ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་གི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ཐེངས་ཤིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

3.jpg

པར་འདི་དག་ནི་ཁྲིམས་ལུགས་ཁྱབ་གདལ་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྩྭ་ཐང་ནི་ང་ཚོའི་རྒྱུ་ནོར་རྩྭ་ཆེན་ཞིག་ཡིན་པས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ། ཕ་ཡུལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། ཆུ་མོ་སྔར་ལས་དྭངས་བ། རྩྭ་ཐང་སྔར་ལས་སྔོ་ལྗང་བཅས་ཡོང་བར་བྱེད་དགོས”ཞེས་ཟླ6པའི་ཚེས24ཉིན་རྩྭ་ཐང་ཐོག་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་བྱས་པར་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ཉིན་དེར། བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་མཉམ་དུ“ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད”ཅེས་པའི་2022ལོའི་རྩྭ་ཐང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ཞིང་འབྲོག་པ་དང་ནགས་སྲུང་ཚོར་རྩྭ་ཐང་སྲུང་སྐྱོང་གི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། ཁྲིམས་ལུགས་ཁྱབ་གདལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》དང《རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྩྭ་ཐང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་དོན་གྱོད་གཞི་ཞིབ་གཅོད་བྱེད་པར་སྤྱོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》།《གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་སྐོར་གྱི་བཅའ་ཁྲིམས》སོགས་རྩྭ་ཐང་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག》ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་དམིགས་ནས། ནགས་དཔོན་ལམ་ལུགས་དང་། ཐང་རྒོད་འགོག་བཅོས། ནགས་ལས་སྐྱེ་དངོས་ཀྱི་རིགས་གསར་པའི་བདག་དབང་ལ་གནོད་འཚེ་གཏོང་བ་དང་ནགས་ཤིང་མྱུ་གུ་རྫུན་མ་ལས་པ་དང་འཚོང་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཅས་ཀྱི་ནང་དོན་ལ་དམིགས་ནས་བྱ་འགུལ་སྤེལ་བ་རེད།

ལས་དོན་མི་སྣའི་གསོན་ཉམས་ལྡན་ཞིང་གོ་བདེའི་སྒྲོག་འགྲེལ་ལས་ཞིང་འབྲོག་མང་ཚོགས་ཀྱིས་རྩྭ་ཐང་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་པ་སྔར་ལས་ཤེས་རྟོགས་བྱུང་བ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲོལ་ཡིག་བཅས་མི་སེམས་སུ་ཟུག་པ་མ་ཟད། ཚང་མས་རྩྭ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། རྩྭ་ཐང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་ལས་གཏིང་ཟབ་ཏུ་ཕྱིན་ཡོད། “ལོ་འདི་དག་གི་རིང་། རྩྭ་ཐང་གི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་སྟེ་རྟ་བཞོན་པ་དང་། པར་ལེན་པ། མཛེས་ལྗོངས་ལ་ལྟ་རུ་ཡོང་བས། ང་ཚོའི་ཡོང་འབབ་འཕར་རྒྱུ་རོགས་རམ་བྱས་ཤིང་། ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་གསལ་བོར་ཤེས་ཡོད། སེམས་ཀྱི་ཉི་ཟླའི་ས་བབ་མཐོ་བ་དང་རྩྭ་ཐང་གི་སྔོ་ཁེབས་ཉམས་ཞན་ཡིན་པས། ང་ཚོས་བློ་གཅིག་སེམས་གཅིག་དང་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས”ཞེས་ཉི་ཤར་གྲོང་ཚོའི་ནགས་སྲུང་ཏུའུ་ཅི་ཡིས་བཤད།

ཉིན་དེར། ལས་དོན་མི་སྣས་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁྲི་པའོ་ཁ་སྲང་ལམ་དུ་འགྲོ་འོང་བྱེད་བཞིན་པའི་མི་དག་ལ་དྲིལ་སྒྲོག་ལག་དེབ་དང་དྲིལ་སྒྲོག་དངོས་རྫས་སྤྲད་པ་རེད། དེ་དང་ཆབས་ཅིག“རྩྭ་ཐང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་ཟླ་བའི”བྱ་འགུལ་གོ་སྐབས་སུ་བཟུང་ནས། བདེ་ཆེན་ཁུལ་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་རྫོང(གྲོང་ཁྱེར)སོ་སོའི་ནགས་ཚལ་དང་རྩྭ་ཐང་ཅུའུ་དང་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁུལ་གྱི་ཐང་ཆེན་དང་སྲང་ལམ། ཚོང་ར། སྡེ་ཁུལ་བཅས་དང་། དེ་བཞིན་ཤང་གྲོང་གྲོང་ཚོ་ཨུ་ལྷན་དང་། གྲོང་མིའི་ཚོགས་ཆུང་། འབྲོག་ཁུལ་སོགས་མི་སྣ་འདུས་ཚད་ཆེ་བའི་ས་གནས་སུ་སྤྱི་བའི་སྨྱན་སྦྱོར་དང་དེ་བཞིན་དྲིལ་སྒྲོག་སྦྱར་ཡིག་འགེལ་བ་དང་། དྲིལ་སྒྲོག་དངོས་པོ་སྤྲོད་པ། དྲིལ་སྒྲོག་པར་གཞི་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་དྲིལ་སྒྲོག་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་དེ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཁྱབ་དུ་བཅུག་པ་མ་ཟད། ཁྲིམས་ལྟར་རྩྭ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། ལུགས་དང་མཐུན་པའི་ངང་རྩྭ་ཐང་བེད་སྤྱོད་བྱེད་པ་དེ་མི་རྣམས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་རིམ་བཞིན་འགྱུར་བར་བྱས། །

གཞི་གྲངས་ལས་མངོན་པ་ལྟར་ན། བདེ་ཆེན་ཁུལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི288.77ཡོད་པ་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས“སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི”འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཧུར་ཐག་གིས་གཏོད་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་བརྒྱུད། རྩྭ་ཐང་སྲུང་སྐྱོང་གི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་ཏེ་ས་བརྟན་ཆུ་སྲུང་ནུས་པ་ཆེ་རུ་བཏང་ཞིང་། རང་བྱུང་རྩྭ་ར་ཉམས་ཞན་དུ་འགྲོ་རྒྱུ་བཀག་འགོག་ནུས་ལྡན་བྱས་པ་དང་། འབྲི་ཆུ་དང་རྫ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་སླར་གསོ་ཡོང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ནས། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐད་ཕན་འབྲས་བཟང་པོ་ཐོན་པ་རེད། 2021ལོར་བདེ་ཆེན་ཁུལ་གྱི་རྣམ་གྲངས་ལག་བསྟར་ཁུལ་དུ་རྩྭ་ཐང་གི་ཆ་སྙོམས་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད76.28%ཟིན་པ་དེ་དུས་མཉམ་ལས4.28%འཕར་བ་དང་། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དུ་ལེགས་སུ་ཕྱིན་པ། ཕྱུགས་སྐྱུར་རྩྭ་གསོའི་རྣམ་གྲངས་དང་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། བདེ་ཆེན་ཁུལ་ཡོངས་ཀྱི་ཞིང་འབྲོག་པ་མི་ཐེངས144115ལ་སྐུལ་ཁྲིད་ཐུབ་ནས་ཡོང་འབབ་སྒོར་ཁྲི5537.86འཕར་ཞིང་། རྩྭའི་ཐོན་ཚད་དང་ཕྱུགས་ཟོག་གི་ཤོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་ས་མཐོའི་ཁྱད་ལྡན་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད་རོགས་སྐྱོར་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།