མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ནར་མ་སོན་པའི་ལོ་ཆུང་བྱིས་པས་ནག་ཉེས་བཟོ་བ་སྔོན་འགོག་བྱེད་དགོས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-17 10:35

ཁྱིམ་བདག་དང་ཕ་མ་མང་ཆེ་བ་ཞིག་གི་བསམ་པར། བྱིས་པ་སློབ་གྲྭར་བསྐྱལ་བ་ནས་བཟུང་བྱིས་པའི་མདུན་ལམ་དང་ལས་དབང་ཡོད་ཚད་སློབ་གྲྭར་བཅོལ་ཡོད་པས། བྱིས་པའི་བདེ་སྡུག་དང་ཀུན་སྤྱོད་ཀྱི་ལེགས་ཉེས་ཡོད་ཚད་དགེ་རྒན་གྱིས་འགན་ཁུར་དགོས་འདོད་ཀྱིན་ཡོད། བྱིས་པའི་མདུན་ལམ་ནི་གཙོ་བོ་སློབ་གྲྭའི་སློབ་གསོ་ལ་རག་ལས་ཡོད་པ་བདེན་མོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན། སློབ་གསོ་སྒྲུབ་མཁན་ནི་དགེ་རྒན་ཁོ་ན་མིན་པས། ཕ་མའམ་ཁྱིམ་བདག་དང་སྤྱི་ཚོགས་བཅས་ལའང་སློབ་གསོའི་ལས་དོན་སྒྲུབ་པའི་འོས་འགན་ཡོད་ལ། ནར་མ་སོན་པའི་བྱིས་པ་རྣམས་ལ་མཚོན་ན་སྤྱི་ཚོགས་དང་སློབ་གྲྭའི་སློབ་གསོ་གཉིས་ལས་ཁྱིམ་ཚང་གི་སློབ་གསོ་མྱོང་བའི་གོ་སྐབས་མང་། གལ་ཏེ་ཁྱིམ་བདག་གིས་ཟུར་དུ་བྱིས་པར་སློབ་གསོ་མ་བཏང་བའམ་ཡང་ན་སློབ་གསོའི་སྟོབས་ཤུགས་མ་འདང་ཚེ། ནར་མ་སོན་པའི་བུ་ཕྲུག་གིས་ཀྱང་ཁྲིམས་འགལ་གྱི་ནག་ཉེས་སྣ་ཚོགས་མི་བཟོ་བའི་ངེས་པ་མེད། ཉེ་བའི་ལོ་ཁ་ཤས་ནང་། ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་མ་ནས་ཉེས་ཅན་ལ་ཁྲིམས་ཐག་བཅད་པའི་མཇུག་འབྲས་ལས་ཤེས་པ་ལྟར་ན། གྲོང་ཁྱེར་ཁ་ཤས་སུ་ལོ་བཅུ་གསུམ་ཅན་གྱི་བྱིས་པས་དཔུང་བསྒྲིགས་ཏེ་མི་གསོད་པ་དང་རྐུ་འཕྲོག་གི་ཉེས་པ་ཚབས་ཆེན་བཟོ་བ། ས་ཆ་འགའ་ཞིག་ཏུ་ལོ་ན་བཅུ་དྲུག་ཅན་གྱི་བྱིས་པ་མང་པོས་བུད་མེད་ལ་བསླུ་བྲིད་བཏང་ནས་བཙན་གཡེམ་བྱེད་པ་སོགས་ནག་ཉེས་བཟོ་བའི་སྣང་ཚུལ་མང་བ་ཐོས་རྒྱུ་ཡོད་པ་ལྟ་བུ་རེད།

དོན་དངོས་ཐོག་རང་རྒྱལ་གྱི་ཁྲིམས་ལུགས་ཐོག་ཏུ་བྱིས་པའི་ཕ་མའམ་ཁྱིམ་བདག་ཡང་ན་ལྟ་སྐྱོང་བྱེད་མཁན་ཚང་མས་ནར་མ་སོན་པའི་བྱིས་པས་ནག་ཉེས་བཟོ་མ་སྔོན་འགོག་བྱེད་པའི་འགན་ལེན་ལ་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་བྱིས་པས་ནག་ཉེས་བཟོ་བ་སྔོན་འགོག་བྱེད་པའི་བཅའ་ཁྲིམས»དེའི་ལེའུ་གསུམ་པའི་ནང་དུ། བྱིས་པའི་ཕ་མའམ་ལྟ་སྐྱོང་བྱེད་མཁན་གྱིས་བྱིས་པས་ནག་ཉེས་བཟོ་བ་སྔོན་འགོག་བྱེད་རྒྱུ་ནི་ཀུན་སྤྱོད་ཐད་ཀྱི་འོས་འགན་ཙམ་མ་ཡིན་པར་བཅའ་ཁྲིམས་ཐད་ཀྱི་འགན་འཁྲི་ཞིག་ཡིན་པ་གསལ་བོར་བཀོད་ཡོད།

ནར་མ་སོན་པའམ་བསམ་མ་ཤེས་པའི་ལོ་ཆུང་བྱིས་པའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གྱིས་བྱིས་པ་སློབ་གྲྭར་བསྐྱལ་རྗེས་རང་ལ་ཁག་ཁུར་དང་འོས་འགན་མེད་པར་འདོད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། སྐྱེ་དངོས་ཤིག་གི་འཚར་ལོངས་ལ་ཉི་འོད་ཁོ་ནས་མི་ཆོག་པར། ས་ཆུ་ལུད་གསུམ་ལ་སོགས་པའི་སྐྱེ་རྒྱུ་སྣ་ཚོགས་དགོས་པ་བཞིན་བྱིས་པའི་མདུན་ལམ་དང་འབྱུང་འགྱུར་ཡང་སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་ཡོངས་ལ་རག་ལས་ཡོད། སྤྱི་ཚོགས་ནི་སློབ་གསོའི་ཁོར་ཡུག་ཆེན་པོ་ཞིག་ཡིན་ཞིང་། ཁྱིམ་ཚང་ནི་སློབ་གསོའི་ཆེས་གལ་ཆེ་བའི་རྨང་གཞིའི་སྡེ་ཁག་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཆེས་ཐོག་མ་ཡིན། སློབ་གྲྭ་དང་སྤྱི་ཚོགས་ཁོར་ཡུག་གཉིས་དང་བསྡུར་ན། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་ཚང་གི་ཁོར་ཡུག་བཅས་ཀྱི་ཤན་ཤུགས་འོག་བྱིས་པ་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བ་ལ་ནུས་ཤུགས་ཆེན་པོ་ཐོན་ངེས་རེད། དེ་བས་ཁྱིམ་བདག་དང་ཕ་མས་ནར་མ་སོན་པའི་ལོ་ཆུང་བྱིས་པ་ངན་ལམ་དུ་མི་འཕྱན་པའི་ཁག་ཐེག་དང་འོས་འགན་ཕྲག་ཏུ་ཁུར་བ་ལ་གནས་ལུགས་ཆེན་པོ་ཡོད།

ནར་མ་སོན་པ་དང་ཡང་ན་བསམ་མ་ཤེས་པའི་གཞོན་ནུ་ལོ་ཆུང་ཚོས་ནག་ཉེས་བཟོ་བའི་གནས་ཚུལ་གྱི་འབྱུང་ཁུངས་གཙོ་བོ་ནི་ཕ་མས་ལྟ་སྐྱོང་དང་སློབ་གསོ་བཏང་བ་མི་འདང་བར་བྱིས་པ་ལང་ཤོར་དུ་བཏང་བ་དེ་རེད། སྲིད་པའི་ཁ་དཔེ་ལ“བུ་ཕྲུག་རང་གི་བུ་ཕྲུག་ཡག ལོ་ཏོག་གཞན་གྱི་ལོ་ཏོག་ཡག”ཟེར་བ་ལྟར། ང་ཚོའི་ཕ་མ་དང་རྒན་རབས་སྐོར་ཞིག་ནི་རང་གི་བུ་ཕྲུག་ལ་དུངས་ཆེ་བས་སློབ་གསོ་ནན་མོ་བཏང་ན་བུ་ཡི་ལུས་སེམས་ལ་ཕོག་ཕུག་བཟོ་ངེས་རེད་སྙམས་ནས་བུ་ཕྲུག་རང་མགོ་རང་རྒྱལ་དུ་གཏོང་བར་དགའ། དེ་ནི་བརྩེ་དུངས་དང་སློབ་གསོ་བར་གྱི་འབྲེལ་བ་མངོན་འགྱུར་བྱེད་མ་ཐུབ་པའི་རྟགས་མཚན་ཏེ། སློབ་གསོ་ནི་དོན་དངོས་ཐོག་བརྩེ་དུང་གི་མངོན་ཚུལ་ཁྱད་པར་བ་ཞིག་ཡིན། བྱིས་པར་སྒྲིག་ཁྲིམས་ཀྱི་སློབ་གསོ་མ་བཏང་ན་རྒྱུན་དུ་སློབ་ཁྲིད་ལ་མི་ཞུགས་པ་དང་། མཚན་མོ་ཁྱིམ་དུ་མི་ལོག་པ། མ་རབས་བྲ་ཚགས་ལོབས་ནས་རྡུང་རེས་བྱེད་པ། དྲ་ཁང་དུ་རྒྱུགས་ནས་དྲ་ངོར་ངན་ལོབས་པ་སོགས་དུས་ཚོད་སྟོང་ཟད་དུ་གཏོང་བའི་གནས་ཚུལ་སྣ་ཚོགས་འབྱུང་ངེས་རེད།

ཚུལ་དང་མི་མཐུན་པའི་སྤྱོད་སྟངས་དེ་རིགས་ནི་ཁྲིམས་འགལ་གྱི་ནག་ཉེས་བཟོ་བའི་སྔོན་བརྡ་ཡིན་པས། “མེ་ཆུང་དུས་མ་བསད་ན། མཐའ་མར་སྤང་ལྗོངས་མེས་འཚིག་པའི་ཉེན་ཁ་ཡོད”ཅེས་པའི་དཔེ་ལྟར་འགྱུར་ངེས་རེད། དེར་བརྟེན་ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭ་དང་སྤྱི་ཚོགས་ལ་འབྲེལ་བ་བཙུགས་ཏེ། གཤམ་གསལ་གྱི་ནང་དོན་ཕྱོགས་འགའ་ལ་མཉམ་འཇོག་རྒྱུ་གལ་ཆེ།

གཅིག་ནས་ལོ་ཆུང་བྱིས་པའི་སློབ་སྦྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ལས་བྱ་ནན་ཏན་གྱིས་མི་འབྲི་བ་དང་སློབ་སྦྱོང་གི་སྤྲོ་སྣང་ཇེ་ཞན་དུ་འགྲོ་བ་སོགས་གཟབ་ནན་གྱིས་སྐྱོན་དུ་ངོས་བཟུང་སྟེ་ཡོ་བསྲང་དང་ལེགས་བཅོས་བྱེད་དུ་འཇུག་དགོས།

གཉིས་ནས་ལོ་ཆུང་བྱིས་པའི་འཚོ་བའི་ཆོས་ཉིད་ལ་བརྟག་ནས་མཚན་མོ་ཁྱིམ་དུ་མི་ལོག་པ་དང་ཆང་འཐུང་བ། ཐ་མག་འཐེན་པ་སོགས་སྔོན་འགོག་བྱེད་དགོས།

གསུམ་ནས་ཀུན་སྤྱོད་དང་གཤིས་རྒྱུད་ཐད་རྫུན་བཤད་པ་དང་། ངན་སེམས་འཆང་བ། མ་རབས་ཀྱི་གྲལ་དུ་ཞུགས་པ་སོགས་ལ་ཐབས་ཀྱིས་སྐྱོན་བརྗོད་དང་ཁ་ཏ་སློབ་གསོ་བཏང་ནས་བཀག་འགོག་བྱེད་དགོས་པ་བཅས་རེད།

ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་ཡིན་ཞིང་། ཕ་མ་དང་ཡང་ན་བྱིས་པའི་ལྟ་སྐྱོང་བྱེད་མཁན་ནི་དགེ་རྒན་དང་པོ་ཡིན། ཕ་མ་དང་མི་རྒན་ཚོའི་གཏམ་གླེང་བྱ་སྤྱོད་དང་དགའ་ཕྱོགས་སོགས་ཀྱིས་རང་གི་བུ་ཕྲུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ངེས། དེའི་རྐྱེན་གྱིས་ཕ་མ་སུ་དང་སུ་ཡིན་ཡང་«ནར་མ་སོན་པའི་བྱིས་པས་ཉེས་པ་བསོགས་པ་སྔོན་འགོག་བྱེད་པའི་བཅའ་ཁྲིམས»ཀྱི་ནང་དོན་རྒྱུས་ལེན་དང་བརྩི་སྲུང་བྱས་ཏེ། ཁོ་ཚོའི་མདུན་ལམ་ལ་འོད་སྣང་སྦྱིན་རྒྱུ་དང་ཁོ་ཚོ་ཚང་མ་བཟང་ལམ་དུ་འཇུག་རྒྱུ་དེ་ནི་ང་ཚོའི་རེ་བ་ཉག་ཅིག་ཡིན།  །