ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་ཐོག་དང་པོར་འབྲི་ཆུའི་མཉམ་འབྲེལ་སྐོར་ཞིབ་ལས་དོན་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། ཡུན་ནན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་ཐོག་དང་པོར་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་འབྲི་ཆུའི་མཚམས་སུ་མཉམ་འབྲེལ་སྐོར་ཞིབ་ལས་དོན་སྤེལ་བ་མ་ཟད། མཚོ་དཔོན་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། ནུས་ཤུགས་ཡོད་རྒུས་འབྲི་ཆུར་སྲུང་སྐྱོང་ཡག་པོ་བྱས་ཏེ། གཙང་བོ་དྭངས་མོ་ཤར་ལ་འབབ་པར་ཁག་ཐེག་བྱས།

འབྲི་ཆུའི་སྟོད་རྒྱུད་ཀྱི་ཞིང་ཆེན་ཡིན་པའི་ཆ་ནས། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཁྲོད་ཕན་ནུས་གལ་ཆེན་ལྡན། ལོ་མང་པོའི་རིང་ལ་མཉམ་ལས་བྱས་པ་བརྒྱུད། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱིས་མཉམ་འབྲེལ་ལྟ་སྐུལ་དང་མཉམ་འབྲེལ་ཁྲིམས་བསྟར། ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ཏེ། འབྲི་ཆུའི་སྲུང་སྐྱོང་བཅོས་སྐྱོང་བྱ་བར་སྐུལ་འདེད་ནུས་ལྡན་བྱས། 

དེའི་ཁྲོད། ཉེ་བའི་ལོ་འགའི་རིང་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱིས་མཚོ་དཔོན་མཐུན་སྦྱོར་འབྲེལ་གཏུག་ལམ་ལུགས་ལ་ཤུགས་བསྣན་པ་རེད། མིག་སྔར། ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མུ་འབྲེལ་ས་ཁུལ་གྱིས་མཉམ་འབྲེལ་སྐོར་ཞིབ་ཐེངས122སྤེལ་བ་དང་། བོད་ལྗོངས་ཀྱི་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་དང་སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་གྱི་ཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་མཚམས་ལས་བརྒལ་བའི་ཆུ་བོའི་མཉམ་འགོག་མཉམ་བཅོས་མཉམ་ལས་གྲོས་ཡིག་ལ་མིང་ཐོ་བཀོད་དེ། འབྲི་ཆུའི་སྐོར་ཞིབ་བྱ་བའི་མཉམ་འབྲེལ་ལས་དོན་སྤེལ་བ་རེད།

ཡུན་ནན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཧུའུ་ཁྲའོ་པེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། འབྲི་ཆུའི་བཞུར་རྒྱུད་ཡུན་ནན་མཚམས་སུ་ཚོ་དཔོན་ཁྲི1.48ཡོད་པ་དང་། ན་ནིང་ཚུན་དུ་གཙང་བོར་སྐོར་ཞིབ་བྱེད་ཚད་མི་ཐེངས་ཁྲི7.7ལ་སླེབས་པ་དང་། ཆུ་དཔོན་དང་མཚོ་དཔོན་འགན་འཁྲི་སྔར་ལས་ཤུགས་སྣོན་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་མཉམ་འབྲེལ་སྐོར་ཞིབ་དང་མཉམ་འབྲེལ་གྲོས་ཚོགས་བསྡུས་པར། ཞིང་ལྗོངས་གསུམ་གྱི་མཚོ་དཔོན་ལམ་ལུགས་ཕྱོགས་ཀྱི་མཉམ་ལས་རིམ་པའི་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་འཛུགས་པ། འབྲི་ཆུའི་སྲུང་སྐྱོང་བཅོས་སྐྱོང་བྱ་བ་སྐུལ་འདེད་གཏོང་བར་ཕན་ནུས་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།