རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

3c22294fef3922567ca48784147e5b80.jpg

ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས། ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད། འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་མ་ཟིན་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཟླ་གསུམ་པའི་ཚེས་ལྔ་ཉིན་དང་ཚེས་དྲུག་ཉིན་གཉིས་ལ། འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། འཐུས་མི་ཚོས་མཐའ་གཅིག་ཏུ་སྙན་ཞུ་ལ་འཐད་པ་བྱུང་བའི་ཚུལ་བསྟན། འཐུས་མི་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་བྱ་བའི་ཐད་ཀྱི་སྤྱི་ཁོག་གི་བཀོད་སྒྲིག་ལ་འཐད་པ་བྱུང་། གྲོས་ཞིབ་ཁྲོད། འཐུས་མི་ཚོས་བསམ་འཆར་དང་གྲོས་གཞི་ཁ་ཤས་ཀྱང་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ནན་མོ་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་ལ་དག་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དག་བཅོས་གཞིར་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། སྲིད་གཞུང་བྱ་བའི་སྙན་ཞུའི་ཆོད་དོན་འཆར་ཟིན་བྲིས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་ཆོད་དོན་འཆར་ཟིན་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིས་ཧྲིན་ལེན་གྱིས་གྲོས་ཚོགས་སྟེང་སོ་སོར་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་དང2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལེའོ་ཞོ་ཅོན་གྱིས་གྲོས་ཚོགས་སྟེང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2015ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2016ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གོང་གི་ཞིབ་བཤེར་གྲུབ་འབྲས་ཀྱི་སྙན་ཞུ་དེ་གསུམ་ལ་གྲོས་འཆམ་བྱུང་།

ཟླ་གསུམ་པའི་ཚེས་བདུན་ཉིན། འཐུས་ཚབ་ཚོགས་པ་སོ་སོས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་ཞིབ་བཤེར་བསམ་འཆར་གཞིར་བཟུང་ནས། ནན་ཏན་སྒོས་རྩ་གནད་འཆར་ཟིན་ལ་དག་བཅོས་བྱས། ཟླ་གསུམ་པའི་ཚེས་བརྒྱད་ཉིན། འཐུས་ཚབ་ཚོགས་པ་སོ་སོས་འཆར་འགོད་སྙན་ཞུ་དང་འཆར་འགོད་འཆར་ཟིན་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་ཞིབ་བཤེར་བསམ་འཆར་གཞིར་བཟུང་ནས། སོ་སོར་སྙན་ཞུ་གཉིས་ལ་དག་བཅོས་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་ཞིབ་བཤེར་བསམ་འཆར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དག་བཅོས་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་གྲུབ་འབྲས་ཀྱི་སྙན་ཞུ་ལྟར་དུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་འཆར་ཟིན་དང་འཆར་འགོད་སྙན་ཞུ། འཆར་འགོད་འཆར་ཟིན། སྔོན་རྩིས་སྙན་ཞུ། ཀྲུང་དབྱང་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་དང་། འཆར་འགོད་སྙན་ཞུ་དང་འཆར་འགོད། སྔོན་རྩིས་སྙན་ཞུ་དང་སྔོན་རྩིས་བཅས་ཀྱི་ཆོད་དོན་འཆར་ཟིན་བྲིས། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་སྐོར་གྱི་ཆོད་དོན་འཆར་ཟིན་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་ཆོད་དོན་འཆར་ཟིན། 2015ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2016ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐད་བཅད།

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། འཐུས་ཚབ་ཚོགས་པ་སོ་སོས་དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་གྲོས་ཞིབ་ནན་མོ་བྱས། རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས། དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། འཆར་ཟིན་གྱི་དག་བཅོས་མ་ཟིན་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞོ་ཡཱང་གིས་ཕུལ་བའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གྲུབ་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། དགེ་སྒྲུབ་བཅའ་ཁྲིམས་འཆར་ཟིན་གྱི་དག་བཅོས་མ་ཟིན་འཐུས་ཚབ་ཚོགས་པས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།