མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ལས་བཟོ་བ་རང་དགར་ལས་གནས་ནས་ཁ་བྲལ་ཚེ་མཇུག་འབྲས་གང་ཡོད་དམ།

  ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར།  2011-07-17 10:35

  ཝང་ག་གེ་མོ་ནི1986ལོར་ལས་ཞུགས་བྱས་རྗེས་བཟོ་གྲྭ་ཞིག་ཏུ་ལས་བགོས་བྱས་ཤིང་།1989ལོར་ཝང་ག་གེ་མོས་བཟོ་གྲྭ་དེ་གའི་སྒོ་བསྟེན་ཚོང་ཁང་གཅིག་འགན་གཙང་བླངས་པ་དང་དེ་གཉེར་སྐྱོང་ཡག་པོ་མ་བྱུང་བས་སྒོ་བསྟེན་ཚོང་ཁང་དེར་བུ་ལོན་མང་པོ་ཟུག་པ་དང་མཐར་བུན་བདག་གིས་བཟོ་གྲྭར་བུ་ལོན་ཐེངས་མང་ལེན་པར་ཡོང་ནས་གྱོ ང་གུན་ཚབས་ཆེན་ཕོག་པ་རེད།1994ལོའི་ཟླ6པར་བཟོ་གྲྭ་དེས་ཝང་ག་གེ་མོ་དང་འགན་གཙང་གཉེར་སྐྱོང་གི་གན་རྒྱ་མཚམས་བཞག་པ་དང་ཝང་ག་གེ་མོས་འགོ་ཁྲིད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་བྱེད་པ་མ་ཟད།འགན་འཁྲི་རྩད་གཅོད་བྱེད་པར་སེམས་ཁྲལ་ལངས་ནས1994ལོའི་ཟླ7པར་ལས་ཁུངས་ལ་དགོངས་པ་མ་ཞུས་པར་རང་འགར་ཚན་པ་ནས་ཁ་བྲལ་ཏེ་ཕྱིར་གླ་པ་བྱེད་པར་བསྐྱོད་པ་རེད། 2010ལོའི་ཟླ9པར་ཝང་ག་གེ་མོ་ལས་འཁྱུར་ངལ་གསོ་རྒྱག་པའི་ལོར་སླེབས་ཉེར་ཡོད་པར་བརྟེན་ལས་ཁུངས་སུ་ལོག་ནས་ཚན་པར་ནས་ཁ་བྲལ་བའི་རིང་གི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་གསབ་སྤྲོད་བྱ་རྒྱུའི་རེ་བ་བཏོན་པ་དང་འབྲེལ་ཚན་པར་འབྲེལ་ཡོད་ཀྱི་རྒན་གསོའི་འགན་བཅོལ་སོགས་སྤྱི་ཚོགས་འགན་བཅོལ་གསབ་སྤྲོད་བྱ་རྒྱུའི་རེ་བའང་བཏོན་པ་རེད། བཀའ་འདྲི་ཞུ་རྒྱུར་ཝང་ག་གེ་མོའི་རེ་བ་དེ་ཁྲིམས་མཐུན་ཡིན་ནམ།

  ཤིན་ཅན་ཝུའེ། དང་ཐོག《ངལ་རྩོལ་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ལས་བཟོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་དང་རང་གི་ཚན་པའི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་ཞུས་ནས་བློ་དཀར་སེམས་དཀར་ངང་རང་ཉིད་ཀྱི་ལས་འགན་སྒྲུབ་དགོས་པ་དེ་ནི་ལས་བཟོར་ཁྲིམས་ལྟར་ངལ་རྩོལ་གྱི་ཐོབ་ཆ་ཐོབ་པའི་འདྲ་མཚུངས་ཀྱི་ཆ་རྐྱེན་ཞིག་རེད། གྱོད་གཞི་དེའི་ནང་ཝང་ག་གེ་མོས་ཚན་པའི་འགོ་ཁྲིད་ལ་དགོངས་པ་མ་ཞུས་པར་རང་འགར་ཚན་པ་ནས་ཁ་བྲལ་ཏེ་ཕྱིར་གླ་པར་བསྐྱོད་པ་དེ་ནི་ངལ་རྩོལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་མ་ཟད་ཚན་པའི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་ནན་པོ་ཞུ་དགོས་པའི་ལས་བཟོ་ཞིག་གི་འོས་འགན་ལས་ཀྱང་འགལ་བ་རེད།གཞན་ཡང་ངལ་རྩོལ་པུའུ་ཡིས1995ལོའི་ཟླ8པའི་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི《ངལ་རྩོལ་བཅའ་ཁྲིམས་ལག་ལེན་བསྟར་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་བསམ་འཆར》གྱི་དོན་ཚན33པའི་གཏན་འབེབས་གཞིར་བཟུང་ལས་བཟོས་རང་འགར་ལས་གནས་ནས་ཁ་བྲལ་བ་ནི་ལས་བཟོ་སོ་སོས་ངལ་རྩོལ་བཅའ་ཁྲིམས་ཀྱི་གཏན་འབེབས་སམ་ཡང་ན་ངལ་རྩོལ་གན་རྒྱའི་ཁ་ཆད་ལས་འགལ་ནས་ངལ་རྩོལ་གན་རྒྱ་མཚམས་བཞག་པའི་མཚོན་ཚུལ་ཞིག་རེད། དེར་བརྟེན་ཝང་ག་གེ་མོས་རང་འགར་ལས་གནས་ལས་ཁ་བྲལ་ཏེ་ཕྱིར་གླ་པར་བསྐྱོད་པའི་བྱ་སྤྱོད་དེ་ནི་དོན་དངོས་ཐོག་ཚན་པ་དང་ངལ་རྩོལ་གན་རྒྱ་མཚམས་བཞག་པའི་བྱ་སྤྱོད་ཞིག་རེད། དུས་མཚུངས་ཝང་ག་གེ་མོས་ཚན་པར་གྱོ ང་གུན་བཟོས་ཚེ་ད་དུང་དེ་སྔའི་ཚན་པར་བབ་བསྟུན་གྱི་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།དེར་བརྟེན་ངས་བལྟས་ན་ཝང་ག་གེ་མོས་ཚན་པ་དང་ངལ་རྩོལ་གན་རྒྱ་མཚམས་བཞག་རྗེས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་པའི་ལོར་སླེབས་ཉེར་ཡོད་པའི་ལོ་བཅུ་ལྷག་ཙམ་གྱི་རྗེས་སུ་ཚན་པ་ནས་ཁ་བྲལ་བའི་རིང་གི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་གསབ་སྤྲོད་བྱ་རྒྱུའི་རེ་བ་དང་ཚན་པར་འབྲེལ་ཡོད་ཀྱི་རྒན་གསོའི་འགན་བཅོལ་སོགས་སྤྱི་ཚོགས་ཀྱི་འགན་བཅོལ་གསབ་སྤྲོད་བྱ་རྒྱུའི་རེ་བ་བཏོན་པ་དེ་ཁྲིམས་མཐུན་མིན་ལ་ལུགས་མཐུན་ཡང་མིན་པར་བརྟེན་དེའི་འབྲེལ་ཡོད་ཀྱི་འགན་འཁྲི་ལས་བཟོ་རང་ཉིད་ཀྱིས་འཁུར་དགོས།  །