ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་མང་ཚོགས་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་འཕེལ་རྒྱས་འདུ་ཤེས་བཟུང་སྟེ། “བདེ་ཐང་བདེ་ཆེན”བསྐྲུན་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། འཕྲོད་བསྟེན་བདེ་ཐང་ཞབས་ཞུ་མཁོ་སྤྲོད་ཕུན་སུམ་ཚོགས་པར་བྱ་རྒྱུ་ཤུགས་སྣོན་པ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཅས་བཏང་བས། བདེ་ཆེན་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཕྱོགས་བསྡུས་དངོས་ཤུགས་དང་སྤྱོད་རུང་རང་བཞིན། སྨན་བཅོས་ཐུབ་ཚད་བཅས་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས། སྨན་བཅོས་ལྟེ་གནས་དེ་བདེ་ཐང་ལྟེ་གནས་སུ་བསྒྱུར་ཏེ། མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྔར་ལས་སྟབས་བདེ་བཟོས་ཡོད། 

མིག་སྔར། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི286དང་ནད་ཁྲི1889ཟིན་པ་དང་། ཕྱི་ཕྱོགས་སུ་སྒོ་ཕྱེས་པའི་ཉལ་ཁྲི1741ཡོད་ལ། རྒྱུན་སྡོད་མི་འབོར་སྟོང་རེར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི4.34ཟིན་ཞིང་། ལས་ཞུགས་མི་སྣ3510དང་ཆ་སྙོམས་མི་སྟོང་རེར་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ6.52ཡོད། ཐོ་བཀོད་བྱས་པའི་སྨན་པ116ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི་རེར་སྨན་པ2.9དང་། རྫོང་ཁོངས་སུ་སྨན་བཅོས་བྱེད་ཚད69.69%ཟིན་པ་དང་། གྲོང་གསེབ་ཏུ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད99.86%ཟིན་པ་བཅས་རེད། སྙན་སེང་ཞུ་བའི་འགོས་ནད་རིགས་ཁ་པ་ཐོན་ཚད་མི་ཁྲི10རེ་ནང་མི269.06ཟིན་པ་དང་། རིགས་སོ་སོའི་འགོག་སྨན་དུས་ཐོག་ཏུ་རྒྱག་ཚད98%ཡན་ཟིན་ནས་བདེ་ཐང་གི་སྟོན་གྲངས་སོ་སོ་བརྟན་བརླིང་ངང་འཕར་བ་དང་རིམ་སྤོར་ཐུབ་ནས། འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།

པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་དེ། བདེ་ཆེན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འགན་ནུས་སྡེ་ཚན་གྱི་ནུས་བ་འདོན་སྤེལ་གང་ལེགས་དང་། འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོ་ཡག་པོར་བསྒྲུབས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཞིང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་དང་དེ་བཞིན་གོང་རིམ་གཙོ་སྐྱོང་སྡེ་ཁག་གི་ལས་ཀའི་བླང་བྱ་བཅས་ལག་ལེན་མཐར་ཕྱིན་བྱས་ནས། མགོ་ནས་མཇུག་བར་དུ་གཟབ་ནན་སྒོས་རིམས་ནད་འགོག་སྡོམ་དྲིལ་སྒྲོག་དང་། འཕྲལ་བསྟུན་སྔོན་ཇུས། སྨན་བཅོས་སྲོག་སྐྱོབ། ཉིང་སྐྱུར་བརྟག་དཔྱད། དངོས་ཟོག་གསོག་འཇོག འཕྲོད་བསྟེན་འཕྲལ་སྡོམ་ནུས་བ་འཛུགས་སྐྱོང་དང་འགོག་སྨན་རྒྱག་པ་སོགས་ཀྱི་ལྷུ་ཚིགས་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་ཡག་པོར་བསྒྲུབས་པ་མ་ཟད། “ཕྱོགས་བཞིའི་འགན་འཁྲི་”ཏན་ཏིག་གིས་བསྒྲུབས་ནས། རིམས་ནད་འགོག་སྡོམ་བྱེད་ཐབས་ཁག་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱས་པ་བརྒྱུད། “གཏན་ཁེལ་ནད་པ་མེད་པ་དང་། དོགས་ཡོད་ནད་པ་མེད་པ། ནད་རྟགས་མེད་པའི་ནད་པ་མེད་པ”བཅས་ཀྱིདམིགས་འབེན་མངོན་འགྱུར་བྱུང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།