མདུན་ཤོག- ཆབ་སྲིད་འཚོ་བ།- བཅའ་ཁྲིམས་ཁྲིམས་སྲོལ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-21 11:04

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

(2014ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    དོན་ཚན་དང་པོ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཕྱིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། ཉར་ཚགས། དོ་དམ་བཅས་བྱེད་རྒྱུར་བྱ་ཐབས་འདི་སྤྱོད་རྒྱུ།

    དོན་ཚན་གསུམ་པ། བྱ་ཐབས་འདིའི་ནང་བརྗོད་པའི་མངོན་མིན་རིག་གནས་ཤུལ་བཞག་ཅེས་པ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱས་པ་མ་ཟད་དེའི་རིག་གནས་ཤུལ་བཞག་གྲུབ་ཆའི་སྲོལ་རྒྱུན་རིག་གནས་འདྲ་མིན་མཚོན་པའི་ཐབས་རྣམ་ཞིག་དང་། དེ་བཞིན་སྲོལ་རྒྱུན་རིག་གནས་མཚོན་པའི་ཐབས་རྣམ་དང་འབྲེལ་བ་ཡོད་པའི་དངོས་རྫས་དང་གནས་ཡུལ་ལ་ཟེར་ཞིང་། དེའི་ནང་།

    (གཅིག)སྲོལ་རྒྱུན་གྱི་ངག་ཐོག་རྩོམ་རིག་དང་དེ་བཞིན་དེའི་གཞི་རྟེན་དུ་གྱུར་བའི་སྐད་ཆ་དང་།

    (གཉིས)སྲོལ་རྒྱུན་གྱི་མཛེས་རིས་དང་། ཡིག་གཟུགས། རོལ་དབྱངས། ཞབས་བྲོ། ཟློས་གར། གཞས་མ་གཏམ། རྩལ་རྩེད་སྣ་ཚོགས།

    (གསུམ)སྲོལ་རྒྱུན་གྱི་སྒྱུ་རྩལ་ལམ་ལག་རྩལ་དང་། གསོ་རིག་སྨན་ལས། ལོ་རྩིས།

    (བཞི)སྲོལ་རྒྱུན་གྱི་གུས་སྲོལ་དང་དུས་ཆེན་རྟེན་འབྲེལ་སོགས་ཀྱི་དམངས་སྲོལ།

    (ལྔ)སྲོལ་རྒྱུན་གྱི་ལུས་རྩལ་དང་རོལ་རྩེད་སྒྱུ་རྩལ།

    (དྲུག)མངོན་མིན་རིག་གནས་ཤུལ་བཞག་གཞན་དག་བཅས་ཚུད་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆའི་ཁོངས་སུ་ཚུད་པའི་དངོས་རྫས་དང་གནས་ཡུལ་སོགས་རིག་དངོས་ཀྱི་ཁོངས་སུ་གཏོགས་ཕྱིན་རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་སྤྱོད་རྒྱུ།

    དོན་ཚན་བཞི་པ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་དེ་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་བྱེད་རྒྱུ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་དང་གོང་འཕེལ་གཏོང་བ་བཅས་ཀྱི་མཛད་ཕྱོགས་ལག་བསྟར་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ནས་ཐེ་ཞུགས་བྱེད་རྒྱུ་མཉམ་འཛིན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐད་ངེས་པར་དུ་དེའི་བདེན་པའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། རྒྱུན་འཛིན་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ངོས་འཛིན་བྱེད་རྒྱུར་ཕན་པ་ཡོད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་རྒྱུར་ཕན་པ་ཡོད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་ཐུབ་རྒྱུར་ཕན་པ་ཡོད་པ་བཅས་བྱེད་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་དང་མཐའ་མཚམས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་ལས་དོན་ལ་རོགས་སྐྱོར་བྱེད་དགོས།

    དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་ལས་དོན་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་ནང་བཅུག་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་མངོན་མིན་རིག་གནས་ཤུལ་བཞག་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ལུགས་མཐུན་བྱེད་དགོས།

    དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་མཁན་ཚན་པ་དང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཞིབ་འཇུག་དང་། རྒྱུན་འཛིན། ཁྱབ་སྤེལ། སྲུང་སྐྱོབ། དོ་དམ་སོགས་བྱེད་མཁན་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།

    དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་ལ་མཁོ་བའི་ཆེད་སྤྱོད་མ་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་སྦྲགས་རིམ་བཞིན་མང་དུ་གཏོང་དགོས།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་རིག་གནས་སོགས་སྡེ་ཚན་གྱིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ཆེད་སྤྱོད་མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ས་ཁུལ་འདི་གའི་ནང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། དེའི་འགན་འཁྲི་ནི།

    (གཅིག)མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་ལེན་བསྟར་རྒྱུ།

    (གཉིས)མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་འཆར་འགོད་བཟོ་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱེད་རྒྱུ།

    (གསུམ)མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་དང་། ངོས་འཛིན། ཐོ་འགོད་། དེ་བཞིན་ཡིག་ཚགས་བཟོ་རྒྱུ་བཅས་ཀྱི་ལས་དོན་སྤེལ་རྒྱུ།

    (བཞི)མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས་དཔྱད་འདེམས་དང་འོས་སྦྱོར་བྱེད་རྒྱུ་དང་། ཚབ་མཚོན་གྱི་རྒྱུན་འཛིན་མི་སྣ་ངོས་འཛིན་པའི་སྒྲིག་འཛུགས་བྱེད་རྒྱུ།

    (ལྔ)མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་སྒྲིག་འཛུགས་བྱེད་རྒྱུ།

    (དྲུག)མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཉར་ཚགས་བྱེད་རྒྱུ་དང་འབྲེལ་བ་ཡོད་པའི་ལས་ཀ་གཞན་དག་སྤེལ་རྒྱུ་བཅས་ཡིན།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རྫོང་རིམ་ཡན་གྱི་མི་དམས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་མཉམ་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ།

    གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང(སྡེ་ཁུལ)གིས་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་དེ་མཚུངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་ལས་དོན་སྤེལ་རྒྱུ།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་མ་དངུལ་ཞལ་འདེབས་ཁྲིམས་བཞིན་རྒྱག་རྒྱུར་སྐུལ་ལྕག་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་ལས་དོན་ཐད་སྤྱོད་རྒྱུ།

    དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། ཁྱབ་སྤེལ་བཅས་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ལེགས་སྐྱེས་མངོན་གསལ་དོད་པོ་ཡོད་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

    ལེའུ་གཉིས་པ། མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་རྒྱུ།

    དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་ལས་དོན་གྱི་དགོས་མཁོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་རྒྱུར་སྒྲིག་འཛུགས་བྱེད་དགོས། རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་འགན་འཁུར་རྒྱུ།

    རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་དེ་གའི་ལས་ཀའི་ཁྱབ་ཁོངས་ནང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱས་ན་འགྲིག

    དོན་ཚན་བཅུ་བཞི་པ། རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་མངོན་མིན་རིག་གནས་ཤུལ་བཞག་བརྟག་དཔྱད་བྱེད་དགོས་ན་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་བྱེད་དགོས་པའི་ཐོག ཡི་གེ་དང་། སྒྲ་ཕབ། བརྙན་ཕབ། གྲངས་འཛིན་སྨྱན་མང་སོགས་ཀྱི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་ལ་ཇི་མ་ཇི་བཞིན་དང་། བརྒྱུད་རིམ་ལྡན་པ། ཆ་ཚང་བ་བཅས་ཀྱི་ཐོ་འགོད་བྱེད་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་ལ་ཡིག་ཚགས་དང་འབྲེལ་ཡོད་ཀྱི་གཞི་འཛིན་གྲངས་མཛོད་བཟོ་དགོས། ཁྲིམས་བཞིན་ངེས་པར་དུ་གསང་སྲུང་བྱེད་དགོས་རིགས་ཕུད། དེ་བྱིངས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཚགས་དང་འབྲེལ་ཡོད་གཞི་འཛིན་གྲངས་གཞིའི་ཆ་འཕྲིན་ངེས་པར་དུ་ཡོངས་བསྒྲགས་བྱས་ནས་སྤྱི་དམངས་ལ་ལྟ་བཤེར་བྱེད་བདེ་ཡོང་བ་བྱེད་དགོས།

    རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་སྐབས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཁོངས་སུ་གཏོགས་པའི་ཚབ་མཚོན་རང་བཞིན་གྱི་དངོས་རྫས་བསྡུ་རུབ་བྱེད་དགོས་པ་དང་། བརྟག་དཔྱད་ལས་དོན་སྤེལ་བའི་ཁྲོད་བྱུང་བའི་དཔྱད་ཡིག་བསྡུ་བསྒྲིག་བྱེད་རྒྱུ་མ་ཟད་ཉར་ཚགས་ཡག་པོ་བྱས་ནས་གཏོར་སྐྱོན་དང་བོར་བརླག་མི་འགྲོ་སྔོན་འགོག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གཞན་དག་ལ་བྱུང་བའི་དངོས་རྫས་པར་རིས་དང་དཔྱད་ཡིག་གི་པར་སློག་ཡིག་ཆ་རྣམས་ངེས་པར་དུ་བརྟག་དཔྱད་ཚར་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཚུན་དུ་རིམ་མཚུངས་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཕྱོགས་བསྡུས་རྩིས་སྤྲོད་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རིགས་ལ་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འཕྲལ་མར་ཇི་མ་ཇི་བཞིན་དང་ཆ་ཚང་བ་ཐོ་འགོད་དགོས་ལ་འབྲེལ་ཡོད་དངོས་རྫས་དང་དཔྱད་ཡིག་བསྡུ་རུབ་བྱས་ཏེ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ་སྲུང་སྐྱོབ་བྱེད་དགོས།

    དོན་ཚན་བཅུ་དྲུག་པ། རྒྱལ་མཚམས་ཕྱིའི་རྩ་འཛུགས་སམ་ཡང་ན་མི་སྒེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་དགོས་རིགས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    དོན་ཚན་བཅུ་བདུན་པ། མངོན་མིན་རིག་གནས་ཤུལ་བཞག་གི་བརྟག་དཔྱད་དང་དངོས་རྫས་བསྡུ་རུབ་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་བརྟག་དཔྱད་བྱ་ཡུལ་གྱི་མོས་མཐུན་ཐོབ་དགོས་པ་དང་། དེ་གའི་མི་རིགས་ཀྱི་ཡུལ་སྲོལ་དང་། དད་པ། གོམས་གཤིས་བཅས་ལ་བརྩི་འཇོག་བྱེད་དགོས་པ། རྣམ་གྲངས་ཀྱི་འཁྲུལ་མེད་རང་བཞིན་དང་ཆ་ཚང་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་ལས་འཁྱོག་བཤད་དང་བེད་སྤྱོད་གང་བྱུང་བྱེད་མི་ཆོག་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་དངོས་རྫས་དང་། དཔྱད་ཡིག འཛུགས་སྐྲུན་དངོས་རིགས། གནས་ཡུལ་སོགས་ཁྲིམས་མཐུན་མིན་པའི་སྒོ་ནས་བདག་བཟུང་བྱེད་པ་དང་གཏོར་སྐྱོན་གཏོང་མི་ཆོག་པ། བརྟག་དཔྱད་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

    ལེའུ་གསུམ་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་།

    དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ལ་རིམ་པ་དབྱེ་ནས་སྲུང་སྐྱོབ་བྱེད་པའི་རྩ་དོན་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་གནས) རྫོང(གྲོང་ཁྱེར་དང་ཆུད)བཅས་རིམ་གསུམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་བཟོས་ནས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མཚོན་པ་དང་ལོ་རྒྱུས་དང་། རྩོམ་རིག སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་རིགས་མིང་གཞུང་ནང་བཅུག་ནས་སྲུང་སྐྱོབ་བྱེད་རྒྱུ།

    དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ནས་རྣམ་གྲངས་བདམས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་འཇུག་རྒྱུར་འོས་སྦྱོར་བྱས་ན་འགྲིག

    གྲོང་ཁྱེར(ས་གནས)དང་རྫོང་(གྲོང་ཁྱེར་དང་ཆུད)མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་ནས་རྣམ་གྲངས་བདམས་ཏེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་འཇུག་རྒྱུའི་འོས་སྦྱོར་བྱས་ན་འགྲིག

    འོས་སྦྱོར་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་དཔྱད་གཞི་འདོན་སྤྲོད་བྱེད་དགོས་པ་སྟེ།

    (གཅིག)རྣམ་གྲངས་ངོ་སྤྲོད་བྱེད་རྒྱུ་དང་། དེའི་ནང་རྣམ་གྲངས་ཀྱི་མིང་དང་། ལོ་རྒྱུས། ད་ལྟའི་གནས་ཚུལ། རིན་ཐང་བཅས་ཚུད་དགོས་པ་དང་།

    (གཉིས)རྒྱུན་འཛིན་གྱི་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་དང་། དེའི་ནང་རྒྱུན་འཛིན་གྱི་ཁྱབ་ཁོངས་དང་། རྒྱུན་འཛིན་གྱི་གདུང་རབས། རྒྱུན་འཛིན་པའི་ལག་རྩལ་ཆུ་ཚད། རྒྱུན་འཛིན་བྱེད་སྒོའི་སྤྱི་ཚོགས་ཀྱི་བག་ཆགས་བཅས་ཚུད་དགོས་པ།

    (གསུམ)སྲུང་སྐྱོབ་ཀྱི་བླང་བྱ་སྟེ་དེའི་ནང་སྲུང་སྐྱོབ་བྱེད་པར་ངེས་པར་དུ་སྒྲུབ་དགོས་པའི་དམིགས་ཚད་དང་། ངེས་པར་དུ་སྤྱོད་རྒྱུའི་བྱ་ཐབས། གོམ་རིམ། དོ་དམ་ལམ་ལུགས་བཅས་ཚུད་དགོས་པ།

    (བཞི)རྣམ་གྲངས་གསལ་བཤད་བྱེད་རྒྱུར་ཕན་པའི་བལྟ་ཉན་དཔྱད་ཡིག་སོགས་དཔྱད་གཞིའི་རིགས་བཅས་སོ།

    དོན་ཚན་ཉི་ཤུ་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གང་རུང་ཞིག་ལ་ཕུལ་བྱུང་སྲོལ་རྒྱུན་གྱི་རིག་གནས་མངོན་ཐུབ་ཅིང་། ལོ་རྒྱུས་དང་། རྩོམ་རིག སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་འདུག་སྙམ་ན་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་འཇུག་རྒྱུའི་རེ་ཞུའམ་གྲོས་འཆར་བཏོན་ན་འགྲིག རེ་ཞུའམ་གྲོས་འཆར་གྱི་དཔྱད་གཞིའི་ནང་རྣམ་གྲངས་ཀྱི་རེ་ཞུའི་ཡི་གེ་དང་། གྲོས་འཆར་སྙན་ཞུ། དེ་མིན་གྱི་འབྲེལ་ཡོད་དཔྱད་གཞི་གཞན་དག་བཅས་ཚུད་དགོས།

    དོན་ཚན་ཉེར་གཅིག་པ། གཅིག་མཚུངས་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཤིག་གི་རྣམ་པ་དང་ནང་དོན་རྣམས་གྲོང་ཁྱེར(ས་གནས)དང་རྫོང་(གྲོང་ཁྱེར་དང་ཆུད)གཉིས་ཡན་དུ་ཆ་ཚང་ཉར་ཚགས་བྱས་ཡོད་རིགས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་དུས་མཚུངས་སུ་བཅུག་ན་འགྲིག

    དོན་ཚན་ཉེར་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིགས་གཅིག་མཁས་དབང་དཔྱད་ཞིབ་ཚོགས་ཆུང་དང་རིགས་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་ཐོག རིམ་པ་འདི་གའམ་ཡང་ན་རང་ལས་རིམ་པ་གཅིག་གིས་མཐོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་འཇུག་རྒྱུར་འོས་སྦྱོར་དང་། རེ་ཞུའམ་ཡང་ན་གྲོས་འཆར་བཏོན་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་ཐོག་མའི་དཔྱད་བསྡུར་དང་གྲོས་ཞིབ་བྱེད་དགོས།

    རིགས་གཅིག་མཁས་དབང་དཔྱད་ཞིབ་ཚོགས་ཆུང་དང་རིགས་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྔ་ལས་མི་ཉུང་བ་བྱེད་རྒྱུ་དང་། རིགས་གཅིག་མཁས་དབང་དཔྱད་ཞིབ་ཚོགས་ཆུང་གི་ཁོངས་མིས་དུས་མཚུངས་སུ་རིགས་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་འཁུར་མི་ཆོག ཐོག་མའི་དཔྱད་བསྡུར་བསམ་འཆར་དེ་ངེས་པར་དུ་རིགས་གཅིག་མཁས་དབང་དཔྱད་ཞིབ་ཚོགས་ཆུང་གི་ཁོངས་མིའི་མི་གྲངས་ཕྱེད་ཀ་ཡན་བརྒལ་ན་གྲོས་འཆམ་བྱུང་བར་བརྩི་རྒྱུ། རིགས་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་དཔྱད་བསྡུར་བསམ་འཆར་ལ་གྲོས་ཞིབ་བྱས་ནས་དཔྱད་ཞིབ་བསམ་འཆར་འདོན་རྒྱུ། དཔྱད་ཞིབ་ལས་དོན་སྤེལ་སྐབས་ངེས་པར་དུ་ཡོངས་གྲགས་དང་། དྲང་སྙོམས། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་དགོས།

    དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིཌ་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་རིམ་པ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་འཇུག་རྩིས་ཡོད་པའི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་དེ་ཡོངས་བསྒྲཌ་བྱས་ཐོག་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། ཡོངས་བསྒྲགས་བྱེད་ཡུན་ཉིན་ཉི་ཤུ་ལས་མི་ཉུང་བ་བྱེད་དགོས། ཡོངས་བསྒྲཌ་བྱེད་རིང་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཡིག་ཐོག་ནས་བསམ་འཆར་མི་འདྲ་བ་བཏོན་ན་འགྲིག རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བརྟག་དཔྱད་བྱས་པ་བརྒྱུད་བསམ་འཆར་མི་འདྲ་བ་བཏོན་པ་དེར་རྩིས་འགྲོ་མི་འདུག་སྙམ་ན་ངེས་པར་དུ་ཉིན་30ནང་ཡིག་ཐོག་ནས་བསམ་འཆར་མི་འདྲ་བ་འདོན་མཁན་ལ་གསལ་འགྲེལ་བྱེད་པ་དང་སྦྲཌ་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་དང་། བསམ་འཆར་མི་འདྲ་བ་བཏོན་པ་དེ་རྩིས་འགྲོ་འདུག་སྙམ་ན་ངེས་པར་དུ་རིགས་གཅིག་མཁས་དབང་བསྐྱར་དུ་སྒྲིག་འཛུགས་བྱས་ནས་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་དཔྱད་ཞིབ་བྱེད་དགོས།

    ཡོངས་བསྒྲགས་བྱེད་ཡུན་ཐིམས་རྗེས་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རིགས་གཅིག་མཁས་དབང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་དཔྱད་ཞིབ་བསམ་འཆར་དང་ཡོངས་བསྒྲགས་བྱས་འབྲས་ལྟར་རིམ་པ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་འཆར་འགོད་གཏན་འཁེལ་བྱས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ་དང་ཁྱབ་བསྒྲགས་བྱེད་རྒྱུར་འབུལ་བ་དང་སྦྲགས་རང་ལས་རིམ་པ་གཅིག་གིས་མཐོ་བའི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་བྱེད་རྒྱུའི་འཆར་འགོད་བཟོ་དགོས་པ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་བྱེད་རྒྱུའི་འཆར་འགོད་བཟོ་སྐབས་ངེས་པར་དུ་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་དང་། སྲུང་སྐྱོབ་བྱེད་ཐབས། སྲུང་སྐྱོབ་ཀྱི་དམིགས་ཡུལ་བཅས་ཁ་གསལ་བཟོ་དགོས་པ་མ་ཟད་སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་གཙོ་གནད་དུ་སྲུང་སྐྱོབ་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་བྱེད་རྒྱུའི་འཆར་འགོད་ལག་བསྟར་བྱས་ཚུལ་དང་སྲུང་སྐྱོབ་ལས་ཀ་དོན་འཁྱོལ་བྱས་ཚུལ་ལ་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཤིང་། སྲུང་སྐྱོབ་འཆར་འགོད་ལག་བསྟར་ནུས་ལྡན་མ་བྱུང་བའམ་ཡང་ན་སྲུང་སྐྱོབ་ལས་དོན་སྤེལ་ཤུགས་མ་འདང་བའི་རིགས་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་འཕྲལ་མར་ཡོ་བསྲང་དང་ཐག་གཅོད་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་གཅིག་སྡུད་ཆེ་ཙམ་དང་། ཁྱད་ཆོས་མངོན་ཆེ་བ། རྣམ་པ་དང་ནང་དོན་ཆ་ཚང་སོར་གནས་ཡིན་པ་བཅས་དམིགས་བཙུགས་ཁུལ་ཁོངས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆེད་དོན་སྲུང་སྐྱོབ་འཆར་འགོད་བཟོ་ཆོག་པ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་བཙུགས་ནས་ཁུལ་ཁོངས་རང་བཞིན་གྱི་ཆ་ཚང་སྲུང་སྐྱོབ་བྱེད་ཆོག གཤམ་གསལ་གྱི་ཆ་རྐྱེན་འཛོམས་པའི་གྲོང་སྡེའམ་ཡང་ན་དམིགས་བཙུགས་ཁུལ་ཁོངས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་རིམ་པའི་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་ཞེས་པའི་མིང་འདོགས་ཆོག་པ་སྟེ།

    (གཅིག) སྲོལ་རྒྱུན་རིག་གནས་ལོ་རྒྱུས་རིང་མོ་ལྡན་པ་དང་། རྒྱུན་མཐུད་ཉར་ཚགས་ཡག་པོ་བྱུང་བ་མ་ཟད། སྤྱི་ཚོགས་ཐོག་རྒྱ་ཁྱབ་ངང་ཁས་ལེན་བྱེད་པའི་རིགས་དང་།

    (གཉིས) མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཁྱབ་ཁུལ་ཅུང་གཅིག་སྡུད་ཡིན་པའི་ཐོག ལོ་རྒྱུས་དང་། རིག་གནས། ཚན་རིག་བཅས་ཀྱི་རིན་ཐང་ཆེ་ཙམ་ལྡན་ཁར་ཁུལ་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ།

    (གསུམ) མངོན་མིན་རིག་གནས་ཤུལ་བཞག་གནས་སའི་རང་བྱུང་ཁོར་ཡུག་དང་རིག་སྐྲུན་འབྱུང་ཁམས་ཁོར་ཡུག་བཟང་བ།

    (བཞི) ས་ཆ་དེ་གའི་མང་ཚོགས་ཀྱིས་རང་འགུལ་ངང་རིག་གནས་ལ་མོས་སེམས་དང་སྲུང་སྐྱོབ་བྱེད་པར་ཐེ་ཞུགས་བྱེད་ཤུགས་ཆེ་བ།

    (ལྔ) ས་ཆ་དེ་གའི་སྲིད་གཞུང་གིས་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་ལས་དོན་ལ་མཐོང་ཆེན་བྱེད་པ་དང་སྲུང་སྐྱོབ་བྱ་ཐབས་ནུས་ལྡན་ཡོད་པ་བཅས་སོ།

    དོན་ཚན་ཉེར་བདུན་པ། ཁུལ་ཁོངས་རང་བཞིན་གྱི་རིག་གནས་འབྱུང་ཁམས་ཧྲིལ་པོར་སྲུང་སྐྱོབ་བྱེད་སྐབས་ངེས་པར་དུ་ས་ཆ་དེ་གའི་ཡུལ་མིའི་འདོད་བློར་བརྩི་འཇོག་བྱེད་དགོས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆར་གཏོགས་པའི་དངོས་རྫས་དང་གནས་ཡུལ་ལ་སྲུང་སྐྱོབ་བྱས་ནས་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།

    ཁུལ་ཁོངས་རང་བཞིན་གྱི་རིག་གནས་འབྱུང་ཁམས་ཧྲིལ་པོར་སྲུང་སྐྱོབ་བྱེད་རྒྱུ་དེ་མངོན་མིན་རིག་གནས་ཤུལ་བཞག་གཅིག་སྡུད་ཁུལ་གྱི་གྲོང་ཚོ་དང་གྲོང་རྡལ་ལམ་ཡང་ན་ཁྲོམ་གཞུང་གི་བར་སྟོང་འཆར་འགོད་བྱེད་རྒྱུ་དང་འབྲེལ་བ་ཡོད་རིགས་ངེས་པར་དུ་ས་ཆ་དེ་གའི་གྲོང་ཁྱེར་གྲོང་གསེབ་འཆར་འགོད་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཁྲིམས་བཞིན་ཆེད་དོན་སྲུང་སྐྱོབ་འཆར་འགོད་བཟོ་དགོས།

    རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་ཁོངས་གཏན་འཁེལ་དང་སྲུང་སྐྱོབ་མཚོན་རྟགས་བཟོས་ནས་གསལ་བཤད་འབྲི་དགོས། མཚོན་རྟགས་གསལ་བཤད་ནང་སྲུང་སྐྱོབ་བྱ་ཡུལ་གྱི་མིང་དང་། རིམ་པ། ངོ་སྤྲོད་མདོར་བསྡུས། མཚོན་རྟགས་བཟོ་མཁན་ལས་ཁུངས་དང་དུས་ཚོད་སོགས་ནང་དོན་ཚུད་དགོས།

    ལེའུ་བཞི་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཁྱབ་སྤེལ་གཏོང་རྒྱུ།

    དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ནས་མཆན་འགོད་ཡོངས་བསྒྲགས་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་རིགས་ལ་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ངོས་གཏན་ལ་དགོས་པ་དང་རྣམ་གྲངས་སྲུང་སྐྱོབ་བྱེད་མཁན་ཚན་པ་གཏན་འཁེལ་བྱེད་ཆོག

    དོན་ཚན་ཉེར་དགུ་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།

    (གཅིག)དེ་གས་རྒྱུན་འཛིན་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་བྱང་ཆུབ་པ་ཤེས་ཐུབ་པ་དང་།

    (གཉིས) དམིགས་བཙུགས་ཁྱབ་ཁོངས་ནང་དུ་ཚབ་མཚོན་རང་བཞིན་ལྡན་པ་མ་ཟད། ཁུལ་ཁོངས་ངེས་ཅན་ནང་དུ་བག་ཆགས་ཆེ་ཙམ་ཡོད་པ།

    (གསུམ) རྒྱུན་འཛིན་བྱེད་སྒོ་ཧུར་ཐག་སྤེལ་བ་བཅས་སོ།

    དོན་ཚན་སུམ་ཅུ་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་ཚན་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་པ་སྟེ།

    (གཅིག) རྣམ་གྲངས་དེའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའམ་ཡང་ན་དེ་མཚུངས་ཀྱི་ཆ་ཚང་བའི་དཔྱད་ཡིག་ཡོད་པ་དང་།

    (གཉིས) རྣམ་གྲངས་དེ་སྲུང་སྐྱོབ་བྱེད་པའི་འཆར་གཞི་ལག་བསྟར་བྱེད་ནུས་ལྡན་པ།

    (གསུམ) རྒྱུན་འཛིན་དང་འགྲེམས་སྟོན་བྱེད་སའི་གནས་དང་ཆ་རྐྱེན་ཡོད་པ་བཅས་སོ།

    དོན་ཚན་སོ་གཅིག་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པས་ངེས་པར་དུ་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ།

    (གཅིག) རྒྱུན་འཛིན་བྱེད་སྒོ་སྤེལ་ནས་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས་པ་དང་།

    (གཉིས) འབྲེལ་ཡོད་ཀྱི་དངོས་རྫས་དང་དཔྱད་ཡིག་ཉར་ཚགས་ཡག་པོ་བྱེད་དགོས་པ།

    (གསུམ) རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་ལ་གཞོགས་འདེགས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟག་དཔྱད་བྱེད་དགོས་པ།

    (བཞི) མངོན་མིན་རིག་གནས་ཤུལ་བཞག་གི་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་ནང་ཞུགས་དགོས་པ། (ལྔ) མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་འབྲེལ་ཡོད་འོས་འགན་གཞན་དག་སྒྲུབ་དགོས་པ་བཅས་སོ།

    དོན་ཚན་སོ་གཉིས་པ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་ཚན་པས་ངེས་པར་དུ་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ།

    (གཅིག) རྣམ་གྲངས་དེའི་དངོས་རྫས་དང་དཔྱད་ཡིག་ཕྱོགས་ཡོངས་ནས་བསྡུ་རུབ་བྱེད་དགོས་པ་མ་ཟད། ཐོ་བཀོད་དང་། ལེགས་སྒྲིག ཡིག་ཚགས་བཟོ་བ་བཅས་བྱེད་དགོས་པ་དང་།

    (གཉིས) རྣམ་གྲངས་དེའི་རྒྱུན་འཛིན་དང་འབྲེལ་ཡོད་བྱེད་སྒོར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་དགོས་པ།

    (གསུམ) རྣམ་གྲངས་དེའི་འབྲེལ་ཡོད་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་སྲུང་སྐྱོབ་ནུས་ལྡན་བྱེད་དགོས་པ།

    (བཞི) ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་འོས་སྦྱོར་བྱེད་དགོས་པ།

    (ལྔ)རྣམ་གྲངས་དེའི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ཧུར་ཐག་སྤེལ་དགོས་པ།

    (དྲུག)རྣམ་གྲངས་དེའི་ཞིབ་ཕྲའི་སྲུང་སྐྱོབ་ལས་ཀའི་འགན་འཁུར་མཁན་ས་ཆ་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རྣམ་གྲངས་སྲུང་སྐྱོབ་བྱས་ཚུལ་སྙན་སེང་ཞུ་དགོས་པ་མ་ཟད། དེའི་ལྟ་སྐུལ་ཞིབ་བཤེར་དང་ལེན་ཞུ་དགོས་པ། (བདུན)མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་འབྲེལ་ཡོད་འོས་འགན་གཞན་དག་བཅས་སོ།

    དོན་ཚན་སོ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་ཡིག་ཚགས་བཟོ་དགོས་པ་དང་། དེའི་དཔྱད་ཞིབ་ལམ་སྲོལ་དང་བྱ་དགའི་ལམ་ལུགས་བཟོ་དགོས། རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་འོས་འགན་མ་བསྒྲུབས་ན་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲུང་སྐྱོབ་ཚན་པའི་འོས་ཐོབ་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་འོས་ཐོབ་མེད་པ་བཟོས་ནས་རྣམ་གྲངས་དེའི་སྲུང་སྐྱོབ་ཚན་པ་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བསྐྱར་དུ་ངོས་གཏན་འཁེལ་ཆོག་པ་དང་། རྒྱུན་འཛིན་གྱི་ནུས་པ་ཤོར་བའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་རིགས་ཡིན་ན་རྣམ་གྲངས་དེའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་བསྐྱར་དུ་ངོས་གཏན་འཁེལ་དགོས། རྒྱུན་འཛིན་གྱི་ནུས་པ་ཤོར་བའི་དེ་སྔའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པར་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གཟི་བརྗིད་ཀྱི་རྒྱུན་འཛིན་པའི་མཚན་སྙན་སྤྲོད་ཆོག་པ་དང་། མི་དམངས་སྲིད་གཞུང་གིས་འཚོ་སྣོན་འོས་འཚམ་སྤྲོད་དགོས།

    དོན་ཚན་སོ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་དགོས་མཁོར་གཞིགས་ནས་གཤམ་གསལ་གྱི་བྱ་ཐབས་སྤྱད་དེ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་རྣམ་གྲངས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་དང་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་ཚན་པར་རྒྱབ་སྐྱོར་བྱས་ཏེ་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་སྒོ་སྤེལ་དགོས་པ་སྟེ།

    (གཅིག) དགོས་ངེས་ཀྱི་རྒྱུན་འཛིན་བྱ་ཡུལ་མཁོ་འདོན་བྱེད་དགོས་པ་དང་།

    (གཉིས) དེས་དགེ་ཕྲུག་འཁྲིད་པ་དང་། རྩལ་ནུས་བརྒྱུད་སྤྲོད། སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བར་དགོས་ངེས་ཀྱི་གྲོན་དངུལ་ཐོག་ནས་རོགས་རམ་བྱེད་དགོས་པ།

    (གསུམ)དེས་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་བྱེད་སྒོའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ།

    (བཞི) དེས་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུའི་བྱ་ཐབས་གཞན་དག་བཅས་སོ།

    དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་ཐོག་བྱ་ཐབས་ནུས་ལྡན་སྤྱད་དེ་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་སྒྲིག་འཛུགས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་རྣམ་གྲངས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་དགོས།

    དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བ་ཡོད་པའི་ཚན་རིག་ལག་རྩལ་ཞིབ་འཇུག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་ཐབས་སྐོར་གྱི་ཞིབ་འཇུག་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོ་འགོད་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ལེགས་སྒྲིག་དང་པར་སྐྲུན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་རྒྱུ།

    དོན་ཚན་སོ་བདུན་པ། རིགས་འདྲ་མིན་གྱི་སྨྱན་སྦྱོར་ཚན་པས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་དོན་དྲིལ་བསྒྲགས་བྱེད་རྒྱུ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆེ་རུ་གཏོང་དགོས།

    དོན་ཚན་སོ་བརྒྱད་པ། དཔེ་མཛོད་ཁང་དང་། རིག་གནས་ཁང་། དངོས་མང་རྟེན་མཛོད་ཁང་། ཚན་རྩལ་ཁང་། འགྲེམས་སྟོན་ཁང་སོགས་སྤྱི་པའི་རིག་གནས་ཚན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གཞུང་ཞིབ་འཇུག་ཚན་པ། སྲུང་སྐྱོབ་ཚན་པ། དེ་བཞིན་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་གཉེར་བའི་རིག་རྩལ་འཁྲབ་སྟོན་ཚོགས་པ། འཁྲབ་སྟོན་བྱ་ཡུལ་གཉེར་སྐྱོང་བྱེད་མཁན་ཚན་པ་སོགས་ཀྱིས་ངེས་པར་དུ་སོ་སོའི་ལས་སྒོའི་ཁྱབ་ཁོངས་གཞིར་བཟུང་མངོན་མིན་རིག་གནས་ཤུལ་བཞག་ལེགས་སྒྲིག་དང་། ཞིབ་འཇུག རིག་གཞུང་སྤེལ་རེས་བཅས་བྱེད་དགོས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་རྣམ་གྲངས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་དགོས།

    དོན་ཚན་སོ་དགུ་པ། སློབ་གསོའི་ལས་ཁུངས་ནས་འབྲེལ་ཡོད་སློབ་ཚན་ཚོགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་སྤེལ་དང་དར་སྤེལ་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

    སློབ་གྲྭ་འབྲིང་ཆུང་ནས་ས་ཆ་དེ་གའི་ཕུལ་བྱུང་གི་མངོན་མིན་རིག་གནས་ཤུལ་བཞག་དེ་བྱང་ཚད་སློབ་གསོའི་ནང་དོན་གྲས་སུ་འཇུག་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

    ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གླིང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཞིབ་འཇུག་བྱེད་རྒྱུ་དང་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཞི་བཅུ་པ། སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་གཞན་དག་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཆེད་དམིགས་རྟེན་མཛོད་ཁང་དང་། འགྲེམས་སྟོན་བྱེད་ས། རྒྱུན་འཛིན་བྱ་ཡུལ་བཅས་ཁྲིམས་བཞིན་བཙུགས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་རྣམ་གྲངས་འགྲེམས་སྟོན་དང་རྒྱུན་འཛིན་བྱེད་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ཞེ་གཅིག་པ། སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་གཞན་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ལུགས་མཐུན་ངང་བེད་སྤྱད་དེ་ཁྲོམ་རའི་གཏིང་ཤུགས་ཡོད་པའི་རིག་གནས་ཐོན་རྫས་དང་རིག་གནས་ཞབས་ཞུ་གསར་སྤེལ་བྱེད་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་བེད་སྤྱོད་བྱེད་དགོས་ཚེ་དེའི་དོན་དངོས་རང་བཞིན་དང་རིག་གནས་ཀྱི་སྙིང་དོན་ལ་ངེས་པར་དུ་བརྩི་སྲུང་ཞུས་ཏེ་སྔར་ཡོད་རིག་གནས་ཀྱི་འབྱུང་ཁམས་དང་རིག་གནས་ཀྱི་ཉམས་འགྱུར་མཐའ་འཁྱོངས་བྱེད་དགོས་པ་ལས་འཁྱོག་བཤད་དང་དམའ་གཅོག་གཏོར་སྐྱོན་སོགས་གཏོང་མི་རུང་།

    དོན་ཚན་ཞེ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་བེད་སྤྱོད་ལུགས་མཐུན་བྱེད་མཁན་སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་གཞན་དག་བཅས་ལ་རོགས་སྐྱོར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་བསྡུའི་ཐད་གཟིགས་སྐྱོང་བྱེད་དགོས།

    དོན་ཚན་ཞེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཚད་བཀག་བཟོས་ནས་སྔོག་འདོན་དང་སྤྱོད་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་བྱུང་གི་རྒྱུ་ཆ་དང་རྩ་ཆེའི་གཏེར་རྫས་ལ་སྲུང་སྐྱོབ་བྱེད་དགོས་པ་ལས་གང་བྱུང་གི་སྔོག་འདོན་དང་རྐུ་འཚོང་རྒྱག་རིགས་གཏན་འགོག་བྱེད་དགོས།

    དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱི་གསང་བའམ་ཡང་ན་ཚོང་ལས་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཡིན་ཕྱིན་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཁྱབ་སྤེལ་དང་བེད་སྤྱོད་བྱེད་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཞེ་ལྔ་པ། རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེ་མིན་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་ལས་ཀའི་ནང་རང་འགན་ཟོལ་འཇོག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་དཔྱད་བརྟག་བྱེད་སྐབས་བརྟག་དཔྱད་བྱ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ལ་བཙན་གནོད་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་པར་ཁྲིམས་བཞིན་སྲིད་འཛིན་ཆད་གཅོད་བྱེད་རྒྱུ་དང་། ཉེས་གསོག་དོཌ་གཞི་ཡོད་རིཌ་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ།

    དོན་ཚན་ཞེ་དྲུག་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་སྤྱི་དམངས་དང་། ཁྲིམས་ཚན། དེ་མིན་རྩ་འཛུགས་གཞན་དག་བཅས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་དང་། ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའམ་ཡང་ན་རྣམ་གྲངས་སྲུང་སྐྱོབ་ཚན་པའི་རེ་ཞུ་དང་དཔྱད་ཞིབ་ནང་མི་བདེན་རྫུན་སྒྲིག་བྱས་ཚེ་རིག་གནས་གཙོ་འགན་འཁུར་མཁན་ཚན་པས་དེར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད་ཐ་ཚིག་སྒྲོག་དགོས། གནས་ཚུལ་ཚབས་ཆེན་རིགས་ཡིན་ཚེ་དཔྱད་འདེམས་ནང་ཞུགས་རྒྱུའི་འོས་འབབ་མེད་པ་བཟོ་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའམ་ཡང་ན་སྲུང་སྐྱོབ་ཚན་པར་ངོས་འཛིན་བྱས་ཟིན་ཡོད་ཚེ་དེ་རྩིས་མེད་དུ་གཏོང་རྒྱུ་མ་ཟད་རྣམ་གྲངས་སྲུང་སྐྱོབ་ཀྱི་འགྲོ་གྲོན་དང་དེ་བཞིན་རྒྱུན་འཛིན་པའི་ཁ་གསབ་རོགས་དངུལ་ཕྱིར་སློག་བྱེད་རྒྱུའི་བཀའ་གཏོང་དགོས།

    དོན་ཚན་ཞེ་བདུན་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉར་ཚགས་བྱེད་རྒྱུའི་འགྲོ་གྲོན་བཀག་ཉར་དང་། གཞན་སྤྱོད། ཧམ་བཟུང་བཅས་བྱེད་རིགས་ལ་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཕྱིར་སློག་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཆད་གཅོད་བྱེད་རྒྱུ།

    དོན་ཚན་ཞེ་བརྒྱད་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་གཏོགས་པའི་རྩ་ཆེའི་དཔྱད་གཞི་དང་། དངོས་རྫས། གནས་ཡུལ་བཅས་གཏོར་བཤིག་བཏང་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་ལེགས་བཅོས་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད་ཁྲིམས་བཞིན་དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་འཁུར་དུ་འཇུག་རྒྱུ། བདེ་འཇགས་དོ་དམ་ཆད་གཅོད་དང་འགལ་བའི་བྱ་སྤྱོད་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ཆད་གཅོད་བྱེད་རྒྱུ། ཉེས་གསོག་དོགས་གཞི་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུ།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་ཞེ་དགུ་པ། བྱ་ཐབས་འདི་2014ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 

    (ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག