ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་བྱེད་ཐབས23གཏན་འབེབས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཡུན་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་སྡེ་ཁག3གྱིས་མཉམ་འབྲེལ་སྒོས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། ཡུན་ནན་ཞིང་ཆེན་གྱིས་ཉེ་ལམ་དཔར་འགྲེམ་བྱས་པའི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྔར་ལས་ལྷག་པར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》འགྲེལ་བཤད་བྱས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཡུན་ནན་ཞིང་ཆེན་གྱིས་ཕྱོགས9ནས་བྱ་བའི་བྱེད་ཐབས23དང་བྱེ་བྲག་གི་ལས་འགན92གཏན་འབེབས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་རྒྱུ་རེད།

2025ལོར་བསླེབ་སྐབས་ཡུན་ནན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་དང་བལྟོས་བཅས་ཀྱིས་བརྟན་བརླིང་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་བར་མཐོངས་ཀྱི་རྣམ་པ་ཞིག་བསྐྲུན་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ། ལམ་ལུགས། ཚད་གཞི། ལྟ་ཞིབ་ཚད་ལེན་བཅས་ཀྱི་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད། 2035ལོར་བསླེབ་སྐབས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྲིད་ཇུས་དང་ཁྲིམས་སྲོལ། ལམ་ལུགས། ཚད་གཞི། ལྟ་ཞིབ་ཚད་ལེན་མ་ལག་བཅས་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་དང་གོ་རིམ་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བར་མཐོངས་རྣམ་པ་ཞིག་ཆགས་སུ་འཇུག་རྒྱུ་རེད།

ཡུན་ནན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྲིད་ཇུས་ཁྲིམས་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བར་མཐོངས་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཆ་ཚང་བའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་སོགས་ཕྱོགས9ཡི་ཐད་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཡུན་ནན་གྱིས་ཨེ་ཤེ་ཡའི་གླང་ཆེན་དང་། སེམས་ཀྱི་ཉི་ཟླ། ཀའོ་ལི་ཀུང་ཧྲན་བཅས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་། ཡུན་ནན་གྱིས་ད་དུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་ལེགས་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་དུས་ཐོག་ཏུ་བཟོ་བཅོས་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།