ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་མཉམ་བཞུར་གྱི་ལྟེ་གནས་ཁུལ་དང་འཕྲེད་བཅད་རི་རྒྱུད་ལས་ཆགས་པའི་སྐམ་ཚའི་རོང་ཁུལ་དུ་གནས་པས། དེ་ནི་རྒུན་འབྲུམ་སྐྱེས་བར་འོས་ཤིང་འཚམ་པ་མ་ཟད། རྒུན་འབྲུམ་འདེབས་འཛུགས་བྱེད་པའི་གནས་མཆོག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ས་གནས་སྲིད་གཞུང་གིས་འབྲི་ཆུ་དང་རྫ་ཆུའི་རོང་ས་བརྒྱུད་དེ་ཀྲུང་གོའི་སྤུས་ལེགས་ཅན་གྱི“རྒུན་འབྲུམ་ལུང་བ”སྐྲུན་པས་མཐོ་སྒང་གི་རྒུན་འབྲུམ་དེས་ཕྱུག་འགྱུར་གྱི་ལམ་བུ་བསྐྲུན་པ་དང་། ས་གནས་མང་ཚོགས་ཀྱིས་རྒུན་འབྲུམ་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་མངོན་འགྱུར་བྱུང་།
ཐོན་ལས་འཕེལ་རྒྱས་དེ་སྲིད་ཇུས་རྒྱབ་སྐྱོར་དང་ཁ་བྲལ་མི་ཐུབ་ལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ས་གནས་ཁྲལ་དོན་སྡེ་ཁག་གིས་རང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྒུན་འབྲུམ་ར་བ་དང་ཆང་བསྙོམ་ཁེ་ལས། སིལ་འཚོང་ཚོང་རར་བསྐྱོད་དེ“གཅིག་གིས་གཅིག་ལ་ཁ་གཏད་པའི”སྒོ་ནས་ཁྲལ་འབྲེལ་ཟུར་ཁྲིད་ཞབས་ཞུ་བསྒྲུབས་པ་དང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་བདེ་ཆེན་མཐོ་སྒང་གི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས།
ཤེས་གསལ་ལྟར་ན། མིག་སྔར་བདེ་ཆེན་གྱི་རྒུན་འབྲུམ་འདེབས་འཛུགས་དང་ལས་སྣོན་གྱི་ལོ་རེའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10ལ་སླེབས་རྩིས་ཡོད་ཅིང་། ཡུན་ནན་ཞིང་ཆེན་དུ་ཁྲལ་དོན་སྡེ་ཁག་གིས་ཐབས་མང་སྤྱད་དེ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁེ་སྤོགས་དོན་འཁྱོལ་བྱས་པ་དང་། 2021ལོའི་ཟླ1པོ་ནས7པའི་བར་ཁེ་ལས་ཆུང་གྲས་འཕེལ་རྒྱས་ཀྱི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གང་ལེགས་བྱས་ཏེ་ཁྲལ་འཇལ་མཁན་མི་ཁྲི225.27ལ་ཕན་ཐོགས་པ་རེད། །