མདུན་ཤོག- ཆབ་སྲིད་འཚོ་བ།- གྱོད་ལྟར་ཁྲིམས་གླེང་།

ས་ཁང་བདག་ཁོངས་ཉོ་ཚོང་བྱེད་པའི་ནུས་མེད་གན་རྒྱ་རིགས་བཅུ་གཉིས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2011-07-17 10:35

གཅིག། མགོ་སྐོར་དང་མགོ་གཡོག་པའི་བྱེད་ཐབས་སྤྱད་དེ་བཀོད་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དོན་ཐོག་པ་ཕྱོགས་གཅིག་གིས་དོན་དངོས་རྫུན་བཟོ་དང་སྦ་གསང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དོན་ཐོག་པ་ཅིག་ཤོས་ལ་ངོས་འཛིན་ནོར་འཁྲུལ་འབྱུང་དུ་བཅུག་ནས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ནུས་པ་མེད།

གཉིས། བཙན་དབང་གི་བྱེད་ཐབས་སྤྱད་དེ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དོན་ཐོག་པ་ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་གི་རྒྱུ་ནོར་དང་ཚེ་སྲོག མི་ལུས། བསམ་བློ་སོགས་ལ་གནོད་འཚེ་གཏོང་རྒྱུའི་འཇིགས་སྣང་སྐུལ་ཏེ། ཅིག་ཤོས་དེས་འཇིགས་སྣང་གི་དབང་གིས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ནུས་པ་མེད།

གསུམ། དཀའ་ཁག་ལ་འཕྲད་པའི་སྐབས་སུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དོན་ཐོག་པ་ཕྱོགས་གཅིག་གིས་ཅིག་ཤོས་དེའི་དཀའ་ཁག་ལ་འཕྲད་པའི་སྐབས་དང་ཡང་ན་དགོས་མཁོ་ཧ་ཅང་ཆེ་བའི་གོ་སྐབས་བེད་སྤྱད་ནས། བཙན་དབང་གིས་ཅིག་ཤོས་དེ་ལ་མངོན་གསལ་གྱིས་མི་ཕན་པའི་ཆ་རྐྱེན་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེ་ནི་ནུས་མེད་གན་རྒྱ་ཡིན།

བཞི། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མིས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

རང་རྒྱལ་གྱི«དམངས་ཁྲིམས་སྤྱི་སྲོལ»ནང་གི་གཏན་འཁེལ་ལྟར་ན། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ལ། དེའི་ཁྲིམས་བཀོད་འཐུས་ཚབ་པས་ཚབ་བྱས་ཏེ་དམངས་དོན་བྱ་སྤྱོད་ལག་བསྟར་བྱེད་དགོས་པ་རེད། དེའི་རྐྱེན་གྱིས་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དེའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་ཚང་མ་དེའི་ཁྲིམས་བཀོད་འཐུས་ཚབ་པས་ཚབ་བྱས་ཏེ་གན་རྒྱ་འཇོག་དགོས་པ་དང་། ཁོ་རང་ཉིད་ཀྱིས་ཁེར་རྐྱང་གི་སྒོ་ནས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ནུས་པ་མེད།

ལྔ། དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་ཁྲིམས་བཀོད་འཐུས་ཚབ་པའི་བསམ་འཆར་བསྡུ་ལེན་མ་བྱས་པར་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་རང་ཉིད་ཀྱི་ན་ཚོད་དང་རིག་སྟོབས། བསམ་པའི་གནས་བབ་སོགས་དང་མཐུན་པའི་དམངས་དོན་བྱ་འགུལ་མ་གཏོགས་བསྒྲུབ་མི་ཆོག ཁོ་ཚོས་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་བྱེད་སྐབས་ངེས་པར་དུ་དེའི་ཁྲིམས་བཀོད་འཐུས་ཚབ་པ་བརྒྱུད་དེ་ཉོ་ཚོང་གན་རྒྱ་འཇོག་དགོས་པའམ་ཡང་ན་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་འབྱུང་དགོས། ཁྲིམས་བཀོད་འཐུས་ཚབ་པར་འཐད་པ་མ་བྱུང་བར་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ནུས་པ་མེད།

དྲུག བསམ་ངན་བཅངས་ནས་གྲོས་བསྡུར་བྱས་ཏེ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དོན་ཐོག་པ་ཕྱོགས་གཉིས་ཀས་བསམ་ངན་བཅངས་ནས་གྲོས་བསྡུར་བྱས་ཏེ། རྒྱལ་ཁབ་དང་ཐུན་མོང་། ཡང་ན་མི་སྒེར་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ནས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་ནི་ནུས་པ་མེད་པའི་གན་རྒྱ་རེད།

བདུན། ཡིག་ངོས་ཀྱི་གན་རྒྱ་མེད་ལ་གཞི་འཛིན་སའི་བདེན་དཔང་ཡང་མེད་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

དོན་ཐོག་པ་ཕྱོགས་གཉིས་ཀའི་བར་ལ་ཁ་ཆད་ཙམ་མ་གཏོགས་ཡིག་ངོས་ཀྱི་གན་རྒྱ་གང་ཡང་མེད་ལ། གཞི་འཛིན་སའི་བདེན་དཔང་ཡང་མེད་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོ་གན་རྒྱ་དེ་ནི་ནུས་མེད་གན་རྒྱ་རེད།

བརྒྱད། བཅའ་ཁྲིམས་ཀྱི་སྟེང་དུ་ཉོ་ཚོང་བྱེད་མི་ཆོག་པར་གཏན་འཁེལ་གསལ་བོ་བྱས་ཡོད་པའི་ས་ཁང་བདག་ཁོངས་ཉོ་ཚོང་གན་རྒྱ།

དམག་སྤྱོད་སྡོད་ཁང་དང་སྨན་ཁང་གི་སྡོད་ཁང། སློབ་གྲྭའི་སྡོད་ཁང་། གནས་སྤོ་བའི་གསལ་བརྡ་བཏང་སྟེ་དུད་ཐོ་བཀག་སྡོམ་བྱས་ཡོད་པ་དང་གཏའ་མའི་དབང་ཆ་ཡོད་པའི་མིར་འཐད་པ་མ་བྱུང་བ། ཁང་བའི་བདག་དབང་ཡོད་པའི་མིར་འཐད་པ་མ་བྱུང་། ཁང་བའི་བདག་དབང་ལ་རྩོད་གཞི་ཡོད་པ། ཁྲིམས་ཁང་གིས་སྒོ་ཐེལ་རྒྱག་པའམ་ཡང་ན་ཁྲིམས་ལྟར་བརྒྱུད་སྤྲོད་བྱེད་མི་ཆོག་པར་བཤད་ཡོད་པ་སོགས་ཀྱི་གནས་ཚུལ་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ནུས་པ་མེད།

དགུ། ཀུང་ཟིའི་རྒྱུ་ནོར་ལ་ཀུང་ཟིའི་ཁྲིམས་མི་དང་མ་རྐང་འཇོག་མཁན་མེད་པའི་གནས་ཚུལ་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

ས་ཁང་བདག་ཁོངས་དེ་ཀུང་ཟིའི་རྒྱུ་ནོར་ཡིན་པ་དང་། ཉོ་ཚོང་གི་གན་རྒྱ་འཇོག་སྐབས་ཀུང་ཟིའི་ཁྲིམས་མིའི་མིང་བཀོད་མེད་པ་དང་ཐེལ་ཙེ་སོགས་གང་ཡང་བརྒྱབ་མེད་ལ་མ་རྐང་འཇོག་མཁན་རྣམས་ཀྱི་མིང་ཐོ་ཡང་བཀོད་མེད་པའི་གནས་ཚུལ་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེ་ནི་ནུས་མེད་གན་རྒྱ་ཡིན།

བཅུ། དམིགས་བསལ་གྱི་སྒོ་ནས་ཁང་བ་ཉོ་རྒྱུའི་དབང་ཆ་ཡོད་པའི་མིས་དབང་ཆ་མ་དོར་བའི་གནས་ཚུལ་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

བཅའ་ཁྲིམས་ཀྱི་སྟེང་དུ་གཏན་འཁེལ་བྱས་ཡོད་པའི་དམིགས་བསལ་གྱི་སྒོ་ནས་ཁང་བ་ཉོ་རྒྱུའི་དབང་ཆ་ཡོད་པའི་མི་སྟེ། ཐུན་མོང་གི་ཁང་བའི་བདག་དབང་མཁན་དང་བོགས་མར་བླངས་པའི་མི་ལ་རིམ་མཚུངས་ཀྱི་ཆ་རྐྱེན་འོག་ཏུ་དམིགས་བསལ་གྱི་དབང་ཆ་ཡོད་པ་དང་། རིམ་མཚུངས་ཀྱི་ཆ་རྐྱེན་འོག་ཁང་བ་དེ་ཉོ་འདོད་མེད་ན་ཡིག་ངོས་ཀྱི་རྣམ་པ་སྤྱད་དེ་དབང་ཆ་དོར་བར་བཤད་དགོས། གལ་ཏེ་དམིགས་བསལ་གྱི་ཉོ་དབང་ཡོད་པའི་མི་དེས་དབང་ཆ་མ་དོར་གོང་དུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེར་ཡང་ནུས་པ་མེད།

བཅུ་གཅིག ཉོ་ཚོང་ཕྱོགས་གཉིས་ཀྱི་ཕྱོགས་གང་ཞིག་ཕྱི་རྒྱལ་གྱི་མི་ཡིན་པ་དང་ཡང་ན་ཕྱོགས་གཉིས་ཀ་ཕྱི་རྒྱལ་གྱི་མི་ཡིན་པའི་གནས་ཚུལ་འོག་ཏུ་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

ཕྱི་རྒྱལ་གྱི་མི་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་མིའི་ནང་དུ་མི་འདུས་པས། དེའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་རྒྱལ་ཁབ་ཀྱི་གཞུང་དཔང་ལས་ཁུངས་ཀྱིས་ངོས་འཛིན་བྱེད་དགོས། དེའི་རྐྱེན་གྱིས་ཉོ་ཚོང་ཕྱོགས་ཀྱི་ཕྱོགས་གཅིག་ཕྱི་རྒྱལ་གྱི་མི་ཡིན་པ་དང་ཡང་ན་ཕྱོགས་གཉིས་ཀ་ཕྱི་རྒྱལ་གྱི་མི་ཡིན་པའི་གནས་ཚུལ་འོག་བཞག་པ་དང་གཞུང་དཔང་ཁྲུའུ་ཡི་གཞུང་དཔང་མ་བྱས་པར་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་དེ་ནི་ནུས་པ་མེད་པའི་གན་རྒྱ་རེད།

བཅུ་གཉིས། རང་བྱུང་མི་མ་ཡིན་པའི་ཡན་ལག་ལས་ཁུངས་ཀྱིས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ།

རང་བྱུང་མི་མ་ཡིན་པའི་ནང་དུ་གཙོ་བོ་ཁྲིམས་མི་རྩ་འཛུགས་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་གཉིས་འདུས། ཁྲིམས་མི་རྩ་འཛུགས་ལ་ཁེ་ལས་ཁྲིམས་མི་དང་དེ་མིན་ད་རུང་ལས་ཁུངས་སམ་ལས་དོན་སྡེ་ཁག་དང་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་བཅས་འདུས་པ་དང་། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་ལ་སྒེར་གྱིས་མཉམ་སྡེབ་དང་ཁྲིམས་མི་མ་ཡིན་པའི་ཁེ་ལས། ཁྲིམས་མི་མ་ཡིན་པའི་མཉམ་གཉེར་ཁེ་ལས་དང་དེ་མིན་ད་རུང་ཁྲིམས་མི་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་འདུས། རྩ་འཛུགས་འདིའི་རིགས་ལ་སྤྱིར་བཏང་དུ་གན་རྒྱ་འཇོག་པའི་ནུས་པ་ཡོད་མོད། འོན་ཀྱང་ཁྲིམས་མིའི་ཡན་ལག་ལས་ཁུངས་ཏེ་བདག་གཉེར་པུའུ་དང་ཕྱིར་ཚོང་པུའུ། ཁང་ཆེན་ཚོང་ས་སོགས་ཀྱིས་སྡོད་ཁང་ཉོ་ཚོང་གི་གན་རྒྱ་འཇོག་མི་ཆོག དེ་བས་དེ་དག་གིས་བཞག་པའི་ས་ཁང་བདག་ཁོངས་ཀྱི་ཉོ་ཚོང་གན་རྒྱ་ནི་ནུས་མེད་གན་རྒྱ་ཡིན།