ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

e95352108c55deb39b3e3f9dacc833a2.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་ཏེ་དམག་དཔུང་གི་འཐུས་མི་རྣམས་དང་ཕྱག་འཇུ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་ཏེ་ནན་གྱིས་བསྟན་དོན། གསར་གཏོད་བྱ་བ་དེ་རང་རེའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་ཀྱི་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་། བཅོས་སྒྱུར་དང་གསར་གཏོད་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཆོང་སྐྱོད་གསར་བ་མངོན་འགྱུར་བྱེད་རྒྱུ་དེ་ནི། རང་རེའི་དམག་དཔུང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བའི་གནད་འགག་ཅིག་ཡིན་པས། ངེས་པར་དུ་ཁྱོན་ཡོངས་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ནས། འཐབ་འཛིང་གི་ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཤུགས་ཆེན་པོས་རིགས་གཞུང་གསར་གཏོད་དང་། ཚན་རྩལ་གསར་གཏོད། ཚན་རིག་དོ་དམ། ཤེས་ལྡན་མི་སྣ་གཅིག་བསྡུས། ལག་ལེན་གསར་གཏོད་བཅས་དམ་འཛིན་བྱེད་དགོས་པ་དང་། གཙོ་བོ་བརྒལ་གཏོར་སྣེ་ཁྲིད་དང་ཁྱོན་ཡོངས་གསར་གཏོད་ལ་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་དམག་སྟོབས་དམག་དར་གྱི་རྣམ་པ་གསར་བ་སྐྲུན་དགོས་ཟེར།

ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་རེད། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཐེངས་ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་བྱས་ནས། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བརྩི་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་རེ་བ་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཏང་གིས་གནས་བབ་གསར་བའི་འོག་གི་དམག་དར་དམིགས་འབེན་གྱིས་སྣེ་ཁྲིད་དེ། གནས་བབ་གསར་བའི་འོག་དམག་དོན་འཇབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལྟར་དམག་དཔུང་འཛུགས་པ་དང་། བཅོས་སྒྱུར་ལྟར་དམག་དཔུང་དར་རྒྱས་སུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་། དམག་དཔུང་འཛུགས་སྐྲུན་དང་དམག་དོན་འཐབ་འཛིང་གི་གྲ་སྒྲིག་བྱ་བར་ཤུགས་བསྣན་ནས། དུས་ལྟར་རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་པ་གསུམ་སྤོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་གོམ་པ་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོ་ཡིན་ཞིང་། གསར་གཏོད་ཀྱི་རྣམ་པས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་དགོས་གཏུག་གི་རེ་བ་ཡིན་པས། ངེས་པར་དུ་འབུར་ཐོན་གོ་གནས་སུ་འཇོག་དགོས། གསར་གཏོད་ནུས་པ་ནི་དམག་དཔུང་ཞིག་གི་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཡིན་ལ། འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བའི་རྒྱུ་གཙོ་བོ་ཡིན་པས། རང་རེའི་དམག་དཔུང་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་པའི་འབུར་ཐོན་འགལ་བར་ཚོད་འཛིན་བྱེད་དགོས་ན། གསར་གཏོད་ཀྱི་བསམ་བློར་བརྟེན་ནས་གནད་དོན་ཐག་གཅོད་དགོས། རིམ་པ་སོ་སོའི་མགོ་ཁྲིད་པས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད་བཅས་ལ་བརྟེན་ནས་གསར་སྐྲུན་ལ་སྐུལ་འདེད་དང་། གསར་སྐྲུན་ལ་རྒྱབ་སྐྱོར། གསར་སྐྲུན་ལ་སྣེ་ཁྲིད་བཅས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱ་བ་སྔར་ལས་རྒྱུ་སྤུས་སྔར་ལས་མཐོ་ཞིང་། ཕན་འབྲས་སྔར་ལས་མཐོ་བ། སྔར་ལས་རྒྱུན་སྲིང་ལྡན་པའི་འཕེལ་རྒྱས་བྱ་བ་མངོན་འགྱུར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཤེས་ལྡན་མི་སྣ་ནི་གསར་སྐྲུན་གྱི་སྲོག་ཤིང་རྒྱུ་རྐྱེན་ཡིན་པས། འཇོན་ཐང་ལྡན་པའི་ཤེས་ལྡན་མི་སྣ་མང་པོ་གཅིག་བསྡུས་བྱེད་རྒྱུ་ནི་རང་རེའི་དམག་དཔུང་གི་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཡིན་པས། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་ཚུར་འགུག ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་སྲིད་ཇུས་ལམ་ལུགས་གསར་སྐྲུན་བྱས་ནས། སྔར་ལས་སྒོ་འབྱེད་ཀྱི་མིག་རྒྱ་བསྐྱེད་དེ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཚུར་འགུག་བྱས་ནས། ཧུར་ཐག་སྒོས་བྱང་ཚད་མཐོ་ཞིང་། གསར་སྐྲུན་གྱི་རྣམ་པ་ལྡན་པའི་དམག་དོན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་གསར་སྐྲུན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།