ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས2021ལོའི་དུས་ཚིགས་བཞི་པའི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་ཡོངས་ཀྱི་2021ལོའི་དུས་ཚིགས་བཞི་པའི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།   བདེ་ཆེན་ཁུལ་གྱིས་ཕྱོགས་དྲུག་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་མིག་སྔའི་བདེ་འཇགས་དོགས་ཟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་བདེ་འཇགས་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།    

གཅིག་ནི་བདེ་འཇགས་དོགས་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དགོས་གཏུགས་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས།    མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་མདུན་དུ་ལྷགས་པའི་ཛ་དྲག་ཆེ་བའི་གནས་བབ་རིག་པ་དྭངས་གསལ་གྱིས་ངོས་འཛིན་དང་།   མིག་སྔའི་བདེ་འཇགས་ཉེན་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས།   དམར་ཐིག་གི་འདུ་ཤེས་དང་གཞི་ཐིག་གི་བསམ་གཞིགས་ལ་སྔར་བས་ཤུགས་སྣོན་རྒྱག་པ།   ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་པར་ནན་འགོག་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།    

གཉིས་ནས་ཉེན་མེད་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས།    བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས།    རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མིག་དཔེ་སྟོན་དགོས་པ་དང་།   སྣེ་ཁྲིད་དེ་ལས་ཡུལ་དངོས་ལ་ཕྱིན་ནས་སྐུལ་འདེད་དང་ཞིབ་བཤེར་བྱས་ཏེ་ལས་ཀའི་འགན་འཁྲི་དང་བྱེད་ཐབས་ཁག་དོན་འཁྱོལ་མཐར་ཕྱིན་ཡོང་བར་སྐུལ་འདེད་གཏོང་དགོས།    

གསུམ་ནས་དུས་བཀག་ནང་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་གཅིག་སྡུད་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས།    ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ལས་འགན་གསལ་ཐོ་དང་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་གསལ་ཐོ་དང་བསྡུར་ནས་དུས་ཚིགས་བཞི་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས།  

བཞི་ནི་ཅུང་ཆེ་བ་དང་དེའི་ཡན་གྱི་ལས་འཛོལ་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་དང་བཀག་འགོག་ནུས་ལྡན་བྱེད་དགོས།    མིག་སྔའི་དུས་བབ་དང་དུས་ཚིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་གྱི་མངོན་མེད་རྐྱེན་ངན་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ནས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་འཛོལ་ཐོན་རྒྱུ་ནན་འགོག་བྱེད་དགོས།    

ལྔ་ནི་འཕྲལ་སྡོམ་གྲ་སྒྲིག་གི་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་དགོས།    རང་བྱུང་གནོད་འཚེའི་ཉེན་ཁའི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་ནས་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།   རང་བྱུང་གནོད་འཚེའི་སྔོན་དཔག་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ།   གནོད་འཚེའི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱེད་པ།   གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས།    

དྲུག་ནས་ལས་རེས་ལས་སྲུང་དང་འཕྲལ་སྡོམ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།    འགོ་ཁྲིད་ལས་བྱེད་པས་ལས་གནས་ཐོག་བསྐྱོད་དེ་སྣེ་ཁྲིད་དང་འགག་རྩའི་ལས་གནས་ཐོག་ཆུ་ཚོད24རིང་གི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྙན་སེང་དང་ཐག་གཅོད་འཕྱུགས་མེད་བྱེད་དགོས།   །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།