ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་དྲིལ་སྒྲོགས་སློབ་གསོའི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་བས། བདེ་ཆེན་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས“ས་མཐོའི་གསོམ་སྡོང་རྩ་བ་སྦྲེལ་ཞིང་། མི་རིགས་སོ་སོའི་སེམས་པ་གཅིག་ཏུ་སྦྲེལ”ཞེས་པའི་སེམས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐུན་མོང་ངང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ངང་དར་རྒྱས་གོང་འཕེལ་གྱི་འདུ་ཤེས་གཏིང་ཟབ་ཏུ་ཆགས་པས། བདེ་ཆེན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ཡོད།

ལས་ཁུངས་སུ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་བཅས་ལས་ཁུངས་སུ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་་སྤེལ་བ་བརྒྱུད། “གྲོས་གཞི་དང་པོ”མཐའ་འཁྱོངས་བྱས་ཏེ་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཡོད། གྲོང་གསེབ་དང་སྡེ་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གྲོང་སྲོལ་དམངས་ཆིངས་ཀྱི་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོ་ནང་བཅུག་ནས་མང་ཚོགས་ལ་ཕན་ཚུན་ལྟ་སྐུལ་བྱ་རྒྱུར་ཁྲིད་སྟོན་ཡག་པོ་བྱས་ཡོད། གྲོང་ཚོ་དང་གྲོང་རྡལ་དང་སྡེ་ཁུལ་སྐོར་ཞིག་གིས་ད་དུང་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ནང་དོན་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་གླུ་གར་ལེ་ཚན་ནང་བཅུག་པ་རེད། དཔེར་ན། ཉི་ཤར་གྱི་བརྩེ་སེམས་མཚོན་པའི་གླུ་གར་ཁྲོད་རྒྱལ་གཅེས་དང་དྲིན་ཚོར་ནང་དོན་སོགས་བཅུག་ནས་མང་ཚོགས་ལ་རྒྱལ་གཅེས་དང་ཡིད་རྟོན། མཛའ་བརྩེ། མཐུན་སྒྲིལ་བཅས་ཀྱི་རིན་ཐང་ལྟ་བ་འཛུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཡོད། བདེ་ཆེན་ཁུལ་གྱི་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅི་ཡིས་གཙོ་བོར་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལས་དོན་དམ་འཛིན་བྱས་ནས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་སུའོ། ས་ཚིགས་བཅས་ཀྱི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ་ལོ་མགོར་འཆར་གཞི་ཡོད་པ་དང་། ཟླ་རེར་བརྗོད་དོན་གཙོ་བོ་ཡོད་པ། གཟའ་འཁོར་རེ་ལ་བྱ་འགུལ་ཡོད་པ་བཅས་བྱས་ནས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་འགུལ་རྒྱུན་གཏན་ངང་སྤེལ་བ་རེད། གཞན་ཡང་། མི་རིགས་སྐད་ཆའི་དར་དམར་གྱི་སྒྲོག་འགྲེལ་རུ་ཁག་དང་། དྲིན་ཚོར་དང་བླངས་ཞབས་ཞུའི་རུ་ཁག རིག་གནས་དང་བླངས་ཞབས་ཞུ་རུ་ཁག་སོགས་བཙུགས་ནས་རྣམ་པ་སྣ་ཚོགས་ཀྱི་དཔལ་ཡོན་ལག་ལེན་བྱ་འགུལ་སྤེལ་ཞིང་། སློབ་གྲྭ་རུ“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”དང“རྒྱལ་དར་འོག་ཏུ་གཏམ་བཤད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་བའི་འཛིན་གྲྭའི་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་རྩོམ་བསྡུ་སོགས་རྒྱུན་རྣམ་ཅན་གྱི་བྱ་འགུལ་བརྒྱུད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་རུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་ཡོད། 

བདེ་ཆེན་ཁུལ་གྱིས་སྔ་རྗེས་སུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གྲོང་ཚོ་སྟོང་གི་རིག་རྩལ་མཉམ་འཁྲབ་དང་། ཁུལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་ཤང་སོ་སོར་བསྐྱོད་པ།རང་འབད་དང་ཁ་དན་ཚིག་གནས་ཀྱི་དྲིན་ཚོར་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་སོགས་ཀྱི་དྲ་འོག་དང་དྲ་ཐོག་གི་བྱ་འགུལ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས། གླུ་གར་དང་འགྲེམས་སྟོན། གཏམ་རྒྱུད་སོགས་ཀྱི་རྣམ་པའི་ཐོག་ནས་གཞི་རིམ་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་དོ་ཁུར་དང་དེའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་མཐུན་སྒྲིལ་འཆམ་མཐུན་གྱི་བརྗོད་དོན་གཙོ་བོ་མངོན་གསལ་ཡོང་བ་བྱས་ཏེ“ང་ཚོའི་དུས་ཆེན”ཏེ་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར། ལྔ་བའི་ཚེས་ལྔའི་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་རོལ་བ་དང་། གཟབ་མཆོར་སྤྲས་ཏེ་ཏང་གི་བཀའ་དྲིན་ཚོར་བའི་ལོ་གསར་སོགས་ཀྱི་བྱ་འགུལ་སྒྲིག་འཛུགས་བྱས་ནས། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་མི་རིགས་ཀྱི་སྤོབས་སེམས་འཕེལ་བར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་ཞིག་སྐྲུན་ཡོད།

2019ལོ་སླེབས་པའི་ཚུན། བདེ་ཆེན་ཁུལ་གྱིས་དྲིལ་སྒྲོག་སྟེགས་བུ་སོ་སོ་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཐད་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ལེན་པའི་ལག་ལེན་གསར་བ་དང་། གྲུབ་འབྲས་གསར་བ། ཉམས་མྱོང་གསར་བ་བཅས་དྲིལ་སྒྲོག་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་དང་ལས་རིགས་སོ་སོ་ཕན་ཚུན་རོགས་རམ་སྒོས་ནུས་ཤུགས་ཡོད་རྒུས་དབུལ་ཐར་དང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གཏམ་རྒྱུད་ཡག་པོ་བརྗོད། ཏང་གི་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་སྔར་ལས་དྲིལ་སྒྲོག་ཡག་པོ་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ཐུན་མོང་ཐོག་སྲུང་སྐྱོང་བྱས།

གཞན་ད་དུང“ཕྱིར་སྐྱེལ་བ”དང“གདན་དྲངས་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱི་ཕུལ་བྱུང་མི་རིགས་རིག་གནས་དང་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་ཕྱི་ཕྱོགས་སུ་མངོན་པ་དང་། བདེ་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་མཉམ་སྡོད་དང་མཉམ་སློབ། མཉམ་བརྩོན། མཉམ་སྤྲོ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དེ་ཐོག་ནས་བདེ་ཆེན་གྱི་མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་དངོས་སུ་མཚོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།