ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་ཆེད་བསྒྲིགས་པར་རིས་འགྲེམས་སྟོན་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། མཛེས་སྡུག་ལྡན་པའི་ཡུན་ནན·སེམས་ཀྱི་ཉི་ཟླའི་ཆེད་བསྒྲིགས་པར་རིས་འགྲེམས་སྟོན་དེ“སྤྲིན་སྣེ”རུ་གོ་ལ་ཧྲིལ་པོའི་དྲ་གྲོགས་དང་འཕྲད་ཐུབ་པ་བྱུང་ཞིང་། པར་རིས་བརྩམས་ཆོས30ཡིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རི་ཀླུང་དང་གཙང་པོ། མི་རིགས་རིག་གནས་བཅས་མངོན་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ངོ་མཚར་ལྡན་པའི་རྣམ་པ་མཚོན་པར་བྱས་ཡོད།

ཉི་འོད་ཐོག་མར་འཕྲོ་ས་ནི་ཤར་ཕྱོགས་ཀྱི་རྒྱལ་ཐང་ཡིན་ལ། མི་ཡུལ་གྱི་ཆེས་ཁྱད་དུ་འཕགས་པའི་ས་ཆ་ནི་ནན་ཙི་གཙང་འགྲམ་གྱི་སེམས་ཀྱི་ཉི་ཟླ་ཡིན་ཞེས་པ་བཞིན། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་མཚོ་བོད་ས་མཐོའི་འཕྲེད་བཅད་རི་ཡི་དབུས་སུ་གནས་པའི་སེམས་ཀྱི་ཉི་ཟླ་ནི་ཤར་ཕྱོགས་ཀྲུང་གོའི་མེ་ཏོག་ལྡུམ་ར་དང་མི་མང་པོ་ཞིག་གི་སེམས་ཀྱི་ཉི་ཟླ་རེད།

པར་རིས་འགྲེམས་སྟོན་དེ་ནི་ཀྲུང་གོ་དང་ལའོ་ཝུའོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པའི་རིག་གནས་སྤེལ་རེས་ཀྱི་བྱ་འགུལ་རབ་དང་རིམ་པའི་གྲས་ཤིག་ཡིན་ལ། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཡོད། མིག་སྔར་ཀྲུང་གོ་དང་ལའོ་ཝུའོ་དབར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པའི་རིམ་བསྟར་རིག་གནས་སྤེལ་རེས་བྱ་འགུལ་དེ་དྲ་ཚིགས་ཀྱི་དྲ་ངོས་གཙོ་བོ་དང་། ཀྲུང་གོ་གསར་འགྱུར་དྲ་བའི་ཡུན་ནན་དྲ་བ་དང་། ཡུན་ནན་གསར་འགྱུར་དྲ་བའི་སྤྱི་སྟེགས། ཡུན་ནན་གྱི་སྤྱི་སྟེགས་སོགས་རྒྱལ་ཁབ་ཕྱི་ནང་གི་སྟེགས་བུའི་སྟེང་འགྲེམས་སྟོན་བྱས།

ལེགས་འདེམས་བྱས་པའི་པར་རིས་བརྩམས་ཆོས30ཡི་ནང་མི་ལ་སེམས་འགུལ་ཐེབས་པའི“ཉི་འོད་རི་རྩེར་རྒྱག་པ”དང་རྦ་རླབས་ལང་ལོང་དུ་འཕྱུར་བའི་སྟག་མཆོང་འགག་སོགས་ཡོད་པ་མ་ཟད། ཡིད་དུ་འོང་བའི་ཡུན་ནན་གྱི་སྤྲེའུ་སེར་དང་། ཁ་བས་ཡོངས་སུ་གཡོགས་པའི་རྡོ་མཁར་རྫོང་གནའ་གྲོང་། དེ་བཞིན་མི་རིགས་སོ་སོའི་སྤུན་ཟླས་དུས་ཆེན་གྱི་གཟབ་མཆོར་སྤྲས་པའི་རྣམ་པ་དང་། དུས་ཆེན་ལ་རོལ་བའི་དགའ་སྤྲོའི་རྣམ་པ་མཚོན་པའི་པར་རིས་བཅས་འདུས་ཡོད། 

“བདེ་ཆེན་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་དམངས་སྲོལ་ཡག་པ། སྐྱེ་དངོས་སྣ་མང་རང་བཞིན་གནས་དེར་ཕུན་སུམ་ཚོགས་པའི་ངང་མཚོན་ཡོད་པ་དང་། མི་རིགས26འཆམ་མཐུན་མཉམ་གནས་ཀྱིས་ཁྱིམ་ཚང་གཅིག་དང་འདྲ”ཞེས་ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་པའི་པར་ལེན་མཁན་ཚུའེ་ཡུང་ཅང་གིས་དེ་ལྟར་ངོ་སྤྲོད་བྱས། 2017ལོ་ནས2019ལོ་བར་ཁོས་བདེ་ཆེན་དུ་ལས་གཉེར་བྱས་པའི་རིང་བདེ་ཆེན་གྱི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྒྱུན་ཆད་མེད་པར་པར་བླངས་པ་དང་། རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་སྐུལ་འདེད་འོག་བདེ་ཆེན་ལ་གནམ་ས་བརྗེ་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ཚུའེ་ཡུང་ཅང་གིས་དེ་ལྟར་བརྗོད། ཁོས་བདེ་ཆེན་དུ་ལས་གཉེར་བྱེད་སྐབས་སེམས་ཀྱི་ཉི་ཟླ་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ད་དུང་སྐྲུན་བཞིན་པའི་སྒང་ཡིན་ལ། གྲོང་ཚོ་མང་པོའི་འགྲིམ་འགྲུལ་སྔར་བཞིན་སྟབས་བདེ་མིན། ཡིན་ཡང་ད་ལྟ་སེམས་ཀྱི་ཉི་ཟླ་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་མ་ཟད། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཡང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པས། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བསྟན།

གཞན་ཡང་ཚུའེ་ཡུང་ཅང་གིས། ལའོ་ཝུའོ་མང་ཚོགས་ཀྱིས་ཐེངས་འདིའི་སེམས་ཀྱི་ཉི་ཟླའི་ཆེད་དོན་པར་རིས་འགྲེམས་སྟོན་བརྒྱུད་ཡུན་ནན་དང་བདེ་ཆེན་ལ་ཤེས་རྟོགས་སྔར་ལས་མང་པོ་བྱེད་པ་དང་འབྲེལ་ཡུན་ནན་དང་སེམས་ཀྱི་ཉི་ཟླར་དངོས་སུ་ཕེབས་ནས་ཕན་ཚུན་ལ་རྒྱུས་ལོན་གཏིང་ཇེ་ཟབ་ཏུ་བཏང་ནས་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་པའི་རེ་བ་བཅངས་ཡོད་ཅེས་བཤད།

གསར་འགོད་པས་ཤེས་གསལ་ལྟར་ན། ཐེངས་འདིའི་ཀྲུང་གོ་དང་ལའོ་ཝུའོ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པའི་རིག་གནས་སྤེལ་རེས་ཀྱི་བྱ་འགུལ་རབ་དང་རིམ་པའི་ཁྲོད་སྔ་རྗེས་སུ“བློ་སེམས་རྩེ་གཅིག་གིས་ཐུན་མོང་གི་མཛེས་སྡུག་མཉམ་དུ་གཏོད”ཅེས་པའི་ཀྲུང་གོ་དང་ལའོ་ཝུའོ་བརྙན་ཐུང་འཚོལ་བསྡུ་བྱེད་པའི་བྱ་འགུལ་དང་། “རི་ཆུ་སྦྲེལ་བ་དང་དམངས་སེམས་གཅིག་མཐུན”ཞེས་པའི་ཀྲུང་གོ་དང་ལའོ་ཝུའོ་པར་རིས་བརྩམས་ཆོས་འགྲེམས་སྟོན་དང“གཅེས་པར་འོས་པའི་ཀྲུང་གོ”ཞེས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན། སྤྱི་ཕན་བྱ་འགུལ་ལའོ་ཝུའོ་རུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།