ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ས་ཆ་ཁག་ཏུ་གནོད་འགོག་གནོད་སེལ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

12.jpg

པར་འདི་གཉིས་ནི་བྱ་འགུལ་གྱི་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས12ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་གནོད་འགོག་གནོད་སེལ་ཨུ་ལྷན་གཞུང་དོན་ཁང་དང་ཁུལ་འཕྲལ་སྡོམ་དོ་དམ་ཅུའུ་ཡིས་སྣེ་ཁྲིད་དེ་ཁུལ་གནོད་འགོག་གནོད་སེལ་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ཏེ། ཐན་ཁྲེང་ཐང་ཆེན་གྱི་ཤར་ངོས་སུ“གནོད་འཚེའི་ཉེན་ཁ་ཇེ་ཆུང་དུ་བཏང་ནས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གནོད་འགོག་གནོད་སེལ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་ལས་དོན་མི་སྣས་གནོད་འགོག་གནོད་སེལ་སྐོར་གྱི་དྲིལ་སྒྲོག་ལག་དེབ་མང་ཚོགས་ལ་སྤྲད་དེ་མང་ཚོགས་ལ་གནོད་འགོག་གནོད་སེལ་སྐོར་གྱི་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས། དེ་དང་ཆབས་ཅིག་བདེ་ཆེན་ཁུལ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ས་གནས་སུ་མེ་ཟོན་སྒྲིག་ཆས་འགྲེམས་སྟོན་བྱས་པ་དང་འབྲེལ་མི་སྣའི་མྱུར་སྐྱོབ་ཉམས་ལེན་དང་མེ་ཟོན་རོགས་སྐྱོབ་ཀྱི་དངོས་སྦྱོང་བྱས་ནས་གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་གཞན་སྐྱོབ་ཀྱི་གཞི་རྩའི་རྩལ་ནུས་ཁྱབ་གདལ་བཏང་སྟེ། མང་ཚོགས་ཀྱི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་དང་འཕྲལ་སྡོམ་ཉེན་གཡོལ་གྱི་ནུས་པ་ཆེ་རུ་བཏང་། བྱ་འགུལ་སྤེལ་སྟངས་སྣ་ཚོགས་ཀྱིས་རྒྱ་ཆེའི་མང་ཚོགས་བྱ་འགུལ་ནང་ཞུགས་པའི་ཡིད་དབང་བཀུགས་ཡོད།

ཟླ5བའི་ཚེས12ཉིན། འབའ་ལུང་རྫོང་འཕྲལ་སྡོམ་ཅུའུ་ཡིས་སྣེ་ཁྲིད་དེ་རྫོང་སློབ་གསོ་ལུས་རྩལ་ཅུའུ་དང་། ཞིང་ལས་གྲོང་གསེབ་ཅུའུ། རང་བྱུང་ཐོན་ཁུངས་ཅུའུ། ཁྲལ་དོན་ཅུའུ། སྡོད་ཁང་འཛུགས་སྐྲུན་ཅུའུ། འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། གནམ་གཤིས་ཅུའུ། རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་སྡེ་ཚན་མང་པོ་སྒྲིག་འཛུགས་བྱས་ནས། པའོ་ཧོ་གྲོང་རྡལ་ཉན་ས་ཁྲོམ་གཞུང་ཐང་ཆེན་དུ་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་ཐེངས14པ་སྤེལ་བ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་ལས་དོན་མི་སྣས་འགྲེམས་པང་འཇོག་པ་དང་། དྲིལ་སྒྲོག་དཔྱད་ཡིག་སྤྲོད་པ། ས་གནས་སུ་བློ་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་ཐོག་ནས་གྲོང་མིར་གནོད་འགོག་གནོད་སེལ་གྱི་གཞི་རྩའི་ཤེས་བྱ་དང་། རང་སྐྱོབ་གཞན་སྐྱོབ་ཐབས། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐག་གཅོད་བྱེད་ཐབས་དྲིལ་སྒྲོག་བྱས། གཞན་ཡང་། མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ད་དུང་ས་གནས་སུ་རོགས་སྐྱོབ་སྒྲིག་ཆས་དང་ཡོ་བྱད་འགྲེམས་སྟོན་བྱས་ཤིང་། མེ་ཟོན་མེ་གསོད་ཡོ་ཆས་དང་མྱུར་སྐྱོབ་ཡོ་བྱད་སོགས་འགོག་སྲུང་ཡོ་ཆས་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱས་པ་རེད། ཐེངས་འདིའི་བྱ་འགུལ་བརྒྱུད་མང་ཚོགས་ཀྱི་གནོད་འགོག་གནོད་སེལ་དང་བདེ་འཇགས་འདུ་ཤེས། འཕྲལ་སྡོམ་རང་སྐྱོབ་དང་ཉེན་ཁ་ལས་སྒྲོལ་བའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་ནས། ཁོངས་གཏོགས་ཁུལ་གྱིས་དུས་ཐོག་ཏུ་རང་བྱུང་གནོད་འཚེ་སྔོན་འགོག་དང་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཆེད་རྨང་གཞི་ནུས་ལྡན་བཏིང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།