མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

བྱིས་པར་ངན་སྐུལ་བྱས་ནས་མི་གཞན་ལ་རྨས་སྐྱོན་བཟོས་ན་སུས་འགན་འཁུར་དགོས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-03-15 17:24

 [གྱོད་དོན]

 ཀུན་དགའ(ལོ9)དང་ཤ་བོ(ལོ8)གཉིས་ནི་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་ཞིང་། ཁོ་གཉིས་བར་དུ་དུས་རྒྱུན་འགལ་བ་ཆུང་ཆུང་རེ་འབྱུང་སྐབས། ཤ་བོ་ནི་ལུས་སྟོབས་རྒྱས་ཤིང་ཤེད་ཤུགས་ཆེ་བའི་དབང་གིས་ཀུན་དགས་གྱོང་འཁུར་བཞིན་ཡོད། ཀུན་དགའ་ཡི་སེམས་ལ་ནམ་ཞིག་གོ་སྐབས་ཤིག་བཙལ་ནས་ཁོར་འཁོན་སེམས་སློག་རྒྱུའི་སེམས་ངན་བཅངས། རྗེས་སུ་ཀུན་དགའ་ཡིས་རང་ཉིད་ཀྱིས་གྱོང་ཁུར་བའི་དོན་དེ་ཤ་ཉེ་ཀླུ་རྒྱལ་ལ་བཤད་ཅིང་། ཀླུ་རྒྱལ་གྱིས་ཁོ་ལ་ཤ་བོ་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་ཐག་པའི་རྙི་བཙུགས་ནས་ཐང་ལ་འགྱེལ་དུ་འཇུག་པའི་ཐབས་བཀོད་བསླབས། ཀུན་དཀའ་ཡིས་ཀླུ་རྒྱལ་གྱིས་བཤད་པ་བཞིན་ལམ་བར་དུ་ཐག་རྙི་བཙུགས་མོད། འོན་ཀྱང་བསམ་ཡིད་ལས་འདས་པ་ཞིག་ལ་ཤ་བོ་དང་མཉམ་དུ་འགྲོ་བཞིན་པའི་ཚེ་རིང་ཐང་ལ་བསྒྱེལ་བས་དེར་ཀླད་སྐྱོན་ཡང་མོ་ཞིག་བཟོས། ཕྱིས་སུ་ཚེ་རིང་གིས་ཀུན་དགའ་ཡི་ཕ་མ་བཙལ་ནས་སྨན་ཡོན་སོགས་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་ཡང་དེ་ཚོས་ཀུན་དགའ་ཡི་བྱ་སྤྱོད་དེ་ཀླུ་རྒྱལ་གྱིས་ཐབས་བཀོལ་འཐེན་པ་ཡིན་པས། ཀླུ་རྒྱལ་ལ་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་ན་འོས་ཟེར། ཚེ་རིང་གིས་ཀླུ་རྒྱལ་བཙལ་ནས་སྐྱིན་ཚབ་འཇལ་བའི་རེ་བ་བཏོན་པ་ན། ཀླུ་རྒྱལ་གྱིས་བཤད་རྒྱུར། ཐབས་བཀོད་འཐེན་མཁན་ཁོ་ཡིན་མོད་དངོས་སུ་རྙི་འཛུགས་མཁན་ཁོ་མིན་ཟེར་ནས་རེ་བ་དང་ལེན་མ་བྱས།

  [གྱོད་དོན་དབྱེ་ཞིབ]

  གྱོད་དོན་འདིའི་ཁྲོད་ཀླུ་རྒྱལ་གྱི་བྱ་སྤྱོད་ཀྱིས་རོགས་སྐྱོར་གྱི་བྱ་སྤྱོད་གྲུབ་ཡོད། རོགས་སྐྱོར་བྱ་སྤྱོད་ཅེས་པ་ནི་ཡོ་ཆས་མཁོ་སྤྲོད་བྱས་པའམ་དམིགས་འབེན་མཛུབ་སྟོན་བྱས་པ། ཐབས་བཀོད་འཐེན་པ། དམོད་ཚིག་བསླབས་པ་སོགས་ཀྱི་རྣམ་པས་དངོས་པོའི་སྟེང་ནས་མི་གཞན་གྱིས་གནོད་འཚེའི་བྱ་སྤྱོད་ལག་བསྟར་བྱེད་པར་རམ་འདེགས་བྱས་པར་གོ སྤྱིར་བཏང་གི་གནས་ཚུལ་འོག་རོགས་སྐྱོར་བྱེད་མཁན་གྱི་བྱ་སྤྱོད་དེ་རོགས་སྐྱོར་བྱ་ཡུལ་གྱིས་བསམ་གཟས་ནས་གཞན་ལ་གནོད་འཚེ་གཏོང་བའི་བྱེད་ཐབས་གཙོ་བོ་རུ་འགྱུར་སྲིད།

  གྱོད་གཞི་འདིའི་ཁྲོད། ཀླུ་རྒྱལ་གྱིས་ཀུན་དགའ་ལ་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཐབས་བཀོད་འཐེན་ཞིང་། རོགས་སྐྱོར་གྱི་བྱ་སྤྱོད་དེ་བསམ་གཟས་ནས་བྱས་པ་རེད། ཀུན་དགའ་ཡིས་ཀླུ་རྒྱལ་གྱིས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད། ཚེ་རིང་གི་མི་ལུས་ལ་གནོད་འཚེ་བཟོས་པ་དེས་ཀླུ་རྒྱལ་ལའང་བསམ་གཟས་ནས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་འདུག ཆེས་མཐོ་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་ཁྲིམས་སྤྱི་སྲོལ་ལག་ལེན་མཐར་ཕྱིན་བྱེད་པའི་གནད་དོན་འགའི་བསམ་འཆར》གྱི་དོན་ཚན148པའི་གཏན་ཁེལ་ལྟར་ན། “མི་གཞན་གྱིས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་པར་ངན་ཁྲིད་བྱེད་པ་དང་རོགས་སྐྱོར་བྱེད་པའི་མི་དེ་མཉམ་གཅིག་ཏུ་ཁེ་དབང་ལ་གནོད་འཚེ་གཏོང་བའི་མི་རུ་བརྩི་དགོས་པས། དམངས་དོན་འགན་ཁྲིད་གཙོ་བོ་འཁུར་འོས།”དེའི་རྐྱེན་གྱིས་ཀླུ་རྒྱལ་གྱིས་ཚེ་རིང་གི་མི་ལུས་གནོད་འཚེར་དམངས་དོན་སྐྱིན་ཚབ་འགན་འཁྲི་འཁུར་འོས། ཀུན་དགའ་ད་དུང་ལོ10ལ་མ་སོན་པས་དམངས་ཁྲིམས་སྟེང་གི་དམངས་དོན་བྱ་སྤྱོད་ནུས་པ་མེད་པའི་མི་རུ་གཏོགས་མེད། ཡིན་ན་ཡང་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་པ་རེད། དེ་བས་ཀུན་དགའ་ཡི་ཕ་མས་ཀྱང་ཀླུ་རྒྱལ་དང་མཉམ་དུ་ཚེ་རིང་གི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་སོ།  །