དེ་ཡང་གཞི་གང་ལ་བརྟེན་ནས་རིག་པ་སྦྱོང་བ་ཡིན་ཞེ་ན།ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཤེས་རབ་སྙིང་བོའི་མདོའི་ཕྱོགས་གཅིག་དཔྱད་གཞི་བྱས་ནས་སྦྱོང་རྒྱུ་ཡིན།དེས་ན་མདོ་དེ་ཉིད་ལས།མིག་མེད།རྣ་བ་མེད།སྣ་མེད།ལྕེ་མེད།ལུས་མེད།ཡིད་མེད།གཟུགས་མེད།སྒྲ་མེད།དྲི་མེད།རོ་མེད།རེག་བྱ་མེད།ཆོས་མེད་དོ།།ཞེས་མིག་གི་ཁམས་ནས་ཆོས་ཀྱི་ཁམས་བར་མེད་པར་གསུངས་པ་འདི་མ་བརྟག་མ་དཔྱད་པའི་ཚེ་དགོད་བྲོ་བ་ཞིག་ཡིན་ཡང་ངེས་དོན་དུ་མིག་གི་ཁམས་ནས་ཆོས་ཀྱི་ཁམས་བར་བདེན་པར་མ་གྲུབ་ཅེས་པའི་དོན་དུ་གོ་བ་ལེན་དགོས།འོ་ན་བདེན་པར་མེད་པའི་ཚུལ་ཇི་འདྲ་བ་ཡིན་ཞེ་ན།འདི་ལ་ཁོ་བོའི་བློས་དཔོག་ཚོད་ཙམ་ཞིག་ཞུ་ན།ང་ཚོར་ཆུ་དང་ཁང་བ་རི་བོ་སོགས་གང་སྣང་ཡང་བློ་སྐྱོན་མེད་ཅིག་ལ་སྣང་བའི་སྒོ་ནས་དེ་དག་ལ་མིང་འདོགས་པ་དང་ཁྱད་པར་སྣ་ཚོགས་འབྱེད་པ་ལས་བློ་སྐྱོན་མེད་ལ་སྣང་བ་མ་བརྟེན་པར་ཆུ་དང་ཁང་བ་རི་བོ་སོགས་ཀྱི་ངོས་ཁོ་ནས་ཁྱད་པར་དེ་དག་གྲུབ་ན་ཕར་རི་ཕར་གྱི་རི་བོ་ཡིན་པ་བདེན་པར་གྲུབ་པ་དང་ཚུར་རི་ཚུར་གྱི་རི་བོ་ཡིན་པ་བདེན་པར་གྲུབ་པ་རེད།དཔེར་ན།རང་གང་དུ་བསྡད་ཡོད་པའི་རི་བོའི་སྟེང་ནས་རྒྱང་རིང་གི་རི་ལ་བལྟས་ཚེ་རྒྱང་རིང་གི་རི་ནི་ཕར་རི་ཡིན་པར་མིག་དང་བློ་ལ་སྣང་བར་མ་ཟད་དེ་ལ་ཕར་རིའི་མིང་འདོགས་ཀྱང་བྱེད་ལ་ཕར་རི་ཡིན་པར་རང་གི་བློས་ཀྱང་ཐག་གཅོད་ངེས་རེད།ཡང་རང་ཉིད་བསྡད་ཡོད་པའི་རི་བོ་ནི་ཚུར་རི་ལྟ་བུར་སྣང་ལ་མི་དེས་དེ་ལ་ཚུར་རི་ཞེས་བརྗོད་པར་མ་ཟད་བློས་ཀྱང་ཐག་གཅོད་པ་ནི་མངོན་སུམ་བསྙོན་དུ་མེད་པ་ཞིག་ཏུ་ཟད་པ་ཁོ་ནའོ།།གནད་འདི་ལ་ཞིབ་འཇུག་བྱེད་དུས།ཕར་རི་ཞེས་མིང་འདོགས་པའི་ཚུལ་དང༌།ཕར་རི་དང་ཚུར་རི་ཞེས་ཁྱད་པར་འབྱེད་པའི་ཚུལ་ནི་ལྟ་བ་པོ་མི་དེའི་བློ་ཁོ་ན་ལ་ལྟོས་ནས་བཞག་པ་ལས་རི་བོའི་ངོས་ནས་འཇོག་མི་རུང་བ་ཡིན།གལ་སྲིད་འཇོག་ན་རྒྱང་རིང་གི་རི་བོའི་སྟེང་ན་ཡོད་པའི་མི་དེ་ལ་ཡང་རྒྱང་རིང་གི་རི་དེ་ཕར་རི་ཡིན་པར་སྣང་དགོས་ལ་དེ་ལ་ཚུར་རི་ཡིན་པར་སྣང་བའི་ཕྱིར་རོ།།དེའི་ཕྱིར་ཕར་རི་ནི་ཕར་རི་ཡིན་པ་བདེན་པར་མ་གྲུབ་པ་དང་ཚུར་རི་ནི་ཚུར་རི་ཡིན་པར་བདེན་པར་མ་གྲུབ་པས་ལྟ་བ་པོ་མི་དེའི་བློ་ལ་བརྟེན་ནས་ཕར་རི་དང་ཡང་ན་ཚུར་གྱི་རི་བོར་གྱུར་པ་རེད།དེ་བཞིན་དུ་མིག་ཅེས་པའི་སྐབས་སུ་དོན་ངོ་མ་བཤད་ན་མིག་གི་གདགས་གཞིའམ་མིག་གི་ཆ་ཤས་སོགས་ལ་མ་བརྟེན་པར་མིག་གི་ཁམས་ནས་ཆོས་ཀྱི་ཁམས་བར་རང་ཚུགས་ཐུབ་པའི་ཚུལ་གྱིས་མེད་ཅེས་གསུངས་པ་རེད།དེ་ཡང་རླངས་འཁོར་གྱི་སྟེང་ནས་བཤད་ན།རླངས་འཁོར་ནི་གདགས་གཞི་དང་འཁོར་ལོ་དང་ལྷུ་ལག་ཚང་མ་ཆ་ཤས་ཡིན་ལ།ཆ་ཤས་ཐམས་ཅད་རང་རང་གི་གོ་སར་སྤྲད་ཚེ་དེ་ལ་རླངས་འཁོར་རམ་ཆི་ཁྲེ་ཞེས་པའི་མིང་ཐོགས་ཤིང༌།དེ་ལྟར་མ་ཡིན་པར་ཆ་ཤས་སོ་སོ་ནས་བསལ་ཚེ་ལྷུ་ལག་ལ་རླངས་འཁོར་གྱི་མིང་མི་ཐོགས་པར་མ་ཟད་ལྷུ་ལག་ཚང་མ་ཡོད་ན་ཡང་སྔར་གྱི་རླངས་འཁོར་བོར་བ་ལྟར་མིང་འདོགས་སའམ་མཛུབ་མོ་འཛུགས་སའི་རླངས་འཁོར་གྱི་གཞི་མེད་པར་གྱུར་པ་རེད།དེའི་ཕྱིར་རླངས་འཁོར་རམ་ཆི་ཁྲེ་ཡང་གདགས་གཞིའམ་ཆ་ཤས་ལ་བརྟེན་ནས་བཏགས་པར་ར་སྤྲོད་བྱེད་ཐུབ།རྒྱུ་མཚན་འདི་དག་ལ་བརྟེན་ནས་གཞུང་ལུགས་པས་ཤེས་བྱ་རང་རང་གི་ཆ་ཤས་དང་གདགས་གཞི་ཡང་ན་བློ་སྐྱོན་མེད་ལམ་བརྟེན་པར་མིང་དང་ཁྱད་པར་སོགས་ཡུལ་གྱི་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་དེ་བདེན་པར་གྲུབ་པའི་ཚད་དུ་འཇོག་ཅིང་དེ་ལྟར་ཚུགས་ཐུབ་ཏུ་མ་གྲུབ་པའི་ཆ་དེ་ལ་སྟོང་ཉིད་དམ་ཆོས་ཀྱི་བདག་མེད་ཅེས་བརྗོད་པ་རེད།མདོར་བསྡུས་ནསབཤད་ན།ང་ཚོར་མདུན་གྱི་ཅོག་ཙེ་ལྟ་བུ་ཞིག་སྣང་བའི་སྐབས་སུ་ཅོག་ཙེའི་ཆ་ཤས་ཏེ་ཟུར་བཞི་དང་སྟེང་འོག་གཉིས་ངོས་གཞི་སོགས་ལ་མ་བརྟེན་པར་མཛུབ་མོ་འཛུགས་སའི་གཞི་ཤིང་གྲུ་བཞི་དེ་ལ་ཅོག་ཙེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ།དེ་ནི་ཚན་རིག་གི་རང་བཞིན་ལྡན་པའི་ཕྲ་མཛངས་རིག་པས་བརྟགས་ཚེ་དེ་ཅོག་ཙེམ་ཡིན་པར་ཅོག་ཙེའི་གདགས་གཞི་ཡིན་པ་གསལ་བོར་རྟོགས་ཐུབ།འགའ་ཤས་ཀྱིས་ཤེས་བྱ་ཐམས་ཅད་སྟོང་ཉིད་རེད་ཅེས་བློ་ངོར་རི་བོང་རྭ་དང་ནམ་མཁའ་སྟོང་བ་ལྟ་བུ་ལ་ངོས་འཛིན་བྱེད་པ་ནི་རྨོངས་དད་ཀྱི་སྒྲོ་འདོགས་ཤ་སྟག་ཏུ་འཁུམས་སོ།།ད་དུང་ཡང་ཕྱོགས་གཞན་ཞིག་གི་སྟེང་ནས་བཤད་ན།དྲི་ཆེན་ནམ་སྐྱག་པའི་སྟེང་གི་མི་གཙང་བའམ་དྲི་ངན་པ་དེ་ཡང་བདེན་པར་མ་གྲུབ་ཅེས་ཟེར།དེ་ལ་ཕྱོགས་ལྷུང་དང་བྲལ་བའི་བློ་གྲོས་གབོའི་མིག་གིས་བལྟས་ན་མི་དང་དུད་འགྲོའི་རིགས་གང་ཡིན་ནའང་ལྕེ་མངར་མོ་ཞིག་དང་སྣ་ལ་ཞིམ་པ་མིག་ལ་མཛེས་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ནི་ཟས་སུ་ཟ་བར་སྤྲོ་ལ་ཁོ་རང་གི་སྣང་ངོར་དེ་དག་གི་ཁྱད་ཆོས་དང་མི་ལྡན་པའི་སྐྱུག་བྲོ་བ་ཞིག་ཟ་བར་མི་འདོད་པ་ནི་ཞིབ་ཏུ་བརྟག་ན་ཤེས་ངེས་རེད།རྒྱུ་མཚན་ནི་ལྕེ་ཤེས་དང་སྣ་ཤེས་སོགས་ཡོད་པའི་ཕག(སྒོ་ཕྱུགས་ཕག་པ)ལ་སྐྱག་པ་ཡང་རོ་ཞིམ་པར་སྣང་ནས་ཟས་ཀྱི་མཆོག་ཏུ་བརྩི་སྟེ།ཁོས་སྐྱག་པར་ལོངས་སྤྱོད་དུས་ཟ་རྔམ་དང་ལྡན་པ་ང་ཚོའི་མིག་ལམ་དུ་དངོས་སུ་མཐོང་ཐུབ།གལ་སྲིད་ཁོ་རང་མི་གཙང་བ་ཟ་བའི་རིགས་ཡིན་པས་སྐྱོན་མེད་ཟེར་ན།ཕག་གི་སྣང་ངོར་མི་ཞིམ་པ་ཞིག་ཁོས་ཀྱང་མི་ཟ་བ་ཡིན་ཏེ་གཞན་དུ་ན་ཁྱིའི་སྐྱག་པ་དང་བ་གླང་གི་ལྕི་བ་ར་ལུག་གི་རིལ་མ་སོགས་ཁོ་ལའང་ཟ་འདོད་མེད་པས་སོ།།
དེའི་ཕྱིར་ང་ཚོས་སྐྱག་པ་མི་གཙང་བ་ཡིན་ཅེས་བཤད་པ་དང་བློ་ལའང་མཐའ་གཅིག་ཏུ་མི་གཙང་བར་འཛིན་པ་མིའི་བསམ་བློ་ལ་བརྟེན་ནས་བཞག་པ་ལས་གཙང་མར་བློ་ལ་སྣང་གི་ཡོད་པ་གོང་དུ་བཤད་པ་ལྟར་ཡིན།ཚུལ་འདི་ལྟ་བུ་ལ་གཞུང་ལུགས་པས་མི་གཙང་བ་ཡིན་པར་རང་ཚུགས་མ་ཐུབ་པས་བདེན་པར་མ་གྲུབ་ཅེས་ཟེར།གལ་ཏེ་མི་གཙང་བ་ཡིན་པར་རང་ཚུགས་ཐུབ་རྒྱུ་ན་སྲོག་ལྡན་ཁ་ཤས་ལ་མི་གཙང་བར་བློར་སྣང་ལ་འགའ་ཞིག་ལ་གཙང་བར་སྣང་བ་སོགས་སྣང་ཚུལ་མི་མཐུན་པ་མ་ཡིན་པར་ཐམས་ཅད་ལ་མི་གཙང་བ་འབའ་ཞིག་ཏུ་སྣང་དགོས་པར་འདོད་དོ།།རིགས་པ་འདི་དག་ལ་བརྟེན་ནས་སྐྱག་པའི་སྟེང་གི་མི་གཙང་བའང་བློ་ལ་སྣང་བའམ་གདགས་གཞི་ལ་མ་བརྟེན་པར་སྐྱག་པའི་ངོས་ནས་རང་ཚུགས་ཐུབ་པའི་ཚུལ་གྱིས་མ་གྲུབ་པར་ཕྲ་ཞིང་ཞིབ་པའི་དངོས་གཙོའི་ཚན་རིག་རིག་པས་བདེན་དཔང་བྱེད་ཐུབ།འདོད་ཚུལ་འདི་དག་ལ་བརྟེན་ནས་གདགས་གཞི་དང་ཆ་ཤས་སོགས་ལ་མ་ལྟོས་པར་ཤེས་བྱ་རང་ཚུགས་ཐུབ་པའི་ཚུལ་གྱིས་གྲུབ་པ་ཡེ་ནས་མེད་པས་སྟོང་བ་ཞེས་བྱ་བ་ཡིན།ཡང་ཕར་རི་དང་ཚུར་རི་སོགས་བལྟ་བ་པོའི་བློ་ལ་ལྟོས་ནས་འཇོག་པ་དང་རླངས་འཁོར་ནི་རང་གི་ཆ་ཤས་འཁོར་ལོ་དང་ལྷུ་ལག་སོགས་ལ་བརྟེན་ནས་འཇོག་པར་མ་ཟད་དེ་དག་ལ་བརྟེན་ནས་མིག་གིས་མཐོང་རྒྱུ་ཞིག་དང༌།ལག་པའི་རེག་ས་ཞིགམིང་དང་ཐ་སྙད་འདོགས་གཞི་ཞིགཡིད་ལ་འཛིན་བྱ་ཞིག་བཅས་སྣང་ཐུབ་པ་ཡིན།འདི་ལ་སྣང་སྟོང་འགལ་མེད་དུ་འཇོག་ལ་སྣང་སྟོང་འགལ་མེད་ནི་རང་ཚུགས་ཐུབ་པས་སྟོང་བ(འདི་སྟོང་ཚུལ་གོང་ནས་བཤད་ཟིན)དང་གདགས་གཞི་དང་ཆ་ཤས་ལ་ལྟོས་ནས་སྣང་རྒྱུ་ཡོད་པ་ལ་ཟེར།དེ་ལྟར་རྟོགས་པའི་བློ་ལ་སྣང་སྟོང་འགལ་མེད་དུ་རྟོགས་པའི་བློ་ཞེས་ཟེར་རོ།།
གཞན་ཡང་གྲོགས་པོ་ཞིག་གིས་ང་ལ་དྲིས་དོན།རི་ར་བ་ཁང་ཁྱིམ་སོགས་སྣོད་ཀྱི་འཇིག་རྟེན་དང་མི་དང་དུད་འགྲོ་སོགས་བཅུད་ཀྱི་སེམས་ཅན་ཀུན་གང་ཟག་གི་བདག་མེད་ཡིན་པར་བཤད་པས་གང་ཟག་གི་བདག་མེད་ཡིན་ཚལ་ཇི་འདྲ་ཡིན་ནམ་ཞེས་པའི་ལན་ཅུང་ཟད་འབུལ་རྒྱུ་ནི།དེ་ནི་སྣོད་བཅུད་ཀྱིས་བསྡུས་པའི་ཤེས་བྱ་མ་ལུས་པ་གང་ཟག་གི་བདག་མེད་དུ་བཤད་པའི་དོན་ནི།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་ཅེས་པའི་དོན་རེད།འོ་ན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་ཚུལ་གང་འདྲ་ཡིན་ཅེ་ན།ཅུང་ཙམ་བཤད་པར་བྱ་སྟེ།གང་ཟག་ཅེས་པ་གདགས་གཞིའི་ཕུང་བོ་སྟེ་སེམས་ལྡན་རང་གི་སྟེང་ན་ཡོད་པའི་གཟུགས་ཀྱི་ཕུང་བོ།ཚོར་བའི་ཕུང་བོ།འདུ་ཤེས་ཀྱི་ཕུང་བོ།འདུ་བྱེད་ཀྱི་ཕུང་བོ།རྣམ་པར་ཤེས་པ་སྟེ་ཕུང་བོ་ལྔ་ལ་བློས་ཕར་བཏགས་པའི་ང་ཙམ་ཞིག་གང་ཟག་ཏུ་འཇོག་པ་ཡིན།དེའི་རྒྱུ་མཚན་ནི།དོན་དམ་དཔྱོད་བྱེད་ཀྱི་རིགས་པའམ་གནས་ཚུལ་ཡང་དག་ལ་ཞིབ་འཇུག་བྱེད་པའི་རིགས་པས་བརྟག་ཚེ་གང་ཟག་ཅེས་པ་ཕུང་བོ་ལྔ་ཚོགས་པ་མ་ཡིན་ལ་ཕུང་བོ་ལྔ་རེ་རེ་ནས་ཀྱང་མ་ཡིན་པ་གསལ་བོར་རྟོགས་ཐུབ་པར་མ་ཟད།ང་ཚོས་གང་ཟག་ངོས་འཛིན་བྱེད་ཚེ་ཐོག་མར་གདགས་གཞི་ཕུང་བོ་ལྔ་ཤེས་པར་བྱས་ནས་རྗེས་སུ་གང་ཟག་གི་མཚན་གཞི་ཤེས་པར་བྱ་དགོས།དེ་ལྟར་མ་ཡིན་པར་ངའམ་བདག་ཕུང་བོ་ལ་རག་མ་ལས་པར་དབང་བསྒྱུར་པ་པོ་དང་ཕུང་བོ་རྣམས་བདག་ལ་རག་མ་ལས་པར་དབང་བསྒྱུར་བྱ་ལྟར་ཡོད་ན་གང་ཟག་རང་རྐྱ་བར་གྲུབ་ཡོད་ལ་གང་ཟག་གི་བདག་ཀྱང་གྲུབ་ཡོད་པ་རེད།དེའི་ཕྱིར་གང་ཟག་ཕུང་བོ་ལ་མ་ལྟོས་པར་ལོགས་སུ་མེད་ཅིང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པས་གང་ཟག་གི་བདག་མེད་ཅེས་བརྗོད་པ་ཡིན་ནོ།།དེས་ན་ནང་རིག་པས་ཤེས་བྱ་ཐམས་ཅད་གང་ཟག་གི་བདག་མེད་ཡིན་པར་ཁས་ལེན་དོན་ཡང་ཕུང་བོ་ལ་མ་ལྟོས་པའི་གང་ཟག་རང་རྐྱ་བ་མེད་པས་དེའི་ལོངས་སྤྱད་བྱར་མ་གྲུབ་ཅེས་འདོད།རང་རེ་རྣམས་ཀྱིས་བརྟག་དཔྱད་མ་བྱས་པའི་བློ་ངོར་གང་ཟག་གམ་ང་ཉིད་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་སྟེ་ཕུང་བོ་ལྔ་བློ་རིག་གིས་ངེས་པ་ལ་མ་བརྟེན་པར་ཁོ་ཟུར་དུ་ཡོད་པ་ཞིག་ཏུ་སྣང་གི་ཡོད་པ་ཉམས་མྱོང་གིས་ཀྱང་རྟོགས་སླ་བ་རེད།ཡང་གང་ཟག་ཕུང་བོ་ལ་མ་བརྟེན་པར་ངོས་འཛིན་རྒྱུ་མེད་ཀྱང་ང་ཚོར་དེ་ལ་མ་བརྟེན་པར་ཕུང་བོ་ལས་ཟུར་ཏུ་སྣང་གི་ཡོད་པ་ནི།དཔེར་ན།ཚོང་དཔོན་ཚོང་པ་ལས་ཟུར་དུ་བཀར་མི་སྲིད་ཀྱང་ཚོང་དཔོན་ཚོང་པ་ལས་ཟུར་དུ་བཀར་བ་ལྟར་ཡིན།དཔྱད་པ་འདི་དག་རིགས་པའི་ལམ་ནས་ཅུང་ཙམ་གསལ་བར་བཤད་ན།ལ་ལས་སེམས་སམ་རྣམ་ཤེས་ནི་ངའམ་བདག་གམ་གང་ཟག་ཡིན་ཟེར་བ་མི་འཐད་དེ་མི་དེའི་སེམས་ན་བའི་ཚེ་ངའི་སེམས་ན་བ་རེད་ཅེས་བརྗོད་ངེས་ཡིན་པ་གདོན་མི་ཟ་ཞིང༌།དེའི་ཚེ་སེམས་ནི་ངའམ་བདག་དངོས་མ་ཡིན་པར་མི་དེའི་ཡན་ལག་གམ་ཕུང་བོའི་ཆ་ཤས་ལྟ་བུར་སོང་བ་ནི་ངའི་སེམས་ན་བ་རེད་ཅེས་བརྗོད་པའི་སྐབས་སུ་ང་སྒྲ་འཇུག་པའི་གཞི་སེམས་མ་ཡིན་པར་དེ་ལས་གཞན་ཞིག་ཏུ་གྲུབ་པ་ལྟར་བཟུང་གི་ཡོད་པ་རེད།གཞན་ཡང༌།རང་ཉིད་བྲག་ངོས་གཟར་བོ་ནས་མར་ལྷུང་དུས་ཤིན་ཏུ་འཇིགས་སྐྲག་དང་བཅས་ང་ས་ལ་ལྷུང་ཐལ་སྙམ་པའི་ངའམ་བདག་གཅེས་འཛིན་ཤུགས་དྲག་སྐྱེ་ལ།དེའི་ཚེའང་ངའམ་བདག་སེམས་མ་ཡིན་པར་རང་གི་གཟུགས་ཕུང་ཙམ་ལ་ངོས་བཟུང་བ་ཡིན་ཏེ་གཙོ་བོར་རང་གི་གཟུགས།ཕུང་སར་ལྷུང་བ་ལ་ང་སར་ལྷུང་སོང་སྙམ་པའི་འཇིགས་པ་སྐྱེས་པའི་ཕྱིར་རོ།།ད་དུང་ཡང་ཁ་ཤས་ཀྱིས་ཕུང་བོ་ལྔའི་ཚོགས་གང་ཟག་གམ་བདག་ཡིན་ཟེར་བ་མི་འཐད་དེ།དབང་བོ་ལྔ་དང་སྐྱེ་མཆེད་དྲུག་སོགས་ཚང་བར་ལྡན་པའི་མི་དོན་གྲུབ་ཟེར་བ་ཞིག་གློ་བུར་དུ་ཚེ་ལས་འདས་དུས་མི་གཞན་གྱིས་དོན་གྲུབ་ཤི་བར་སེམས་ལ་ཤར་ངེས་པར་མ་ཟད།ད་དུང་ངག་གིས་ཀྱང་དོན་གྲུབ་ཤི་བར་བརྗོད་ངེས་ཡིན་ལ་དེའི་ཚེ་དོན་གྲུབ་ཀྱི་སེམས་སམ་རྣམ་ཤེས་ཙམ་ཞིག་ཁོའི་སྟེང་ནས་ཉམས་པས་མི་དོན་གྲུབ་ཤི་བར་འཇོག་ཅིང༌།ཁོའི་གཟུགས་ཕུང་སྔར་ལྟར་ཡོད་ནའང་མི་དོན་གྲུབ་མེད་པའི་ཤེས་བྱེད་དུ་སེམས་ཁམས་འགགས་པར་རྟགས་སུ་ཤུགས་ལ་བཀོད་པ་རེད།ང་ཚོས་གནད་འདི་ལ་ཞིབ་འཇུག་བྱེད་ཚེ་དོན་གྲུབ་ཅེས་སྒྲ་འཇུག་པའི་གཞི་དོན་གྲུབ་ཀྱི་ཕུང་བོའི་ཚོགས་པ་མ་ཡིན་པར་སེམས་ལ་ངོས་བཟུང་བྱས་པ་ཧ་ཅང་གསལ་བར་རྟོགས་ཐུབ་པ་ཡིན།ང་ཚོ་མི་གང་ཡིན་ཡང་རང་གི་ཕུང་བོའི་ཆ་ཤས་ཐམས་ཅད་བདག་གི་ཕུང་བོས་དབང་བསྒྱུར་བྱ་ལྟ་བུར་བཟུང་གི་ཡོད་པ་ནི་དཔེར་ན།ངའི་ལག་པ།ངའི་མགོངའི་རྐང་བ།ངའི་རྒྱབ།ངའི་བྲང༌།ངའི་ཕྲག་པ།ངའི་མཆིན་པ།ངའི་རྒྱུ་མ།ངའི་སེམས།ངའི་ཕོ་བ་སོགས་ལུས་ཀྱི་ཆ་ཤས་ཐམས་ཅད་བདག་གི་དབང་བསྒྱུར་བྱའམ་ཡན་ལག་འདྲ་བར་བཟུང་ནས་བདག་གམ་ང་ནི་ཆ་ཤས་དེ་དག་ལས་གཞན་ཞིག་ཏུ་རང་རྐྱ་བར་ཡོད་སྙམ་དུ་སེམས་བཞིན་པ་ནི་ཞིབ་ཏུ་དཔྱད་ན་ཤེས་སླ་བ་རང་རེད།གོང་གི་རྒྱུ་མཚན་ཡང་དག་འདི་རྣམས་ལ་བརྟེན་ནས་བདག་གམ་ང་ནི་རང་གི་ལུས་ཀྱི་སྟེང་གི་ཕུང་བོ་རེ་རེ་བ་ཡང་མ་ཡིན་ལ་ཕུང་བོ་ཚོགས་པའང་མ་ཡིན།སེམས་སམ་རྣམ་ཤེས་ཀྱང་མ་ཡིན་པར་གསལ་བོར་རྟོགས་ནུས་ཀྱང་རྐྱེན་གཞན་གྱི་དབང་གིས་མཚམས་མཚམས་སུ་གཟུགས་ཕུང་ཉིད་བདག་ཡིན་པར་ངོས་བཟུང་ཞིང་སྐབས་འགར་སེམས་ཁོ་ན་བདག་ཡིན་པར་ངོས་བཟུང་བྱས་པ་རིག་པས་ཞིབ་ཏུ་དཔྱད་ན་རྟོགས་སླ་བ་ཡིན།དེར་བརྟེན་གང་ཟག་གི་བདག་མེད་པར་སྨྲ་བ་རྣམས་ཀྱི་རིགས་པ་ཞིབ་མོས་དཔྱད་མཐར་མཐའ་གཅིག་ཏུ་བདག་འདི་ཡིན་ཞེས་རང་གི་ཕུང་བོའི་སྟེང་དུ་ཅི་ཙམ་བཙལ་ཀྱང་རྙེད་དུ་མེད་པའི་ཕྱིར་གང་ཟག་གི་བདག་མེད་པར་བཞག་གི་གང་ཟག་མེད་པར་བཞག་པ་མ་ཡིན་པའིཁྱད་པར་ཤེས་དགོས་སོ།།
རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།
བདག་མེད་གསར་འགྲེལ།