་ཅན་བསྐྱེད་སྲིང་དང་། དེ་དག་གི་ནུས་པ་སྔོག་འདོན་དང་དར་སྤེལ་བྱེད་པར་གེགས་རྐྱེན་ཚབས་ཆེན་བཟོས་ཡོད།
[1] མཆན། རྒྱལ་དབང་སྐུ་ཕྲེང་བཞི་པ་ཡན་ཏན་རྒྱ་མཚོ(〈1589-1616〉ནི་སོག་ཡུལ་དུ་འཁྲུངས་པའི་སྤྲུལ་སྐུའི་ཐོག་མ་ཡིན། ཁོང་སོག་པོ་མཁར་སྔོན་པོ་རུ་ཇིང་གིར་གྱི་གདུང་རྒྱུད་ཨལ་ཐན་རྒྱལ་པོའི་ཚ་བོ་སེ་ཆེན་ཆོས་ཁུར་གྱི་སྲས་སུ་འཁྲུངས) ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན(〈1634-1732〉ཇིང་གིར་རྒྱལ་བོའི་གདུང་རྒྱུད་དུ་སྐུ་འཁྲུངས དགུང་ལོ་བཅོ་ལྔའི་ཐོག་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཇོ་ནང་ཏཱ་ར་ནཱ་ཐའི་སྤྲུལ་སྐུར་ངོས་འཛིན་མཛད) ལུང་ཁུངས། [1] ནོར་བྲང་ཨོ་རྒྱན་གྱིས་བསྒྲིགས་པའི《དགེ་ལུགས་པའི་ཞལ་འདོན་ཕྱོགས་བསྒྲིགས》ཀྱི་ཤོག་ངོས607ན་གསལ། 1997ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། [2][3]རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི《རྒྱན་འགྲེལ་སྤྱི་དོན་རོལ་མཚོ》(སྨད་ཆ)ཡིཤོག་ངོས510ན་མདོའི་ཚིག་ལུང་འདྲེན་བྱས་ཡོད514ན་གསལ། 1989ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། [4]རྗེ་ཙོང་ཁ་པས་མཛད་པའི《ལེགས་བཤད་གསེར་གྱི་ཕྲེང་བ》ཡི་ཤོག་ངོས1089ན་གསལ། 1986ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། [5]དགེ་བཤེས་དཔལ་ལྡན་བཟང་པོས་བརྩམས་པའི《གསེར་ཕྲེང་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ》ཡི་ཤོག་ངོས༧༠༢ན་ལུང་འདྲེན་བྱས་ཡོད། 2004ལོར་འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གིས་བཏོན། [6][7]དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་ཤོག་ངོས90དང95ན་གསལ། 2006ལོར་མི་རིགས་དཔེ་སྐུན་ཁང་གིས་བསྐྲུན།
[8]དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བརྩམས་པའི《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》ཤོག་ངོས78ན་གསལ། 1981ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། [9][10][11][12][13]རིན་ཆེན་དཔལ་བཟང་གིས་བརྩམས་པའི་མཚུར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང》ཤོག་ངོས347དང373དང374དང373དང366ན་གསལ། 1994ལོར་མི་རིགས་དཔེ་སྐུན་ཁང་གིས་བསྐྲུན། [14][22][23]རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མཛད་པའི《རང་གི་བྱུང་བ་བརྗོད་པ་ཐོས་དོན་རྣ་བའི་བདུད་རྩི》ཡི་ཤོག་ངོས524 དང་525དང518ན་གསལ། 1987ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
[15]རྒྱལ་དབང་ལྔ་པས་མཛད་པའི་《རྒྱལ་དབང་གསུམ་པ་བསོད་ནམས་རྒྱལ་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་》 ལྷ་སའི་ཤིང་པར། ཤོག་ངོས་96ན་གསལ།
[16]རྗེ་དགེ་འདུན་རྒྱ་མཚོས་མཛད་པའི《རང་རྣམ》ཤིང་པར་མའི་ཤོག་ངོས28ན་གསལ།
[17]དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའིབོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཤོག་ངོས29ན་གསལ། 2004ལོར་མི་རགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།
[18][19]མཛད་པ་པོ་མི་གསལ། 《སྒྲོལ་མ་དཀར་མོ་དང་ལྷ་མོའི་སྒོ་ནས་པྲ་འབེབས་སྣང་སྲིད་གསལ་བའི་མེ་ལོང་》སྣ་ཐུང་ལག་བྲིས་མ།
[20]མཛད་པ་པོ་མི་གསལ། 《གསང་སྔགས་པྲ་འབེབས་ཀྱི་གདམས་ངག་ཁྱད་པར་ཅན་བཞུགས་སོ།》 སྣ་ཐུང་ལག་བྲིས་མ།
[22]རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་མཛད་པའི《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་ལས་གླེགས་བམ་དང་པོ་བཞུགས》གི་ཤོག་ངོས12ན་གསལ། 1989ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། [24]ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་མགུར་འབུམ། བོད་གནའ་དེང་རིག་གནས་འཛིན་སྐྱོང་དར་སྤེལ་གླིང་གིས་བསྒྲིགས། ལྡེབ་རིང་། ཤ52བ་ཐ2ན་གསལ།
བསྐྲུན།
[25] [26]འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི《ཐང་སྟོང་རྒྱལ་པོའི་རྣམ་ཐར་》གྱི་ཤོག་ངོས281ན་གསལ།1982 ལོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་གིས་བསྐྲུན།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
བོད་ཀྱི་སྤྲུལ་སྐུ་ལམ་ལུགས་བྱུང་འཕེལ་སྐོར་བཤད་པ།