ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ཕུག་ལམ་ཆེས་རིང་ཤོས་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛུགས་སྐྲུན་པ1000ལྷག་ཙམ་གྱིས་ཉིན་མཚན་ལྟོས་མེད་ངང་འབད་བརྩོན་བྱས་པ་བརྒྱུད། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་གྲས་ཤིག་ཡིན་པའི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གཡུ་ལུང་གངས་རིའི་ཕུག་ལམ་ཚེས5ཉིན་ཤར་གཏོང་ཐུབ་པ་རེད། དེར་བརྟེན་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ཕུག་ལམ20ལས19ཤར་གཏོང་ཐུབ་པ་དང་། ཕུག་ལམ1ད་དུང་ཤར་གཏོང་ཐུབ་མེད་པས་ད་ལོར་ཤར་གཏོང་གཉེར་སྐྱོང་ཐུབ་རྒྱུར་རྨང་གཞི་བཏིང་ཡོད།

གཡུ་ལུང་གངས་རིའི་ཕུག་ལམ་ནི་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ14.7ཡོད་ཅིང་། དེ་ནི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་ཡིན་ལ། འཕྲེད་བཅད་རི་རྒྱུད་ཀྱི་རོང་ཁུལ་དུ་གནས་པ་དང་རྒྱ་གར་གྱི་བྲག་ལེབ་དང་ཡོ་རོབ་དང་ཨེ་ཤེ་ཡའི་བྲག་ལེབ་བར་གྱི་འབྲེལ་གཏུག་ཁུལ་གྱི་མདུན་ས་ཡིན་པ་མ་ཟད། དེ་ནི་ཀྲུང་གོའི་ས་ཤུན་གཡོ་འགུལ་ཤུགས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། དེ་བསྡོམས་པས་གས་སྲུབས6ལས་བརྒལ་ནས་གཡུ་ལུང་གངས་རིའི་དཀྱིལ་དུ་ཟུག་ལ། ཕྱིར་འབུད་ས་ནི་འབྲི་ཆུའི་སྟག་མཆོང་འགག་ཡིན།

གས་སྲུབས་ཐེབས་པའི་རྒྱུད་དང་དྲོད་ཚད་མཐོ་ཞིང་ཆུ་མང་བ། མཐོ་འདེགས་ནུས་པ་སོགས་ཉེན་ཁ་ཆེ་བའི་ས་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། གཡུ་ལུང་གངས་རིའི་ཕུག་ལམ2014ལོར་ལས་མགོ་ཚུགས་པའི་ཚུན་སྔ་རྗེས་སུ་ཆུ་རྒྱས་པ་དང་རྡིབ་པ་སོགས་ཐེངས238བྱུང་བ་དང་། ལས་སྒྲུབ་བྱེད་ཐེངས་མང་ཤོས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི3.7ཟིན་ཡོད།

2016ལོར་གཞི་ཁྱོན་ཆེ་བའི་འདམ་ཆུ་ཐེངས་གཉིས་ཐོན་པའི་དོན་རྐྱེན་བྱུང་ཞིང་། དེའི་ནང་ཆུ་རྒྱས་ཐེངས་གཅིག་ལ་ཆུ་ཚོད་རེར་སྨི་རྒྱ་དཔངས་གྲུ་བཞི་མ3000ལྷག་ཟིན་པ་དང་། གློ་བུར་དུ་ཐོན་པའི་འདམ་ཆུ་ཆེན་པོ་དེས་རླངས་འཁོར་དང་སྒྲིག་ཆས་སྨི300ལྷག་གི་སར་འཁྱེར་བ་རེད། ཆུ་མང་ཁུལ་ལ་དམིགས་ནས་འཆར་འགོད་ལས་ཁུངས་ཀྱིས་སྔོན་ལ་ས་གཤིས་སྔོན་དཔག་སྔོན་བརྡ་བཏང་སྟེ“སྔོན་འགོག་དང་། བཀོད་སྒྲིག འགོག་གཅོད། འགོག་ཐབས”བཅས་ཀྱི་བྱ་ཐབས་སྤྱད་དེ་ཨར་ལས་ཀྱི་ཉེན་ཁ་ཆུང་དུ་བཏང་ནས་བདེ་འཇགས་ལྡན་པའི་ངང་ཨར་ལས་བྱ་རྒྱུར་འགན་ལེན་བྱས།

དེར་བརྟེན་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུའུ་ཚོགས་པའི་ཡུན་ནན་ནུབ་རྒྱུད་ཀྱི་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྒྲིག་འཛུགས་ཇུས་འགོད་དང་ལྟ་སྐུལ་དོ་དམ། ཨར་ལས་སོགས་སྡེ་ཚན་གྱིས་ས་མཐོའི་འཐེན་ཤུགས་ལས་དོན་ཚོགས་ཆུང་བཙུགས་ཏེ། རྒྱལ་ནང་གི་ཕུག་ལམ་ཁྱབ་ཁོངས་ཀྱི་ཆེད་མཁས་མི་སྣ་ཐེངས་མང་པོར་ས་གནས་སུ་གདན་འདྲེན་ཞུས་ནས་དབྱིབས་འགྱུར་རྒྱུ་རྐྱེན་དང་ཚོད་འཛིན་བྱ་ཐབས་ལ་དབྱེ་ཞིབ་དང་བགྲོ་གླེང་བྱས་པ་རེད། 

ཡུན་ནན་ནུབ་རྒྱུད་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་སྤྱི་ཁྱབ་བཟོ་བཀོད་པ་ཞའོ་དབྱི་ཡིས་ངོ་སྤྲོད་ལྟར་ན། ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ཟམ་པ་དང་ལམ་གཞི། ས་ཚིགས་སྡོད་ཁང་བཅས་ཀྱི་ལས་གྲྭ་ཚང་མ་ལེགས་འགྲུབ་ཟིན་པ་དང་། ལྷག་མའི་ལྕགས་ལམ་འདིང་བ་དང་ཟམ་པ་འཛུགས་པ། གློག་བཞི་ལས་གྲྭའི་ཨར་ལས་སྒྲིག་འཛུགས་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། ད་ལོར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད་ཅེས་བསྟན།

ལི་ཅང་ནས་སེམས་ཀྱི་ཉི་ཟླའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ139ཡོད་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ120འཆར་འགོད་བྱས་ཡོད་ལ། ལྷོ་ཕྱོགས་སུ་ལི་ཅང་གྲོང་ཁྱེར་ནས་འབྲི་ཆུ་བརྒལ་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སླེབས་པ་དང་། ལམ་ཐིག་ཧྲིལ་པོར་མེ་འཁོར་འབབ་ཚུགས13བསྐྲུན་ཡོད་པ་དང་། ཟམ་པ་དང་ཕུག་ལམ་གྱིས73.4%ཟིན་ཡོད། ལི་ཅང་གནའ་གྲོང་དང་གཡུ་ལུང་གངས་རི། སྟག་མཆོང་འགག ཧ་པ་གངས་རི། སེམས་ཀྱི་ཉི་ཟླ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་དང་སྦྲེལ་བས“མཁའ་ལམ་མཛེས་ཤོས”ཞེས་བརྗོད་ཀྱིན་ཡོད། མེ་འཁོར་ཤར་གཏོང་ཐུབ་རྗེས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་ཆབས་ཅིག་ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ཡུལ་སྐོར་དུས་ཚོད་ཀྱང་ཇེ་ཐུང་དུ་འགྲོ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།