མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

བུ་ལོན་འདེད་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-03-15 17:24

དུས་རྒྱུན་འཚོ་བའི་ཁྲོད་དུ་བུ་ལོན་ཐད་ཀྱི་རྩོད་གཞི་མང་པོ་འབྱུང་བཞིན་ཡོད་དེ། དཔེར་ན། དངུལ་ཁང་ནས་དངུལ་བུན་བླངས་རྗེས་སྐྱིན་ཚབ་མི་སྤྲོད་པ་དང་ཡང་ན་མི་གཞན་གྱི་ལག་ནས་སྒོར་མོ་བསྐྱིས་རྗེས་སྐྱིན་ཚབ་མི་སྤྲོད་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོད། འོ་ན་ཁྲིམས་མཐུན་དང་ནུས་ལྡན་སྒོས་བུ་ལོན་ཅི་ལྟར་འདེད་དགོས་ཟེར་ན།

ཁྲིམས་མཐུན་སྒོས་བུ་ལོན་འདེད་ཁར་ཐོག་མར་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་པ་སྟེ། གཅིག བུ་ལོན་དང་འབྲེལ་བ་ཡོད་པའི་བདེན་དཔང་ཡོད་དགོས། དཔེར་ན་བསྐྱིས་ཡིག་དང་ཉོ་ཚོང་གན་རྒྱ། ཚོང་ཟོང་བསྐྱལ་བའི་འཛིན་ཡིག དངུལ་ཁང་གི་ཟིན་ཐོ། བལྟ་བྱ་དང་ཉན་བྱའི་དཔྱད་གཞི་གང་རུང་བུ་ལོན་དང་འབྲེལ་བ་ཡོད་པའི་བདེན་དཔང་བྱེད་ཆོག གཉིས། བུ་ལོན་འཇལ་མཁན་དེའི་གཞི་རྩའི་གནས་ཚུལ་ཤེས་དགོས། ད་ལྟ་ཀུང་ཟི་སོ་སོར་བགར་བ་དང་ཧྲིལ་བསྡུ་བྱེད་པ་ཧ་ཅང་རྒྱུན་མཐོང་ཡིན་པ་དང་། ཀུང་ཟི་མི་ཉུང་བ་ཞིག་གིས་ཀུང་ཟི་སོ་སོར་བགར་བ་དང་ཧྲིལ་བསྡུ་བྱེད་པའི་ཞོར་དུ་ཀུང་ཟིའི་མིང་དང་ས་གནས་བསྒྱུར་ཏེ། བུན་བདག་གིས་ཁོ་ཚོར་བཙལ་དཀའ་བའི་ཐབས་ལམ་སྤྱད་དེ་བུ་ལོན་ལ་གཡོལ་བ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པ་རེད། དེ་བས་བུན་བདག་གིས་ངེས་པར་དུ་བུ་ལོན་འཇལ་མཁན་གྱི་མི་དེའི་གནས་ཚུལ་དང་ཆ་འཕྲིན་ངེས་ཅན་ཞིག་ལ་ཡིད་འཇོག་བྱེད་དགོས། གསུམ། བུ་ལོན་འཇལ་མཁན་གྱི་རྒྱུ་ནོར་དང་ཡོང་འབབ་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས། བུ་ལོན་འཇལ་མཁན་མང་ཤས་ཤིག་གིས་རྒྱུན་དུ་བུན་འཇལ་ནུས་པ་མེད་པར་ཁ་གཡར་ཏེ་བུ་ལོན་འཇལ་གྱིན་མེད་མོད། འོན་ཀྱང་དོན་དངོས་སུ་རྒྱུ་ནོར་སྦས་སྐུང་བྱེད་པའི་གནས་ཚུལ་མང་པོ་ཡོད། བུ་ལོན་ཆད་པའི་ཀུང་ཟི་དེའི་ནོར་དོན་གནས་ཚུལ་ལ་རྒྱུས་ལོན་བྱེད་དཀའ་ན། དེའི་བདག་གཉེར་གྱི་གནས་ཚུལ་དང་དེའི་ལས་བཟོ་བའི་ཡོང་འབབ་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆོག་པ་དང་། བུ་ལོན་ཆད་པའི་རང་བྱུང་མིའི་དཔལ་འབྱོར་གནས་ཚུལ་ལ་རྒྱུས་ལོན་བྱེད་དཀའ་ན། དེའི་ལས་གྲོགས་རྣམས་ཀྱི་ཡོང་འབབ་གནས་ཚུལ་དང་དེའི་ཁྱིམ་ཚང་གི་འཛད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆོག བཞི། ཞུ་གཏུག་ནུས་ལྡན་གྱི་དུས་ཡུན་ལ་མཉམ་འཇོག་བྱེད་དགོས་པ་དང་། ཞུ་གཏུག་དུས་ཡུན་མཚམས་བཅད་པའི་བདེན་དཔང་ཉར་ཚགས་བྱེད་དགོས། «དམངས་ཁྲིམས་སྤྱི་སྲོལ»གྱི་ནང་དུ་“མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་རེ་འདུན་ཞུས་པའི་ཞུ་གཏུག་དུས་ཡུན་ནི་ལོ་གཉིས་ཡིན་པ་དང་། བཅའ་ཁྲིམས་ཀྱི་སྟེང་དུ་གཏན་འཁེལ་གཞན་པ་ཡོད་པ་ཕུད་དགོས།”ཞེས་གཏན་འཁེལ་བྱས་ཡོད། དུས་ཡུན་དེ་ནི་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པ་ཤེས་པའམ་ཡང་ན་ཤེས་དགོས་པའི་དུས་དེ་ནས་བརྩི་དགོས་པ་དང་། བུ་ལོན་གྱི་གནད་དོན་ཐད་ནས་བཤད་ན། བུ་ལོན་གྱི་དུས་ཡུན་ལོངས་ནའང་ཅིག་ཤོས་དེའི་སྐྱིན་ཚབ་མི་སྤྲོད་པའི་དུས་དེ་ནས་བརྩི་དགོས།

འོ་ན་བུ་ལོན་དེ་ནུས་ལྡན་སྒོས་ཅི་ལྟར་འདེད་དགོས་ཟེར་ན། གཤམ་གྱི་བྱེད་ཐབས་གཉིས་ཡོད་དེ། དང་པོ། ཅིག་ཤོས་དེར་སྐྱིན་ཚབ་སྤྲོད་རྒྱུའི་གྲོས་འཆམ་བཞག་ཆོག གལ་ཏེ་ཅིག་ཤོས་དེས་བུ་ལོན་ཁས་བླངས་ནའང་ཁ་གཡར་ས་མང་པོ་བཙལ་ནས་འགོར་འགྱང་བྱས་ན། དེ་དང་སྐྱིན་ཚབ་སྤྲོད་རྒྱུའི་གྲོས་ཆད་བཞག་ཆོག་པ་དང་ཁ་ཆད་ཀྱི་སྟེང་དུ་སྐྱིན་ཚབ་སྤྲོད་པའི་ཐབས་ལམ་དང་དུས་ཡུན་གསལ་བོར་འབྲི་དགོས། གལ་ཏེ་ཆ་རྐྱེན་ལྡན་ན་ད་རུང་དུས་ལོངས་ནས་དངུལ་སྐྱིན་མ་སྤྲད་ན་ཁྲིམས་ཁང་ལ་གཏུག་ནས་བཙན་ཤེད་ཀྱིས་ལག་བསྟར་བྱེད་རྒྱུའི་ཁ་ཆད་བཞག་ཆོག་པ་དང་། དུས་ཡུན་ལོངས་རྗེས་དངོས་གནས་མི་སྤྲོད་ན། བུན་བདག་གིས་ཁ་ཆད་ཡི་གེ་དེ་བཟུང་ནས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དགོས་པའི་རེ་འདུན་བཏོན་ཆོག་པ་དང་། དེ་ལྟར་བྱས་ན་ད་རུང་ཞུ་གཏུག་གི་གོ་རིམ་སྟབས་བདེ་རུ་བཏང་བ་དང་དུས་ཚོད་དང་སྒོར་མོ་གྲོན་ཆུང་བྱེད་ཐུབ། གཉིས་པ། ཞུ་གཏུག་མ་བྱས་བའི་སྔོན་གྱི་ཉིན་བཅོ་ལྔ་དང་ཡང་ན་ཞུ་གཏུག་དང་མཉམ་དུ་རྒྱུ་ནོར་སྤྱོད་མཚམས་འཇོག་དགོས། རྒྱུ་ནོར་སྤྱོད་མཚམས་འཇོག་པ་ཞེས་པ་ནི་ཞུ་གཏུག་གི་སྔོན་དང་ཡང་ན་དུས་མཉམ་དུ་ཁྲིམས་ཁང་ལ་ཅིག་ཤོས་དེའི་རྒྱུ་ནོར་བཀག་ཉར་དང་བཀག་སྐྱིལ། བཀག་སྡོམ་བཅས་བྱེད་རྒྱུའི་རེ་འདུན་ཞུས་ཏེ། རེ་འདུན་ཞུ་མཁན་དེ་ཞུ་གཏུག་ལས་རྒྱལ་རྗེས་ཐག་གཅོད་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།

འཚོ་བའི་ཁྲོད་དུ། ད་རུང་བུ་ལོན་ཁ་ཤས་ཤིག་རྒྱུ་རྐྱེན་རྙོག་འཛིང་ཡིན་པའི་དབང་གིས་ཁྲིམས་མཐུན་སྒོས་བུ་ལོན་འདེད་པའི་ཆ་རྐྱེན་མི་ལྡན། བུ་ལོན་འདིའི་རིགས་ལ་བུན་བདག་གིས་བུ་ལོན་འདེད་པའི་གོ་རིམ་ཁྲོད་དེའི་ཐབས་ལ་སྔར་ལས་ཀྱང་མཉམ་འཇོག་བྱེད་དགོས་པ་དང་། ངེས་པར་དུ་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་དགོས་པར་མ་ཟད། གལ་ཏེ་མི་གཞན་གླས་ཏེ་བུ་ལོན་འདེད་དུ་བཅུག་ན་གནས་བབ་ལ་ཚོད་འཛིན་གང་ལེགས་བྱེད་དགོས། དེའི་རྐྱེན་གྱིས་བྱ་སྤྱོད་མ་སྒྲུབ་པའི་སྔོན་ལ་ངེས་པར་དུ་བཅའ་ཁྲིམས་ཐད་ཀྱི་ཆེད་ལས་མི་སྣར་བློ་འདྲི་བྱས་ཏེ། མཇུག་འབྲས་ངན་པ་བཟོ་བར་གཡོལ་ཐབས་བྱེད་དགོས།  །