རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་ངོ་སྤྲོད་མདོར་བསྡུས།

  དེ་ཡང་ནང་བ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་རྒྱུད་ལ་སྐྱེས་མ་སྐྱེས་ནི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་ལ་བྱ་ཞིང་།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཆོས་ཀྱི་སྙིང་བོ་ལྟ་བུ་ཡིན་ཏེ།རྗེ་བདག་ཉིད་ཆེན་པོའི《ལམ་རིམ་ཉམས་མགུར》ལས།“སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ།།རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན།།ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ།།རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་མས་གཏེར།།དེ་ལྟར་ཤེས་ནས་རྒྱལ་སྲས་དཔལ་བོ་རྣམས།། རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན།།རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས།།ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ”ཞེས་གསུངས་པ་ལྟར། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་དགོས་ན་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་དང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་གཉིས་ཡོད། དེ་གཉིས་ལས་ཕྱི་མ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་འདི་ཤིང་རྟ་ཆེན་པོ་གསུམ་གྱི་གཞུང་ལས་བསྟན་པ་ཞིག་ཡིན་ལ། ཐབས་ཤེས་དེར་བརྟེན་ནས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་ཕྱིར་འབད་དགོས་པས།འདིར་དེ་རེ་རེའི་གོ་དོན་ཅུང་ཟད་ཁ་གསལ་ལ་མདོར་བསྡུས་པའི་ངོ་སྤྲོད་ཙམ་བྱས་ན།

   33.jpg

རྒྱུ་འབྲས་མན་ངག་བདུན་ནི། ༡、བཏང་སྙོམས།༢、མར་ཤེས་པ།༣、དྲིན་དྲན་པ།༤、དྲིན་གཟོ་བ།༥、ཡིད་འོང་གི་བྱམས་པ།༦、སྙིང་རྗེ་ཆེན་པོ།༧、ལྷག་བསམ་རྣམ་དག་བཅས་བདུན་ཡིན།འདི་དག་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་གོ་རིམ་མམ་ཐབས་ཤེས་ལྟ་བུ་ཞིག་ཡིན། སྐྱེ་བའི་རིམ་པའང་གཅིག་ལ་གཅིག་བརྟེན་གྱི་ཚུལ་གྱིས་སྐྱེ་དགོས་པས་རྒྱུ་འབྲས་ཟེར།གཤམ་དུ་དེ་རེ་རེའི་གོ་དོན་ཅུང་ཟད་བཤད་པར་བྱའོ།།
དང་པོ། རྒྱུར་གྱུར་བའི་མན་ངག་ལྔ་བཤད་པ།
༡、བཏང་སྙོམས་ནི།《ཀུན་བཟང་བླ་མའི་ཞལ་ལུང་》ལས“དགྲ་ལ་ཞེ་སྡང་བཏང་།གཉེན་ལ་དགའ་གདུང་བཏང་།སེམས་ཅན་ཐམས་ཅད་ལ་ཉེ་རིང་དང་ཆགས་སྡང་མེད་པར་སྙོམས་པ་ལ་བཏང་སྙོམས་ཞེས་བྱ།”ཞེས་གསུངས་པ་བཞིན།འདིའི་སྐབས་ཀྱི་བཏང་སྙོམས་ནི་ཚད་མེད་བཞིའི་ནང་གི་བཏང་སྙོམས་ཚད་མེད་ཅེས་པ་དེ་ཡིན་ལ། བཏང་སྙོམས་བསྒོམ་ཡུལ་ལ་རང་ལ་ཤིན་ཏུ་ཤ་ཞེན་ཆེ་བའི་ཕ་མ་ལྟ་བུ་དང་།ཧ་ཅང་སྡང་བའི་དགྲ་ཤ་ཕ་ལྟ་བུ། རང་དང་འབྲེལ་བ་ཅི་ཡང་མེད་པའི་སྤྱིར་བཏང་གི་མི་ཞིག་བཅས་ཡུལ་གསུམ་ལ་དམིགས་ནས་བཏང་སྙོམས་ཏེ།དེ་དག་ལ་ལྟ་སྟངས་སམ་འདུ་ཤེས་སྙོམ་པོ་ཞིག་ནམ་འབྱུང་གི་བར་དུ་བརྩོན་དགོས།མདོར་བསྡུས་ན་དགྲ་གཉེན་གྱི་དབྱེ་བ་མེད་པར་སེམས་ཅན་ཀུན་ལ་བྱམས་པའི་ལྟ་སྟངས་གཅིག་མཚུངས་ཤིག་འཛིན་དགོས་པའི་དོན་ཡིན།
༢、མར་ཤེས་པ་ནི།  ད་ལྟའི་བཏང་སྙོམས་སྒོམ་ཡུལ་གྱི་སེམས་ཅན་ཐམས་ཅད་རང་གི་ངོ་མ་ཤེས་པ་མ་གཏོགས་ཚེ་རབས་དུ་མར་མ་གྱུར་བ་མེད་ལ་མར་གྱུར་བའི་དུས་སུའང་ད་ལྟའི་ཨ་མ་ཇི་བཞིན་བདག་ལ་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན་སྙམ་ནས་མར་མ་གྱུར་བའི་སེམས་ཅན་མེད་པའི་གནས་ལུགས་ཀྱི་སྟེང་ནས་སེམས་ཅན་ཐམས་ཅད་མར་ངོས་ཟིན་དགོས།མར་ཤེས་པ་བསྒོམས་སྟངས་ལ་རང་གི་ཨ་མ་ནས་ཨ་མའི་ཨ་མ་དེ།ཡར་ཇི་ཙམ་སོང་ཡང་ཐོག་མ་ཞེས་པ་མི་རྙེད་པའི་གནས་ལུགས་ལ་བསམ་བློ་བཏང་སྟེ།འཁོར་བ་ཟོ་ཆུན་གྱི་འཁོར་ལོ་དང་འདྲ་བ་འདིའི་ཐོག་མ་གང་དུ་བཙལ་ཀྱང་མི་ཪྙེད་པའི་ཆ་ནས་མར་མ་གྱུར་བའི་སེམས་ཅན་མེད་པའི་ཚུལ་རྟོགས་རྒྱུ་གལ་ཆེ་བར་སེམས།
༣、དྲིན་དྲན་པ།  སེམས་ཅན་དེ་དག་ཐམས་ཅད་རང་ལ་དྲིན་ཆེན་པོ་ཡིན་ཏེ།ཚེ་རབས་དུ་མར་ཨ་མར་གྱུར་བའི་གནས་སྐབས་སུའང་ལུས་ལ་ཁུར་བ་དང་།ནུ་ཞོ་བསྣུན་པ།གོས་གཡོག་པ།གཉོར་སྐྱོང་བྱས་པ་སོགས་ཀྱི་བཀའ་དྲིན་གཞལ་བར་དཀའ་ལ།འཇིག་རྟེན་འདིར་ཡང་ཟས་གོས་ཚང་མ་ཡུལ་སེམས་ཅན་དེ་དག་ལ་མ་བརྟེན་པར་འབྱུང་ཐབས་མེད་པ་དང་།བྱང་ཆུབ་ཀྱི་སེམས་རིན་པོ་ཆེའང་ཡུལ་སེམས་ཅན་དེ་དག་མེད་ན་སྐྱེ་ཐབས་བྲལ་བས་རང་ལ་གནས་སྐབས་དང་མཐར་ཐུག་གང་ཐད་ནས་ཤིན་ཏུ་ནས་ཀྱང་དྲིན་ཆེན་པོ་ཡིན་པ་ཤེས་པར་བྱས་ཏེ་དྲིན་དྲན་དགོས།
༤、དྲིན་གཟོ་བ།   སེམས་ཅན་དེ་དག་གི་དྲིན་དྲན་པ་ཙམ་གྱིས་མི་ཆོག་པར་དྲིན་གཟོ་དགོས།དྲིན་གཟོ་ན་དེ་དག་ཆོས་ཀྱི་ཕྱོགས་སུ་བློ་ཁ་འཁོར་དུ་འཇུག་རྒྱུ་ནི་ཧ་ཅང་གི་གལ་ཆེ་ལ།སེམས་ཅན་དེ་དག་བླང་དོར་ལ་བློ་མིག་ལྡོང་བས་མི་དགེ་བ་བཅུར་འཇོལ་ཉོག་ཏུ་སྤྱོད་ཅིང་།འཁོར་བའི་གནས་ལས་ཐར་མ་ཐུབ་པ་ཡིན་པས།དགེ་བ་སྣ་གཅིག་ཙམ་རེའང་དེ་དག་གི་རྒྱུད་ལ་སྐྱེ་རུ་འཇུག་ཐུབ་ན།དེ་ལས་དྲིན་གཟོ་བའི་ཐབས་རྩ་ཆེན་གང་ཡང་མེད་པས།དགེ་བའི་ཕན་ཡོན་དང་།སྡིག་པའི་ཉེས་དམིགས་སོགས་གསལ་བོར་ཤེས་སུ་བཅུག་ཏེ་ཐར་བའི་ལམ་ལ་འགོད་ཅི་ཐུབ་བྱ་རྒྱུ་ནི་མཐར་ཐུག་གི་དྲིན་གཟོ་ཚུལ་བླ་ན་མེད་པ་ཞིག་ཡིན།དེ་མིན་ཟས་གོས་ལོངས་སྤྱོད་ཙམ་རེ་སྤྱིན་ཀྱང་གནས་སྐབས་ཕན་པ་ཙམ་ལས་མཐར་ཐུག་གི་དྲིན་ཅུང་ཟད་ཀྱང་གཟོ་མི་ཐུབ་བོ།
༥、ཡིད་འོང་གི་བྱམས་པ་ནི།   མ་གཅིག་ལ་བུ་གཅིག་ལས་མེད་པའི་ཨ་མས་རང་གི་བུ་གཅིག་པོ་དེ་ལ་ཇི་ལྟར་བྱམས་པོ་བྱེད་པ་བཞིན་དུ་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་བྱམས་སེམས་སྐྱེས་པ་དེ་ལ་ཡིད་འོང་གི་བྱམས་པ་ཞེས་བྱ་ཞིང་།སེམས་ཅན་འདི་དག་ཐམས་ཅད་བདེ་བ་འདོད་ནའང་བདེ་བའི་རྒྱུ་བསྒྲུབ་མི་ཤེས་ཤིང་།མི་དགེ་བའི་རྒྱུ་འབའ་ཞིག་བསྒྲུབ་བཞིན་ཡོད་པས།ཁོ་ཚོ་ལ་དགེ་བཅུའི་ལམ་བསྟན་དེ་ཐར་བའི་གོ་འཕང་འཐོབ་ཨེ་ཐུབ་བལྟ་པ་ལ་ཟེར།དེས་ན་བྱམས་པ་དང་ཡིད་འོང་གི་བྱམས་པ་གཉིས་ལ་ཁྱད་པར་ཆེ་སྟེ།བྱམས་པ་ཙམ་ནི་རང་གི་སྒོ་ཁྱི་སྒོ་ཟོག་ལྟ་བུ་ལ་བྱམས་པོ་བྱེད་པ་ལྟ་བུ་ལ་ཟེར་ཞིང་།ཡིད་འོང་གི་བྱམས་པ་ནི་མ་གཅིག་ལ་བུ་གཅིག་ལས་མེད་པའི་ཨ་མས་རང་གི་བུ་གཅིག་བུ་དེ་ལ་བྱམས་པོ་བྱེད་པ་ལྟ་བུ་ཞིག་ལ་གོ་དགོས་པའི་གནད་འདི་གསལ་བོར་ཤེས་རྒྱུ་གལ་ཧ་ཅང་ཆེའོ།།
གཉིས་པ།  འབྲས་བུར་གྱུར་བའི་མན་ངག་གཉིས་བཤད་པ།
རྒྱུ་འབྲས་མན་ངག་བདུན་ལས་འབྲས་བུར་གྱུར་བའི་མན་ངག་གཉིས་ནི་སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་གཉིས་ཡིན།
༡、སྙིང་རྗེ་ཆེན་པོ་ནི།  གོ་བདེ་མོར་བཤད་ན་སེམས་ཅན་སྡུག་བསྔལ་གྱི་མནར་བ་དངོས་སུ་སྐྱོབས་པར་འདོད་པའི་བསམ་བློ་ཞིག་ལ་ཟེར།དེས་ན་སྙིང་རྗེ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་ཆེ་སྟེ།འདི་གཉིས་ཀྱི་ཁྱད་པར་དཔེ་ཡི་སྒོ་ནས་བཤད་ན་དཔེར་ན་མི་ཉམ་ཐག་ཅིག་ནད་ཀྱིས་མནར་ཏེ་བདག་པོ་མེད་པར་འཆི་བ་ལ་ཐུག་པ་ལྟ་བུ་ཞིག་རང་རེའི་མཐོང་ཡུལ་དུ་གྱུར་བའི་དབང་དུ་བཏང་ན།“སྙིང་རྗེ།འདི་འཆི་བར་འདུགའདི་ལ་བདག་པོ་ཞིག་ཡོད་ན་ཅི་མ་རུང་ཨང་”སྙམ་པའི་བསམ་བློ་དེ་ལ་སྙིང་རྗེ་ཟེར།“འདི་ལ་བདག་པོ་ངས་བྱའོ”སྙམ་དུ་དམ་བཅའ་བ་ལ་སྙིང་རྗེ་ཆེན་པོ་ཞེས་བྱ།དེས་ན་མར་གྱུར་སེམས་ཅན་དེ་དག་རྒྱུ་ཉོན་མོངས་དུག་གསུམ་གྱི་བསྐྱེད་པའི་སྡུག་བསྔལ་འདི་ལས་མ་ཐར་ན་བྱང་ཆུབ་ཐོབ་པའི་ཐབས་མེད་པས།སྡིག་བསྔལ་དེ་ལས་ཐར་ན་ཅི་མ་རུང་།ཐར་བ་ཞིག་བདག་གི་ངེས་པར་དུ་བྱའོ་སྙམ་དུ་དམ་བཅས་པ་ནི་སྙིང་རྗེ་ཆེན་པོ་ཡིན།རྒྱུ་མཚན་དེ་ལ་བརྟེན་ནས་སྙིང་རྗེ་ཙམ་ལ་བྲལ་འདོད་ཀྱི་སྙིང་རྗེ་དང་།སྙིང་རྗེ་ཆེན་པོ་ལ་བསྐྱབ་འདོད་ཀྱི་སྙིང་རྗེའང་ཟེར།
༢、ལྷག་བསམ་རྣམ་དག་ནི།  གོང་དུ་ཞུས་པ་ནང་བཞིན་སེམས་ཅན་དེ་དག་ཐམས་ཅད་བདེ་བ་དང་ལྡན་པ་དང་།སྡུག་བསྔལ་དང་བྲལ་བ་ཞིག་བདག་གིས་བྱའོ་ཙམ་གྱིས་མི་ཆོག་པར་ཁུར་ཆེན་དེ་རང་གཅིག་བུའི་འཁུར་རྒྱུའི་སེམས་ཐག་བཅད་པ་ལ་ཟེར་ཞིང་།དེ་དག་ཚང་མ་གཞན་དོན་དོན་གཉེར་གྱི་འདུན་པའམ་བསམ་བློ་ཞིག་ཡིན་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བ་ལ་གོ་རིམ་དེ་དག་ངེས་པར་དུ་རྒྱུད་དགོས།གོ་རིམ་དེ་ལྟ་བུ་ཞིག་ལག་ལེན་དུ་བཏབ་ཚར་རྗེས་རྒྱུ་འབྲས་མན་ངག་བདུན་རྒྱུད་ལ་སྐྱེས་བ་ཡིན།དེའི་རྗེས་སུ་བྱང་ཆུབ་དོན་གཉེར་གྱི་འདུན་པ་རྒྱུད་ལ་སྐྱེ་དགོས།བྱང་ཆུབ་དོན་གཉེར་གྱི་འདུན་པ་ཞེས་པ་དེ་སངས་རྒྱས་ཀྱི་གོ་འཕང་ཅིའི་ཕྱིར་ཐོབ་འདོད་ཀྱི་བསམ་བློ་ལ་ཟེར།སངས་རྒྱས་ཀྱི་གོ་འཕང་ཅིའི་ཕྱིར་ཐོབ་དགོས་སྙམ་ན་སེམས་ཅན་དེ་དག་སྡིག་བསྔལ་ལས་སྒྲོལ་བའི་ཁུར་དེ་རང་གཅིག་བུས་འཁུར་དགོས་ན་ད་ལྟའི་རང་ལ་ནུས་པ་དེ་མེད་པ་མིག་མཐོང་ལག་ཟིན་ཡིན།འོ་ན་ནུས་པ་དེ་སུ་ལ་ཡོད་སྙམ་ན་དེ་སངས་རྒྱས་གཅིག་བུ་ལ་ཡོད་པས།ངས་ཀྱང་དེའི་གོ་འཕང་འཐོབ་པར་བྱས་ཏེ་མ་སེམས་ཅན་སྡིག་བསྔལ་ལས་བདག་གཅིག་བུས་སྒྲོལ་བར་བྱའོ་སྙམ་དུ་བརྩོན་པ་ལ་བྱང་ཆུབ་དོན་གཉེར་གྱི་བསམ་བློ་ཟེར།བསམ་བློ་དེ་གཉིས་ཟུང་དུ་འབྲེལ་བ་ལ་བྱང་ཆུབ་སེམས་ཞེས་བྱ་སྟེ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་《ཕར་ཕྱིན་མཐའ་དཔྱོད》ལས།“རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་།གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་རྣམ་རིག་ཁྱད་པར་ཅན་དེ་སེམས་བསྐྱེད་ཀྱི་མཚན་ཉིད།”ཅེས་གསུངས་པ་ལྟར་རོ།རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་སེམས་ལ་བློ་སྦྱོང་ཚུལ་འདི་ལ་སྦྱངས་ན་ཆོས་ཕྱོགས་མ་ཟད་འཇིག་རྟེན་མི་ཆོས་རིག་པ་ལའང་ཤིན་ཏུ་མཁོ་གལ་ཆེ་བར་སྙམ་སྟེ།ད་ལྟ་འཛམ་གླིང་ཧྲིལ་བོ་ན་འཚོ་ཞིང་གཞེས་པའི་མི་དག་མནོག་ཆུང་དང་གཡོ་སྒྱུས་ཤེས་རྒྱུད་གང་ནས་གཅིག་ལ་གཅིག་ཟའི་སྦྱོར་བ་བརྩམས་ཏེ་འཐབ་འཁྲུག་གི་ཡོ་ལང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་པ་ནི་ཀུན་གྱིས་ཤེས་པ་འདི་རེད།དེས་ན་འདི་དག་གི་རྒྱུད་ན་བྱང་ཆུབ་ཀྱི་སེམས་ཕར་ཞོགསྙིང་རྗེ་ཕྲ་མོ་ཙམ་ཡང་ཡོད་མེད་ཐེ་ཚོམ་གྱི་གནས་ཡིན།དེས་ན་དུས་འདི་ལྟ་བུ་ལ་རྒྱུ་འབྲས་མན་ངག་བདུན་སོགས་ལ་བློ་སྦྱོང་ཕྲན་ཙམ་རེ་བྱས་ནའང་ཕན་ཐོག་ཡོད་པ་ནི་སྨྲོས་མ་དགོས།འཛམ་གླིང་ཞི་བདེ་དང་ནད་མུག་འཁྲུག་རྩོད་སོགས་ཞི་བ་ལ་སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་ལས་ལྷག་པའི་ཐབས་ཡག་ཤོས་གང་ཡང་མེད་པས་ཀུན་གྱིས་ཕྱོགས་འདིར་བསམ་བློ་གཏོང་བའི་མཐུན་རྐྱེན་རེ་བསྒྲུབ་ཐུབ་ནའང་དེ་ལས་ལྷག་པའི་དགེ་བ་མེད་པར་སྙམ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།