ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་རི་ཀླུང་ཀུན་ཏུ་ལྗང་མདོག་གིས་ཡོངས་སུ་བརྒྱན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱས་པ་བརྒྱུད། དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྔོན་འགྲོ་འཐབ་ཇུས་དོན་འཁྱོལ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་འདུ་ཤེས་ནན་གྱིས་ལག་བསྟར་བྱས་ནས། རྩ་འཛུགས་ཀྱིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་དཔེ་སྟོན། དམངས་ཡོངས་ཟབ་ཞུགས་ཀྱི་དཔེ་དབྱིབས་སྤྱད་དེ་ལྗང་མཛེས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ཞིང་། རྫོང་དང་ཤང་། གྲོང་གསེབ་མཉམ་འགུལ་དཔེ་དབྱིབས་སྤྱད་དེ་ཕྱོགས་ཡོངས་ནས་འོས་འགན་སྡོང་འཛུགས་བྱས་ཏེ་སྤྱི་པའི་ལྗང་སྒྱུར་བར་གསེང་ཇེ་མང་དང་། གནས་བབ་དང་བསྟུན་ནས་ཇུས་འགོད་འཛུགས་སྐྲུན་དང་སྤྱི་གླིང་ཆུང་ཆུང་ལེགས་བཅོས་བྱེད་པ། བྱེད་ཐབས་དང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས་སྐྱེ་ཁམས་དམངས་ཕན་གྱི་གསོན་ཉམས་ལག་ལེན་གངས་ལྗོངས་མཐོ་སྒང་དུ་ཁྱབ་ཡོད།

ཐང་སྨད་གྲོང་ཚོ་ནི་ལྗང་མཛེས་གྲོང་གསེབ་འཛུགས་སྐྲུན་གྱི་མཚོན་བྱེད་ཅིག་ཡིན་ལ། བདེ་ཆེན་མཐོ་སྒང་དུ་བལྟ་དུས་གྲོང་ཚོ་རེ་རེ་ལྗང་མཛེས་བདེ་ཆེན་འཛུགས་སྐྲུན་ཁྲོད་རི་ཀླུང་སྔར་ལས་མཛེས་པ། མཁའ་དབུགས་སྔར་ལས་ཡག་པ། ཕ་ཡུལ་སྔར་ལས་མཛེས་པར་གྱུར། 2022ལོར་བདེ་ཆེན་ཁུལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར3.6བཏང་ནས། འཛུགས་སྐྲུན་ནགས་ར་མུའུ་ཁྲི33དང་། འོས་འགན་སྡོང་འཛུགས་སྡོང་རྐང་ཁྲི200.2623ལེགས་འགྲུབ་ཟིན་པ་རེད། གྲོང་རྡལ་རི་ཀླུང་དང་ཁ་གཏད་དང་། “གཙང་གཉིས”འབབ་རྒྱུད། བྱེ་རྡོ་ཅན་དང་ལམ་འགྲམ། གཙང་ཆུ་འགྲམ་རྒྱུད་སོགས་ཀྱི་སྐྱེ་ཁམས་ཞན་ཁུལ་སླར་གསོ་གཙོ་གནད་ཁུལ་དུ་བཟུང་ནས། ཕྱོགས་བསྡུས་ངང་མི་བཟོས་ནགས་སྐྲུན་དང་། ཞན་འགྱུར་ནགས་ར་སླར་གསོ། ཕན་ཆུང་ནགས་ར་ལེགས་བཅོས། མི་བཟོས་རྩྭ་འདེབས་འཛུགས་སོགས་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ། གཞན་ཡང་གཏིང་ཟབ་སྒོས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སྤེལ་ཏེ་ལྗང་སྣོན་དམིགས་ཚད་མངོན་འགྱུར་བྱུང་། མིག་སྔའི་བར་དུ་བདེ་ཆེན་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིངས་ཁྲི180དང་། ནགས་ཚལ་སྔོ་ཁེབས་ཁྱབ་ཚད77.63% ། ནགས་ཚད་གསོག་ཚད་རྒྱ་དཔངས་སྨི་དུང་ཕྱུར2.71ཟིན་ནས་ཡུན་ནན་ཞིང་ཆེན་ཡོངས་སུ་ནགས་ཚལ་ཐོན་ཁུངས་རྒྱལ་ཁྱོན་བསྡུར་ཚད་ཆེས་ཆེ་ཞིང་འཕར་ཚད་ཆེས་མགྱོགས་པའི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

ད་ལྟ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁུལ་གྱི་ཤམ་པཱ་ལ་སྤྱི་གླིང་ནང་དུ་རྒན་པ་ཚོས་སོས་དལ་ངང་རྐུབ་སྟེགས་སྟེང་བསྡད་དེ་ཁ་བརྡ་བྱེད་པ་དང་། བྱིས་པ་ཚོ་འགྲམ་དུ་རྩེད་མོ་རྩེ་བའི་རྣམ་པ་ནམ་ཡང་མཐོང་ཐུབ། “སྔོན་ཆད། དུས་ཚིགས་འདི་ལ་སྔོ་ལྗང་མཐོང་དཀའ་ལ། ད་ལྟ་སྤྱི་གླིང་ནང་གི་སྔོ་ཁེབས་ཇེ་མང་དུ་སོང་ནས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་། སེམས་ཀྱང་རང་ཤུགས་ཀྱིས་དགའ་བར་གྱུར”ཞེས་ལོ63ལོན་པའི་རྒན་པ་ཞིག་གིས་བདེ་སྐྱིད་ལྡན་པའི་ངང་ནས་དེ་ལྟར་བརྗོད། 

བདེ་ཆེན་དུ་ཤམ་པཱ་ལ་སྤྱི་གླིང་ལྟ་བུའི་ཁོར་ཡུག་མཛེས་ཤིང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་སྤྱི་གླིང་བསྡོམས་པས47ཡོད་པ་དང་། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས“ལྗང་མཛེས། འོས་སྡོད། ཁྱད་ལྡན། མཉེན་ཆ”བཅས་ཀྱི་རེ་བ་བཞིན། “མཐོ་སྒང་གི་སྐྱེ་ཁམས་ནགས་ཚལ”གྲོང་ཁྱེར་ཧུར་ཐག་གིས་སྐྲུན་ཏེ་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་དམག་དང་ཆེས་མཛེས་པའི་ཞིང་ཆེན་འཛུགས་སྐྲུན་བརྩོན་ལེན་བྱས། 2022ལོ་མཇུག་བར་དུ་བདེ་ཆེན་ཁུལ་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར15.1བཏང་ནས། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་མཐོར་འདེགས་རྣམ་གྲངས་དང་། གཞུང་ལམ་མཛེས་ལྗོངས་རྣམ་གྲངས། གཞུང་ལམ་ལམ་ཚིགས་དང་སྲང་ལམ་ལྗང་ས་དང་སྤྱི་གླིང་། ཐང་ཆེན་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་མ་ཟད། བར་གསེང་གནས་དང་ཟུར་གནས། གཞུང་ལམ་ལམ་ཚིགས་སོགས་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་གླིང་གི་ལྗང་སྒྱུར་བར་གསེང་རྒྱ་ཇེ་ཆེར་བཏང་། གནས་བབ་དང་བསྟུན་ནས་སྤྱི་གླིང་ཆུང་ཆུང་སྐོར་ཞིག་ཇུས་འགོད་ལེགས་བཅོས་དང་འཛུགས་སྐྲུན་བྱས་པས། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ལྗང་ས་རྒྱ་ཁྱོན་སྤྱི་ཆིངས805.27དང་། ལྗང་སའི་ཚད32.56 ། མི་རེའི་ཆ་སྙོམས་ལྗང་ས་རྒྱ་ཁྱོན་སྨི་གྲུ་བཞི་མ2.15ཟིན་ནས་སྤྱི་གླིང་ཆུང་ཆུང16སྐྲུན་ཡོད། གཞན་ཡང་། 2022ལོར་བདེ་ཆེན་ཁུལ་ཡོངས་ཀྱིས་ལྗང་མཛེས་གྲོང་ཁྱེར་དང་ལྗང་མཛེས་གཞིས་ཁུལ་འཛུགས་སྐྲུན་ཐད་ཀྱི་རྣམ་གྲངས46མགོ་བརྩམས་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར12.79ཟིན་ནས་རྒྱུན་མཐུད་ཀྱིས་ནའེ་ཙི་གཙང་བོའི་སྤྱི་གླིང་དང་། མི་རིགས་མཐུན་སྒྲིལ་ཐང་ཆེན་སྤྱི་གླིང་། པའོ་ཧྲན་སྤྱི་གླིང་། རྦབ་ཆུ་སྤྱི་གླིང་སོགས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་གཏིང་ཟབ་པའི་སྒོ་ནས“གནམ་སྔོ། ཆུ་དྭངས། ས་གཙང་། རི་སྔོ”བཅས་ཀྱི་སྲུང་སྐྱོང་དམག་འཐབ་བརྒྱབ་ནས། ནན་ཏན་གྱིས་འབག་བཙོག་བཅོས་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྱུར་ཐད་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་ནུས་བ་རིམ་བཞིན་མཐོ་རུ་ཕྱིན། དེ་དང་ཆབས་ཅིག མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་མཐོ་རུ་བཏང་ནས་འཚོ་བའི་འབག་ཆུ་བཅོས་སྐྱོང་དང་། ནག་བཙོག་ཆུ་བཅོས་སྐྱོང་། གཅིག་སྡུད་རང་བཞིན་གྱི་བཏུང་ཆུའི་ཆུ་ཁུངས་བཅོས་སྐྱོང་བཅས་གཙོ་བོར་བཟུང་ནས་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་བ་རེད། བདེ་ཆེན་ཁུལ་ཡོངས་ཀྱི་རང་བྱུང་གྲོང་ཚོ2036གི་འབག་ཆུ་བཅོས་སྐྱོང་བྱེད་ཚད་ཀྱི་ཆ་སྙོམས་གྲངས་འབོར65.95%ཟིན་པ་དང་། འབག་ཆུ་བསྡུ་ལེན་ཐག་གཅོད་བྱེད་ཚད་ཀྱི་ཆ་སྙོམས་གྲངས་འབོར7.81% ། སྒྲིག་བཀོད་འཁོར་སྐྱོད་བྱེད་ཚད100%ཟིན་པ། གཞན་ཡང་། གཙང་བོ་དང་ཆུ་བོའི“གནས་ཚུལ་བཞི་སེལ་བ”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་བཏང་བ་བརྒྱུད། བདེ་ཆེན་ཁུལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གཅིག་སྡུད་རང་བཞིན་གྱི་བཏུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད100%ལ་སླེབས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།